ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> འབྱུང་ཁཾས
  གསར་འགྱུར་ཀློག་པ།

བོད་ཡུལ་གྱི་ཆུའི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ།

[རྩོམ་པ་པོ:སྐལ་བཟང་འབུམ།  ཡོང་ཁུངས:ངེད་དྲ་བ།  དུས་ཚོད:2013/9/4 22:15:27  བཀླགས་ཐེངས:1145][ཡིག་གཟུགས:ཡིག་གཟུགས་མདོག]
བོད་ཡུལ་གྱི་ཆུའི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོབ།
 
རྩེ་གཞུང་སྐལ་བཟང་འབུམ།
 
ནང་དོན་གནད་བསྡུསདཔྱད་རྩོམ་འདིར་བོད་མདོ་དབུས་མཐོ་སྒང་གི་ཆུ་དང་ཆུའི་ཁོར་ཡུག་ངོ་སྤྲོད་དང་། དེ་ལ་བརྟེན་པའི་སྐྱེ་དངོས་སྣ་ཚོགས ། ད་ལྟ་ཆུ་དང་གཙང་བོ་ལ་འབག་བཙོག་ཐེབས་པ་དང་ཆུའི་རྒྱ་ཁྱོན་ཇེ་ཉུང་དུ་འགྲོ་རྐྱེན ། ཆུ་ལ་སྲུང་སྐྱོབ་བྱ་དགོས་ཚུལ། ད་དུང་རང་ཅག་བོད་མི་རིགས་ཀྱིས་ཆུ་དང་ཆུའི་་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཐབས་གྱི་བསམ་བློའི་འདུ་ཤེས་དང་གོམས་སྲོལ་ཡག་པོ་གང་འདྲ་ཡོད་པ་སོགས་རགས་ཙམ་བྲིས་ཡོད །
 གནད་འགག་མིང་བརྡབོད་མདོ་དབུས་མཐོ་སྒང་།   ཆུ།   ཁོར་ཡུག་སྲུང་སྐྱོབ །
 
 ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་དང་ཚེ་སྲོག་སྐྱོང་བའི་ཉིང་ཁུ་ཞིག་ཡིན་ཏེ ། འཛམ་གླིང་སྟེང་ཐོན་ཁུངས་ཆེས་མང་བ་དང་རྒྱ་ཁྱོན་ཆེས་ཆེ་བ་ནི་ཆུ་ཡིན ། སའི་གོ་ལའི་ངོས་ཀྱི་རྒྱ་ཁྱོན་ཀྱི  70%  ནི་ཆུ་ཡིས་བཀང་ཡོད་པས་སའི་གོ་ལའི་མིང་གཞན་ལ་ཆུ་ཡི་གོ་ལ་ཞེས་ཀྱང་གྲགས་ཡོད །
 སའི་གོ་ལའི་སྟེང་གི་འཁྱག་ཀླུང་དང་རྒྱ་མཚོ ། ཆུ་ཀླུང་དང་མཚོ་མཚེའུ་ནི་ཆུ་ཡིས་གྲུབ་པ་མ་ཟད ། མཁའ་དབུགས་དང་སའི་ནང་དུའང་བརླན་ཆ་མང་པོ་ཞིག་འདུས་ཡོད ། ད་དུང་ཆུ་ནི་མི་སྲོག་ཀུན་གྱི་ལུས་ཕུང་ལ་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན །   ང་ཚོས་ཤེས་གསལ་ལྟར །ཆུ་ནི་གང་ས་ཀུན་ཏུ་ཡོད་ན་འང་རྒྱ་མཚོའི་ཆུ་དང་མཚོ་ཆུ་མང་ཆེ་བ་ནི་ཚྭ་ཆུ་ཡིན་པས་ང་ཚོས་ཐད་ཀར་འཐུང་མི་རུང་ ། དེར་བརྟེན ། ང་ཚོས་ད་ལྟ་འཐུང་བཞིན་པ་ནི་ཚྭ་མེད་ཆུ་ཡིན ། ཚན་རིག་པ་རྣམས་ཀྱིས་བརྟག་དཔྱད་བྱས་པ་ལྟར་ན ། སའི་གོ་ལའི་ངོས་ཀྱི་གསུམ་ཆའི་གཉིས་ནི་ཆུ་ཡིས་བཀང་ཡོད་ནའང་དེའི་ནང 98% ཡི་ཆུ་ནི་ཚྭ་ཆུ་ཡིན་པ་དང་ །  2% ཙམ་གྱི་ཆུ་ནི་ད་ལྟ་ང་ཚོས་ཐད་ཀར་སྤྱོད་ཆོག་པའི་ཚྭ་མེད་ཆུ་འདི་ཡིན་པར་གསུངས་ཡོད །
