ཞིང་འབྲོག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་དང་འགོས་ནད་སྔོན་འགོག་གི་ཤེས་བྱའི་བལྟ་དེབ།

ཉེ་ལམ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་ནག་ཆུ་འབྲི་རུ་པ་དཀོན་མཆོག་དོན་གྲུབ་ཀྱིས་བརྩམས་པའི་༼ཞིང་འབྲོག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་དང་འགོས་ནད་སྔོན་འགོག་གི་ཤེས་བྱའི་བལྟ་དེབ་༽ཟེར་བ་ཞིག་པར་སྐྲུན་འགྲེམ་སྤེལ་ཞུས་འདུག དེའི་ནང་བོད་ཀྱི་རི་ཆུ་ནགས་གསུམ་དང་། སྤང་ཐང་ཞིང་གསུམ། འཛུགས་སྐྲུན་གཏེར་སྔོགས། ལུས་ཁམས་འཕྲོད་བསྟེན། ནད་རིམས་སྔོན་འགོག་སོགས་ཐད་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་བདེ་སྲུང་འཕྲོད་སྦྱོར་སྐོར་གྱི་རྒྱུན་ཤེས་མང་པོ་ཞིག་བོད་ལུགས་གསོ་རིག་དང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་གྱིས་ཡིག་ཚོགས་སྐྱུང་བའི་ཚིགས་བཅད་དུ་བསྡེབ་ཏེ་ཁ་གསལ་ལ་གོ་བདེ་བའི་ཐོག་ནས་ངོ་སྤྲོད་གནང་འདུག་པས་རང་རེའི་ཞིང་འབྲོག་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཐད་ཕན་ལ་ཐོགས་ཆེན་པོ་ཡོང་བར་བསམ་ཏེ་ད་ལན་འདིར་འོས་སྦྱོར་དང་སྦྲགས་ནང་ཚན་ཁག་ཅིག་བརྒྱུད་འགོད་ཞུ་གི་ཡིན།
ས་བཅད་དང་པོ། ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱུན་ཤེས།
རང་ཉིད་འཚོ་གནས་ཐུབ་པ་དེ།།ཁོར་ཡུག་དྲིན་ལས་བྱུང་བ་ཡིན།།གནས་ས་མ་ཡུམ་ཁོར་ཡུག་འདི། །གཏོར་སྐྱོན་འབག་བཙོག་མ་གཏོང་ཨང། །བཟའ་བའི་ཟས་དང་བཏུང་བའི་ཆུ། །གྱོན་པའི་གོས་དང་འདུག་སའི་ཁྱིམ། །ཁོར་ཡུག་དྲིན་ལས་བྱུང་བ་ཡིན། །དྲིན་ལན་ལོག་པའི་ལས་མི་བྱ། །རང་ཅག་སྐྱེས་ནས་མ་ཤི་བར། །ཁོར་ཡུག་འདི་ལ་བརྟེན་དགོས་ཡོད། །ཁོར་ཡུག་མེད་ན་གང་དུ་བརྟེན། །དེའི་ཕྱིར་གནོད་པའི་ལས་མི་བྱ། །ཕྱི་ཡི་འབྱུང་ཁམས་ཁོར་ཡུག་ནང། །མི་སོགས་སྐྱེ་འགྲོ་སེམས་ཅན་རྣམས། །ཕ་ཁྱིམ་ལྟ་བུ་འཚོ་གནས་བྱས། །དྲིན་ལན་མ་བརྗེད་ཡིད་ལ་བཟུང། །འབྱུང་ཁམས་འཚེ་བའི་ལས་བྱེད་ལན། །ས་ཡོམ་ཆུ་ལོག་ཐན་སྐྱོན་དང། །ནད་ཡམས་སད་སེར་རླུང་འཚུབ་སོགས། །འབྱུང་དགྲ་ལངས་ནས་གནོད་པ་དེ། །ལོ་རེ་བཞིན་དུ་མང་དུ་མང། །འཁོར་ལོ་ལྟ་བུར་འཁོར་བ་དེ། །རྒྱུ་འབྲས་བསླུ་བ་མེད་པའི་རྟགས །ཞེས་པ་བདག་གཞན་སེམས་ཅན་རྣམས། །འཚོ་གནས་བྱེད་སའི་ཁོར་ཡུག་འདི། །གང་བྱུང་གཏོར་སྐྱོན་མི་གཏོང་བར། །སྲུང་སྐྱོབ་བྱེད་རྒྱུ་ང་ཆོའི་འགན། །ཁོར་ཡུག་འབག་བཙོག་གཏོང་བས་ན། །གནོད་འཚེ་འཛམ་གླིང་ཀུན་ལ་ཡོད། མ་ཡུམ་གོ་ལ་ཧྲིལ་པོ་པ། །ས་བརྐོ་རྡོ་སློག་སྤང་དྲ་བ། །མཚོདང་མཆེའུ་གཙང་ཆུའི་ནང། །གད་སྙིགས་གང་བྱུང་གཡུག་པ་དང། །གང་བྱུང་ཁ་ཕྱོགས་སྒྱུར་བ་དང། །གང་བྱུང་དངོས་པོ་འདོན་པ་སོགས། །བྱས་ན་མཚོ་ཡི་བཅུད་གཡང་ཤོར། །རླངས་འཁོར་ཁ་ལོ་བ་རྣམས་ཀྱིས། །རི་ཀླུང་གང་སར་ལམ་དུ་གཏོད། །དེ་འདྲ་སྤྱོད་ངན་བྱ་མི་རུང་། །སྤྱོད་ངན་བྱེད་ན་ཕྱི་སྣོད་འཇིག །དེང་དུས་ཤེས་མེད་མི་འགའ་ཡིས། །རི་དྭགས་གཅན་གཟན་འཇིགས་སྐྲག་སྐུལ། །གནས་ས་མི་ཡིས་ཧམ་འཕྲོག་བྱེད། །མི་ཡི་རྒྱན་དང་སྨན་གྱི་ཆེད། །གང་བྱུང་དམར་གསོད་གཏོང་བ་སོགས། །བྱས་ན་རྒྱུ་འབྲས་རང་ལ་འཁོར། །དེ་ཕྱིར་སེམས་ཅན་གནོད་མ་སྐྱེལ། །བདེ་སྡུག་འདུ་ཤེས་འདྲ་མཉམ་ཡོད། །སྡུག་བསྔལ་འདོད་པ་སུ་ཞིག་མེད། །བདེ་བ་འདོད་མཁན་ཤ་སྟག་ཡིན། །རང་ལུས་དཔེར་བླང་གཞན་ལ་ལྟོས། །རང་གཞན་སེམས་ཅན་ཐམས་ཅད་ཀུན། །གནས་ཡུལ་ཡིད་འོང་ལྡན་དགོས་ན། །རང་བྱུང་ཁོར་ཡུག་སྲུང་སྐྱོབ་དགོས། །རང་བྱུང་ཁམས་ཞེས་བྱ་བ་ནི། །ཕྱི་སྣོད་འཇིག་རྟེན་ལས་གྲུབ་པའི། །གོ་ལ་ཧྲིལ་པོ་འདི་ལ་ཟེམ །ཁོར་ཡུག་ཅེས་པ་སེམས་ཅན་རྣམས། །གནས་སའི་ཡུལ་ལ་བཤད་པ་ཡིན། །ཆེ་སར་གོ་ལ་ཧྲིལ་པོ་དང་། །འབྲིང་སར་རི་ཀླུང་ཀུན་ལ་བཤད། །ཆུང་སར་འདུག་སའི་ཉེ་འཁོར་ཟེར། །རང་བྱུང་ཁམས་ཞེས་བྱ་བ་ནི། །ཐོག་མར་ཇི་ལྟར་ཆགས་པ་བཞིན། །དེ་ལྟར་གནས་ན་ས་བཅུད་དང། །ཡུལ་བཅུད་ཟས་བཅུད་གནས་པ་ཡིན། །དེ་ཡིས་མི་སོགས་སེམས་ཅན་རྣམས །བདེ་ཐང་རྒྱུན་རིང་འཚོ་གནས་ཐུབ། །དེ་ལས་ལྡོག་པ་གནོད་འཚེ་ཡིས། །ས་བཅུད་ཡུལ་བཅུད་ཟས་བཅུད་སོགས །ཤོར་བས་མི་ཟོག་སེམས་ཅན་རྣམས། །འབྱུང་བའི་གནོད་འཚེ་རྒྱུན་མི་ཆད། །རྒྱུན་རིང་འཚོ་གནས་ཐུབ་པར་དཀའ། །མདོ་དབུས་མཐོ་སྒང་ས་གཞི་འདི། །གོ་ལ་ཧྲིལ་པོའི་སྙིང་པོ་ཡིན། །འཛམ་གླིང་གོ་ལའི་ཀ་བ་ཡིན། །འཛམ་གླིང་རིགས་གཅིག་མཁས་རྣམས་ཀྱིས། །བོད་ཡུལ་མཐོ་སྒང་ཁོར་ཡུག་དང། །སྐམ་གཤེར་ལ་གནས་སྲོག་ཆགས་རིགས། །སྐྱེ་དངོས་ནགས་ཚལ་སྨན་གྱི་རྫས། །མཚོ་དང་མཚེའུ་གཙང་ཆུའི་རྒྱུན། །སྲུང་སྐྱོབ་བྱ་རྒྱུའི་ཐབས་ལམ་ཐད། །སློབ་སྟོན་མང་པོ་འདོན་བཞིན་ཡོད། །ང་ཚོ་གཅིག་པུའི་ཆེད་དུ་མིན། །གོ་ལ་རྒྱུན་རིང་གནས་པའི་ཆེད། །ལྷག་པར་བོད་ཡུལ་མཐོ་སྒང་གི། །སྐྱེ་དངོས་སྨན་རྩྭ་ནགས་ཚལ་བཅས། །རྩ་སྟོང་མི་འགྲོ་སྲུང་སྐྱོབ་ཆེད། །འདེབས་གསོ་བྱ་ཐབས་སྤེལ་བར་བྱེད། །དྭངས་ཤིང་གཙང་བའི་ཁོར་ཡུག་ཁྲོད། །གད་སྙིགས་གང་བྱུང་མི་གཡུག་པ། །མི་ཀུན་ཤེས་རྟོགས་ཐུབ་པར་བྱེད། །རི་དྭགས་གཅན་གཟན་མི་སྟོངས་པ། །སྲུང་སྐྱོབ་བྱེད་རྒྱུའི་ཐབས་ལམ་འདོན། །གཏེར་རིགས་གང་བྱུང་མི་སྔོག་པ། །ཁྲིམས་ལུགས་ཁྲིམས་སྲོལ་བརྩི་སྲུང་ཞུ། །སྨྲ་ཤེས་དོན་གོ་མི་ཡིན་ན། །ཁོར་ཡུག་གཏོར་སྐྱོན་གཏོང་མི་རུང། །གལ་སྲིད་གཏོར་སྐྱོན་བཏང་གྱུར་ན། །འབྱུང་ཁམས་ཉམས་གུད་འགྲོ་བ་ཡིན། །འབྱུང་ཁམས་ཉམས་གུད་སོང་བ་ན། །འབྱུང་བའི་གནོད་འཚེ་རྒྱུན་མི་ཆད། །དེ་ཕྱིར་གནས་སྐབས་དཔལ་འབྱོར་གྱི། །ཁེ་ཕན་ཕྲན་བུ་ཐོབ་རུང་ཡང། །མཐར་ཐུག་འབྲས་བུ་ངན་པ་དེ། །འཁོར་ལོ་ལྟ་བུ་འཁོར་བ་དེས། །སྤྱིར་ན་འཛམ་གླིང་ཡོངས་ལ་གནོད། །སྒོས་སུ་རང་རྒྱལ་ས་ཁུལ་གནོད། །ཡང་སྒོས་གཏོར་སྐྱོན་གཏོང་ཁུལ་གནོད། །ཁྱད་པར་དེར་གནས་མི་རྣམས་ནི། །རྒྱུན་རིང་གནས་སྡོད་བྱེད་པར་དཀའ། །དེ་ཕྱིར་ད་ལྟའི་མི་རབས་དང། །མ་འོངས་པ་ཡི་མི་རབས་རྣམས། །འཚོ་གནས་ཐུབ་ཆེད་ཁོར་ཡུག་འདི། །སྲུང་སྐྱོབ་ནན་པོ་བྱ་དགོས་སོ། །