 ང་ཚོས་འཛམ་གླིང་གི་ས་ཁྲ་ལ་བལྟས་ཚེ ། ཀླད་ངོས་ནི་སའི་གོ་ལའི་བྱང་སྣེ་ས་ཁུལ་ཡིན་པ་དང་ ། དེ་ལ་བྱང་སྣེ་མུ་ཁྱུད་ཀྱང་ཟེར ། གནས་དེ་ནི་དོམ་དཀར་ཀྱི་འཚོ་བ་རོལ་ས་ཡིན། ཞབས་ངོས་ནི་སའི་གོ་ལའི་ལྷོ་སྣེ་ས་ཁུལ་ཡིན་པ་དང་ ། དེ་ལ་ལྷོ་སྣེ་མུ་ཁྱུད་ཀྱང་ཟེར ། གནས་དེ་ནི་བྱ་རྐང་ཐང་ངམ་ངང་བ་རེ་འཆིང་ གི་འཚོ་བ་རོལ་ས་ཡིན། བྱང་སྣེ་དང་ལྷོ་སྣེ་གཉིས་ནི་སའི་གོ་ལའི་ཆེས་མཐའ་སྣེ་གཉིས་ན་ཡོད་པས་གྲང་འཁྱག་གི་ས་ཁུལ་ལ་གཏོགས་པ་ཡིན ། གནས་དེ་ན་ཡོད་པའི་ཆུ་ཐམས་ཅད་དར་འཁྱག་དུ་གྱུར་ནས་འཁྱག་ཀླུང་གི་འཇིག་རྟེན་ཆེན་པོ་ཞིག་གྲུབ་ཡོད་པས་རྩི་ཤིང་གི་རིགས་སྐྱེ་དཀའ་ཞིང་ས་དང་རྡོ་ཡང་མཐོང་དཀའ་བ་ཞིག་ཡིན །
 ཆུ་ནི་གཤེར་གཟུགས་ཡིན་པས་བཞུར་ཆོག་པ་དང་ ། སྲ་གཟུགས་ཡང་ཡིན་ཏེ་ཆུ་འཁྱགས་པར་གྱུར་ན་ཆབ་རོམ་དུ་འགྱུར ། ད་དུང་དབུགས་གཟུགས་ཡང་ཡིན་ཏེ་རླངས་པར་གྱུར་ནས་མཁའ་རུ་འགྲོ་བ་འམ་སྤྲིན་དུ་འགྱུར་བ་ཡིན །
 ད་དུང་འཛམ་གླིང་སྟེང་ཆེས་རིང་བའི་ཆུ་བོ་ཆེན་པོ་གསུམ་ཡོད་དེ ། འཛམ་གླིང་སྟེང་ཆེས་རིང་བའི་ཆུ་བོ་ཆེན་པོ་ཨང་དང་པོ་ནི་ཧྥེ་གླིང་གི་ནི་ལེ་གཙང་པོ  (Nile) དང་ །  ཨང་གཉིས་པ་ནི་མེ་གླིང་ལྷོ་མའི་ཨེ་མ་ཟོན་གཙང་པོ ( Amazon)དང་།  ཨང་གསུམ་པ་ནི་རང་ཅག་ཡ་གླིང་གི་ཆུ་བོ་ཆེན་པོ་བོད་ཀྱི་འབྲི་ཆུ་གཙང་པོ  ( Yangtse)  བཅས་ཡིན །
 དང་པོ།     མདོ་དབུས་མཐོ་སྒང་གི་ཆུ་ཀླུང་དང་མཚོ་མཚེའུ།

 བོད་མདོ་དབུས་མཐོ་སྒང་ནི་རི་བོ་སྟོང་གི་ཡང་རྩེ་དང་ཆུ་བོ་ཁྲི་ཡི་འགོ་ཁུངས་ཡིན་ཞེས་བརྗོད་པ་ཡིན་པས་ཆུ་ཀླུང་ཆེ་ཆུང་དང་།   མཚོ་དང་མཚེའུ །   ཆུ་ཚན་ནམ་ཆུ་ཁོལ་སྣ་ཚོགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་མཆིས །
བོད་ཀྱི་ཆུ་ཀླུང་གྲགས་ཆེ་བ་ལ་ཡར་ཀླུང་གཙང་བོ་དང་།  འབྲི་ཆུ་དང་ །  རྨ་ཆུ ། རྫ་ཆུ ། རྒྱལ་མོ་རྔུལ་ཆུ ། ལྷ་སའི་སྐྱིད་ཆུ ། མྱང་ཆུ ། ཉིང་ཆུ། ཉག་ཆུ ། ངོམ་ཆུ ། ཙོང་ཆུ ། དགུ་ཆུ ། རྩེ་ཆུ ། བསང་ཆུ་སོགས་ཡོད་པ་མ་ཟད ། གངས་རི་ཆེན་པོ་ཏི་སེའི་ཕྱོགས་བཞི་ནས་འབབ་པའི་ཁ་འབབ་ཀྱི་ཆུ་བོ་བཞི་སྟེ །   ཡར་ཀླུང་གཙང་པོའི་ཆུ་མགོ་རྟ་མཆོག་ཁ་འབབ་དང་། ཆུ་བོ་གངྒྰའི་ཆུ་མགོ་རྨ་བྱ་ཁ་འབབ ། ཆུ་བོ་སིན་ངྷུའི་ཆུ་མགོ་གླང་ཆེན་ཁ་འབབ ། ཆུ་བོ་སི་ཏའི་ཆུ་མགོ་སེང་གེ་ཁ་འབབ་བོ །     དེ་ལྟར་འབོད་དོན་ནི་ཆུ་བོ་དེ་བཞི་ཡི་ཆུ་མགོའི་རི་དེ་དག་སྲོག་ཆགས་བཞིའི་ཁ་འདྲ་བ་ནས་འབབ་པས་ན་དེ་ལྟར་བཏགས་སོ །
 བོད་ཡུལ་གྱི་མཚོ་དང་མཚེའུ་ནི་ནམ་མཁའི་སྐར་ཚོགས་ལྟར་རྣམ་པར་བཀྲ་ཞིང་བགྲང་གིས་མི་ལངས་ཏེ ། གནམ་མཚོ་ཕྱུག་མོ་དང་། བཀྲ་རི་གནམ་མཚོ ། གསེར་གླིང་མཚོ ། མཚོ་ཁྲི་ཤོར་རྒྱལ་མོ །   སྟོང་རི་གཡུ་མཚོ ། མཚོ་མ་དྲོས་སམ་མ་ཕམ་གཡུ་མཚོ ། ཡར་འབྲོག་གཡུ་མཚོ ། ལྷ་མོ་བླ་མཚོ །   ཕག་མཚོ །    རོང་པོ་མཚོ །  བེའུ་དུག་མཚོ །  མཚོ་སྐྱ་རེངས །   མཚོ་སྔོ་རེངས །  རྟ་རྫོང་གཡུ་མཚོ །
 ཨ་མྱེས་མཚོ་རྒན་སོགས་མཚོ་སྔོན་པོ་གཡུ་ཡི་མེ་ལོང་འདྲ་བ་མང་པོ་ཡོད ། དེའི་ནང་ནས་མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ནི་ཚྭ་མེད་མཚོ་ཡིན་པ་དང་། མཚོ་སྔོ་རེངས་ནི་མཐོ་སྒང་གི་ཆེས་ཆེ་བའི་ཚྭ་མེད་མཚོ་ཞིག་ཡིན །   ད་དུང་མཚོ་ཁྲི་ཤོར་རྒྱལ་མོ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་ཚྭ་མཚོ་ཡིན་ཞིང་།     གནམ་མཚོ་ཕྱུག་མོ་ནི་བོད་དབུས་གཙང་ས་ཁུལ་གྱི་ཆེས་ཆེ་བའི་ཚྭ་མཚོ་ཞིག་ཡིན །
 ད་དུང་རང་བྱུང་ཆུ་ལུམས་སུ་གྲགས་པའི་ཆུ་ཚན་ནམ་ཆུ་ཁོལ་གྲགས་ཆེ་བ་ལ་བོད་ལྗོངསགཙང་ཁུལ་གྱི་གྲོ་མོ་ཁམ་བུ་ལུང་ངམ་སྨན་བུ་ལུང་ཆུ་ཚན་ཏེ ། ཆུ་ཚན་འདི་ལ་རིགས་མི་འདྲ་བའི་རྫིང་བཅུ་གཉིས་ཡོད །   གཞན་ཡང་མང་ཕུ་ཆུ་ཚན ། རྒྱལ་རྩེའི་སྐྱིད་གུད་ཆུ་ཚན་དང་སྐྱིད་མཁར་ཆུ་ཚན །  དབུས་ཁུལ་གྱི་འབྲི་གུང་གཏེར་སྒྲོམ་ཆུ་ཚན ། མལ་གྲོ་གུང་དཀར་རྫོང་རུ་ཐོག་ཆུ་ཚན ། ལྷོ་ཁ་ས་ཁུལ་གྱི་ཟངས་རིའི་འོལ་ཁ་ཆུ་ཚན ། ཆུ་གསུམ་རྫོང་བསེ་བ་ལུང་ཆུ་ཚན ། ལྷུན་རྩེ་རྫོང་གསེར་ཁུང་ཆུ་ཚན ། མཚོ་སྨད་རྫོང་གྲི་གུ་ཆུ་ཚན ། སི་ཁྲོན་ཁམས་དཀར་མཛེས་ཁུལ་དར་རྩེ་མདོའི་ཟམ་ཁ་གཉིས་པའི་ཆུ་ཚན། མཚོ་སྔོན་རེབ་གོང་ཁུལ་ཡར་ནང་ཆུ་ཁོལ་ལམ་རེབ་གོང་ཆུ་ཁོལ ། རེབ་གོང་བློན་ཆོས་ཆུ་ཁོལ །   ཁྲི་ཀའི་བདེ་སྐྱིད་ཆུ་ཁོལ་སོགས་ནད་བརྒྱ་སྨན་གཅིག་ཏུ་གྲགས་པའི་ཆུ་ཚན་ངོ་མཚར་བ་ཕན་ནུས་བརྗོད་ཀྱིས་མི་ལངས་བ་ཧ་ཅང་མང་པོ་ཞིག་རང་ཅག་བོད་ཡུལ་དུ་ཡོད ། སྤྱིར་ཆུ་ཚན་ནམ་ཆུ་ཁོལ་ཞེས་པ་ནི་བརླན་བཤེར་ཆུ་ཡི་དངོས་པོ་ལ་ཚ་བ་མེ་ཞུགས་པ་ལས་བྱུང་བ་དང་དེའི་གྲུབ་ཆ་གཙོ་བོ་ནི་རྡོ་སོལ་དང་ཅོང་ཞི།  མུ་ཟི།  བྲག་ཞུན་བཅས་ཡིན་ཞིང་སྤྱིར་བཏང་དུ་ཆུ་ཚན་རིགས་ལྔ་རུ་དབྱེའོ།
 གཞན་ཡང་རང་བྱུང་སྨན་ཆུ་གྲགས་ཆེ་བ་ལ་མཚོ་སྔོན་གྱི་སྐུ་འབུམ་གསེར་དཀར་སྨན་ཆུ ། ཟི་ལིང་མཁར་ནུབ་སྨན་ཆུ། རེབ་གོང་ཚོ་བཞིའི་སྨན་ཆུ། གསེར་ཁོག་སྨན་ཆུ་སོགས་ཡོད་དོ།
 རྫ་རི་དང་གངས་རི་གྲགས་ཆེ་བ་ལ་རི་རྒྱུད་ཆེན་པོ་ཧི་མ་ལ་ཡ་དང་རི་བོ་ཁུ་ནུ།  རི་བོ་གདང་ལའི་རི་རྒྱུད། གངས་རི་ཆེན་པོ་ཏི་སེ། ཇོ་མོ་གངས་དཀར། ཉང་སྟོད་ཧ་བོའི་གངས།   འབྲོག་ལ་ཕྱིའི་གངས།  ཙ་རི་ཏྲ།  བསམ་གཏན་གངས་བཟང་།  གཉན་ཆེན་ཐང་ལྷ།  གཉན་པོ་གཡུ་རྩེ། གནས་མཆོག་ཁ་བ་དཀར་པོ། རྨ་ཆེན་གངས་རི། བ་ཡན་ཧ་རི། གངས་དཀར་ཕྱོགས་ལས་རྣམ་རྒྱལ་སོགས་གངས་རི་དཀར་པོ་ཆུ་ཤེལ་གྱི་མཆོད་རྟེན་འདྲ་བ་མང་པོ་ཡོད།   བོད་ཀྱི་གཏམ་དཔེ་ལ་ཆུ་བོར་མགོ་ཡོད་པ་དང་གཙང་བོར་ཁུངས་ཡོད་ཟེར་བ་ལྟར། གངས་རི་དེ་དག་ནི་ཡར་ཀླུང་གཙང་བོ་སོགས་ཁ་འབབ་ཀྱི་ཆུ་བོ་བཞི་དང་རྨ་འབྲི་རྫ་གསུམ།   རྒྱལ་མོ་རྔུལ་ཆུ་སོགས་ཆུ་བོ་ཀུན་གྱི་འགོ་ཁུངས་ཡིན་ནོ།
 གཉིས་པ།   མདོ་དབུས་མཐོ་སྒང་གི་ཆུའི་ཁོར་ཡུག་དང་སྐྱེ་དངོས་སྣ་ཚོགས།

 རི་མཐོ་ཞིང་ས་གཙང་བའི་བོད་ཀྱི་ཡུལ་གྲུ་འདི་རུ་གངས་ཀྱི་རི་བོ་དང་སྐད་གྲགས་ཆེ་བའི་ཆུ་ཆེན་པོ་དང་། མཚོ་དང་མཚེའུ ། ཆུ་ཚན་བགྲང་གིས་མི་ལངས་བ་ཡོད། ཆུ་ལས་སྨུག་པ་དང་སྤྲིན་དཀར ། ཆར་བ ། ཟིལ་བ ། སེར་བ ། ཁ་བ ། བད་སོགས་བྱུང་བ་ཡིན་པས་ཆུ་ནི་རླུང་ཁམས་ཆེན་པོའི་གྲུབ་ཆ་གཙོ་བོ་ཡིན ། ཆུ་ནི་ཚེ་སྲོག་གི་འབྱུང་རྩ་དང་སྐྱེ་འགྲོ་ཡོངས་ཀྱི་ཟུངས་ཁྲག་ལྟ་བུ་ཡིན་ཏེ། རང་བྱུང་ཁམས་ཀྱི་རྩི་ཤིང་ནགས་ཚལ་དང་རི་དྭགས་གཅན་གཟན་སོགས་སྐྱེ་དངོས་གང་ཞིག་ཡིན་ནའང་ཆུ་མེད་ན་འཚོ་ཐབས་མེད་ལ་གསོན་ཐབས་བྲལ་བ་ཡིན། ང་ཚོ་མི་རྣམས་ཀྱིས་ཟ་མ་མ་ཟོས་ཀྱང་ཉིན་མང་པོར་འཚོ་ཐུབ་མོད།   འོན་ཀྱང་ཆུ་མ་བཏུངས་ན་ཉིན་ཁ་ཤས་ཙམ་ལའང་འཚོ་མི་ཐུབ་པར་ཤི་འགྲོ་བ་ཡིན །
 ང་ཚོ་མི་རྣམས་ཀྱིས་ཆུ་ལ་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་དེ ། དཔེར་ན །  སྡོང་འཛུགས་ནགས་སྐྲུན་བྱེད་པ །  ཕྱུགས་ལས་འཚོ་སྐྱོང་བྱེད་པ །  ཞིང་ལས་འབྲུ་རིགས་འདེབས་པ།  ཉ་གསོ་བ། རྣོ་ལྕགས་བཞུ་བཟོ་བྱེད་པ ། ཆུ་གློག་འཛུགས་པ །  བཟོ་ལས་འཛུགས་སྐྲུན་བྱེད་པ ། ཤོག་བུ་བཟོ་བ །  ཐ་ན་ཁྱིམ་ཚང་གི་ཟས་གཡོ་སྐོལ་དང་།   ཁ་ངོ་འཁྲུད་པ །  གོན་པ་འཁྲུད་པ །   ལུས་རྩལ་སྦྱོང་བརྡར་བྱེད་པ་སོགས་ལའང་ཆུ་ནི་མེད་དུ་མི་རུང་ཞིག་ཡིན་ནོ །
 མདོ་དབུས་མཐོ་སྒང་གི་ཆུའི་ཁོར་ཡུག་ཏུ་འཚོ་བཞིན་པའི་སྐྱེ་དངོས་ཧ་ཅང་མང་པོ་ཞིག་ཡོད་དེ། དཔེར་ན ། ཤིང་སྡོང་དང་འབྲས་ཤིང་གི་རིགས ། རྩི་ཏོག་དང་སྨན་རྩྭའི་རིགས་སོགས་ཆུ་མེད་པར་ལང་ཚོའི་ལྗང་མྱུག་འབུས་མི་ཐུབ་ལ ། གངས་སྦལ་དང་སྦལ་བ། ཆུ་སྦྲུལ།  ཉ་ཕྱིས།   མགྲོན་བུ། རྩངས་པ་སོགས་སྐམ་ཆུ་གཉིས་གནས་དང་ལྟོ་འགྲོ་སྲོག་ཆགས་ཀྱི་རིགས ། ཕག་རིའི་ཉ་དང་གཙང་ཉ། མཚོ་སྔོན་པོའི་གསེར་ཉ་སོགས་ནི་ཐད་ཀར་ཆུ་རུ་གནས་པ་འམ་ཆུ་དང་འབྲལ་མི་རུང་ ། གཞན་ཡང་བོད་ཡུལ་གྱི་ཆུ་ཀླུང་ཆེ་ཆུང་དང་མཚོ་ཆེ་ཆུང་གི་ཁོ་ར་ཁོར་ཡུག་ཏུ་བག་ཡངས་སུ་རྩེན་པའི་འདབ་ཆགས་བྱ་ཡི་རིགས་ལ་ཁྲུང་ཁྲུང་སྐེ་ནག་དང་ཆུ་སྐྱར་ཆེན་མོ ། ངང་ཁྲུང་མགོ་ཁྲ ། སོ་བྱ་སོགས་བྱའི་ཁ་གྲངས་ཁྲི་ཕྲག་མང་པོ་ལ་སླེབས་ཡོད་པའི་རྩ་བ་ནི་ཆུ་ལ་ཐུག་ཡོད་ཅིང་ཆུ་མེད་ན་སྐྱེ་དངོས་དེ་དག་གཅིག་ཀྱང་མ་ལུས་པར་འཚོ་ཐབས་མེད་པས་ཆུ་ཡི་རིན་ཐང་ནི་བླ་ན་མེད་པ་ཞིག་་ཡིན་པ་ཚང་མས་ཤེས་དགོས་སོ །  །
 གསུམ་པ།   ཆུ་ལ་སྦགས་གཙོག་ཐེབས་པ་དང་ཆུ་ཇེ་ཉུང་དུ་འགྲོ་བས་རྒྱུ་རྐྱེན།

 སྤྱིར་མདོ་དབུས་མཐོ་སྒང་ལ་ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡོད་ན་ཡང་ད་ལྟ་རིམ་པ་བཞིན་ཁོར་ཡུག་གི་གནས་ཚུལ་ཇེ་སྡུག་ཏུ་སོང་ནས་གཙང་བོའི་ཡན་ལག་གི་འབབ་རྒྱུན་ཇེ་ཉུང་དུ་འགྲོ་བ ། ཆུ་རྒྱུན་ཆད་པ ། མཚོ་དང་མཚེའུ་སྐམ་པ ། མྱ་ངམ་ཐང་མང་བ ། ཆུ་ལ་སྦགས་བཙོག་ཐེབས་པ་སོགས་ཉིན་རེ་ནས་ཉིན་རེར་ཚབས་ཆེན་དུ་སོང་ཡོད །
 1. ཆུ་ལ་སྦགས་བཙོག་ཐེབས་པ་དང་ཆུ་ཇེ་ཉུང་དུ་འགྲོ་བའི་རྒྱུ་མཚན་གང་ལ་ཐུག་ཡོད་ཅེ་ན། གཅིག་ནས་ང་ཚོ་མིའི་རིགས་ཀྱིས་ས་རྐོ་བ་དང་ ། རྡོ་སློག་པ ། ཤིང་སྡོང་གཅོད་པ ། གཏེར་ཁ་སྔོག་པ་སོགས་ཚུལ་མིན་གྱི་ལས་རིགས་སྣ་ཚོགས་བྱས་དྲག་པས་སའི་གོ་ལའི་ས་ཆུའི་བཅུད་ཤོར་ནས་ཆུའི་འཁོར་སྐྱོད་ལ་གནོད་པ་ཐེབས་པས་ཡིན། གཉིས་ནས་བཟོ་གྲྭ་ཆེ་ཆུང་གི་བཟོ་ལས་བྱེད་པའི་ཁྲོད་དུ་གྲུབ་ཆ་རྙོག་འཛིང་ཅན་གྱི་བཙོག་ཆུ་དང་དུག་ཅན་གྱི་ཆུ་སྣ་ཚོགས་ཀྱིས་ཆུ་གཙང་མར་འབག་བཙོག་ཐེབས་པས་ཡིན། གསུམ་ནས་ཞིང་ལས་ས་ཁུལ་གྱི་ལུད་རྫས་དང་སྨན་རྫས་སྣ་ཚོགས་ཆུ་དང་འདྲེས་ནས་ཞིང་ས་དང་། ས་ངོས ། ས་འོག་བརྒྱུད་དེ་ཆུ་ལ་གནོད་པ་ཐེབས་པས་ཡིན། བཞི་ནས་ཁྱིམ་ཚང་གི་འཚོ་བའི་ཁྲོད་བཀོལ་སྤྱོད་བྱས་ཟིན་པའི་ཆུ་མི་གཙང་བ་སྣ་ཚོགས་ཡོད་པས་དེ་དག་གིས་ཀྱང་ཆུའི་ཁོར་ཡུག་ལ་གནོད་པ་ཆེན་པོ་ཐེབས་བཞིན་ཡོད། ལྔ་ནས་གྲོང་ཁྱེར་དང་ ། བཟོ་གྲྭ ། ཁྱིམ་ཚང་གིས་བེད་སྤྱོད་བྱས་ཟིན་པ་དང་མི་མཁོ་བའི་སྙིགས་རྫས། ཁྱིམ་ཕྱགས་མང་པོ་ཡོད་པས་དེ་དག་གང་འདོད་ཀྱིས་ཆུ་རུ་དབྱུག་པ་དང་ཆུའི་ནང་དུ་འཕངས་ནའང་ཆུ་ལ་གནོད་པ་ཚབས་ཆེན་ཐེབས་ངེས་ཡིན། དྲུག་ནས་གཏེར་ཁ་སྔོག་པ་དང་ནགས་ཚལ་གཅོད་པ་སོགས་རང་བྱུང་ཁམས་གྱི་རི་བྲག་ལ་གནོད་པ་བྱས་བས་ཡུལ་ལུང་མང་པོར་ཆར་བ་ཆེན་པོ་འབབ་པ་དང་ཆུ་ལོག་ཆེན་པོ་བྱུང་ནས་ས་རྡོ་སོགས་ཐད་ཀར་ཆུ་ནང་དུ་ཁྱེར་ནས་ཆུའི་ཁོར་ཡུག་གི་དྭངས་གཙང་ལ་གནོད་པ་ཐེབས་ཡོད། བདུན་ནས་མཁའ་རླུང་ནང་དུའང་མི་གཙང་བའི་སྙིགས་རྫས་སྣ་ཚོགས་ཡོད་པས་དེ་དག་ཐད་ཀར་ཆུ་ནང་དུ་འབབ་པ་འམ་ཡང་ན་ཁ་བ་དང་ཆར་ཆུ་ལ་འདྲེས་ནས་ཆུ་ནང་དུ་བབས་ན་ཆུ་དང་དེའི་ཁོར་ཡུག་ལ་གནོད་པ་ཆེན་པོ་ཐེབས་ཡོད་དོ།
 2.ཆུ་མི་གཙང་བ་འཐུང་ན་མི་ལུས་ལ་གནོད་པ་ཆེན་པོ་ཡོད། ཆུ་ལ་འབག་བཙོག་ཐེབས་ནས་གཙང་མ་མིན་ན་རྩི་ཤིང་དང་སྲོག་ཆགས་ལ་གནོད་འཚེ་ཆེན་པོ་ཡོང་བ་ནི་སྨོས་མ་དགོས་བ་ཞིག་ཡིན། ལྷག་པར་དུ་ང་ཚོ་མིའི་རིགས་ལ་མཚོན་ནས་བཤད་ན། མི་སུ་ཞིག་ཡིན་ནའང་ཆུ་ལ་བཙོག་བཟོ་མི་བྱེད་པར་ཆུ་དྭངས་མོ་འཐུང་རྒྱུ་དང་ཆུ་གཙང་མ་འཐུང་རྒྱུ་ཧ་ཅང་གལ་ཆེ་བ་ཡིན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བརྟག་བཤེར་བྱས་པ་ལྟར་ན། འཛམ་གླིང་སྟེང  80% ཡི་ནད་རིགས་དང 50% ཡི་བྱིས་པའི་ཤི་རྐྱེན་ནི་གཙོ་བོ་ཆུ་ལ་བཙོག་བཟོ་བྱས་པ་ལས་བྱུང་བ་ཡིན་ཟེར །   དེར་བརྟེན །   ཆུ་དྭངས་མོ་དང་ཆུ་གཙང་མ་མ་འཐུང་ན་ཕོ་བ་དང་རྒྱུ་མའི་ནད །  འགོས་ནད །  པགས་ནད །  གཅིན་སྙི་ཟ་ཁུའི་ནད །  སྐྲན་ནད ། མཁྲིས་རྡོའི་ནད་སོགས་འབྱུང་ལ་ལྷག་པར་དུ་མཆིན་ནད་དང་ཕོ་བའི་ནད་འབྱུང་བ་ཆེས་མང་བར་བཤད་ཡོད།
 བཞི་བ། ཆུའི་ཕན་ཡོན་དང་སྲུང་སྐྱོབ་བྱ་ཚུལ།

 ཆུ་ནི་རང་བྱུང་ཁམས་ཆེན་པོའི་ཟུངས་ཁྲག་གི་དྭངས་མ་དང་དབུགས་ལྡན་སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན ། འོ་ན་ང་ཚོས་དེ་ལ་སྲུང་སྐྱོབ་ཇི་ལྟར་བྱ་དགོས་ཞེ་ན། གཅིག་ནས་ཆུ་ནི་རིན་པོ་ཆེ་ཞིག་ཡིན་པ་དང་ ། ཆུ་དང་མིའི་ཚེ་སྲོག ། ཆུ་དང་སྐྱེ་དངོས་ཐམས་ཅད་བར་ཀྱི་འབྲེལ་བ ། ཆུའི་ཕན་ཡོན་གང་འདྲ་ཡིན་པ་སོགས་ཤེས་སུ་བཅུག་ནས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་ཆུའི་ཐོན་ཁུངས་ལ་གཅེས་འཛིན་བྱ་བའི་བསམ་བློའི་འདུ་ཤེས་ཡག་པོ་ཡོད་དགོས། གཉིས་ནས་རང་རྒྱལ་གྱི་ཁྲིམས་ལུགས་ལ་སློབ་སྦྱོང་བྱས་ནས་ཆུ་ལ་སྲུང་སྐྱོབ་བྱེད་པ་དང་ ། སྲིད་གཞུང་དང་མི་སྒེར་གྱི་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་ཆུའི་འགོ་ཁུངས་ལ་སྡོང་འཛུགས་ནགས་སྐྲུན་བྱེད་པ་དང་ཕྱུགས་འཚོ་སྐྱོང་བྱེད་པ་ཇེ་ཉུང་དུ་གཏོང་བ་སོགས་ཀྱི་ལས་ལ་བརྩོན་འགྲུས་ཆེན་པོ་བྱེད་དགོས། གསུམ་ནས་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཆུ་གྲོན་ཆུང་བྱེད་པ་དང་ ། བཞུར་ཆུ་དང་ཁྲོན་པ ། མཚོ་དང་མཚེའུའི་ནང་དུ་ལུས་ཕུང་དང་གྱོན་ཆས་མི་འཁྲུད་པ ། གད་སྙིགས་གང་སར་མི་འབོ་བ། ས་རྐོ་རྡོ་སློག་མི་བྱེད་པ ། ཆུ་བོའི་བཞུར་རྒྱུད་དུ་གཏེར་ཁ་སྔོག་པ་དང་ཤིང་སྡོང་མི་གཅོད་པར་སྲུང་སྐྱོབ་གང་ལེགས་བྱེད་དགོས། བཞི་ནས་ཞིང་ལས་ཐད་ལུད་རྫས་དང་སྨན་རྫས་ཚད་ལྡན་བཀོལ་བ་དང་སྨན་རྫས་ཀྱི་གྲངས་ཚད་ཚན་རིག་དང་མཐུན་པ། བཟོ་གྲྭའི་འཕྲུལ་ཆས་ཆེས་བཟང་བ་དང་ལག་རྩལ་ཆེས་མཐོ་བའི་སྒོ་ནས་ཐོན་རྫས་གཙང་མ་བཟོ་བ། ཆུ་དང་ཆུའི་ཁོར་ཡུག་ལ་གནོད་པ་ཆེ་བའི་བཟོ་གྲྭ་དང་ཁེ་ལས་མི་འཛུགས་པ་སོགས་བྱེད་དགོས།
 ལྔ་བ།   བོད་ཀྱི་རིག་གནས་གོམས་སྲོལ་དང་ཆུ་ཡི་སྲུང་སྐྱོབ །

 རང་རེའི་བོད་ཀྱི་མེས་པོ་རྣམས་ཀྱིས་ཆུ་ནི་ཚེ་སྲོག་གི་རྟེན་གཞི་དང་རང་བྱུང་ཁམས་ཆེན་པོའི་ ཟུངས་ཁྲག་གི་དྭངས་མ་ཡིན་པར་ཤེས་ཏེ ། དེ་ལ་གནོད་པ་མི་གཏོང་བར་གཅེས་སྲུང་ཡག་པོ་བྱེད་པའི་ཡ་རབས་ཀྱི་གོམས་སྲོལ་ལེགས་པོ་ཤིག་ཡོད་དེ། བོད་ཀྱི་དམངས་གླུ་དང་ཁ་དཔེ་ལ ། ཆུ་དྭངས་མོ་ལྷ་ཡི་མཆོད་པ་ཞེས་པ་དང་ །  ལྷ་ཆབ་སྔོན་མོ ། བདུད་རྩིའི་ཆབ་རྒྱུན ། ཕ་ཨ་ཁུ་གངས་རི་དཀར་པོ ། ཆུ་ནི་ལྷ་ལྷ་མོས་གནང་བའི་བདུད་རྩི་ཡིན་ཞེས་བརྩི་འཇོག་དང་སྲུང་སྐྱོབ་ལེགས་པོ་བྱེད་ལ། གཙང་པོ་ཆེ་ཆུང་དང་། མཚོ་དང་མཚེའུ །ཆུ་དང་ཆུ་མིག་ནི་ཀླུ་གནས་དང་ཀླུའི་ཕོ་བྲང་དུ་བརྩི་ཞིང་། ཆུ་སྐྱེས་སྲོག་ཆགས་གྲངས་མེད་ཀྱི་འཚོ་གནས་ཡིན་པས་དེའི་ནང་ལ་དུག་དང་གད་སྙིགས་སོགས་མི་འཕོ་བ་དང་།   མི་གཙང་བའི་རིགས་མི་འཁྲུད་པ།   ལྷག་པར་དུ་དམར་ཁྲག་དང་གཅིན་སྐྱག་འདོར་མི་རུང་བའི་གོམས་སྲོལ་ཧ་ཅང་ཡག་པོ་ཡོད ། ད་དུང་ཆུ་མགོ་རྙོག་ན་མར་ཁུས་གསོ་དགོས་དང་། ཆུ་གཙང་མོ་རྙོག་ན་ཀླུ་མི་དགའ་ཟེར་བ་སོགས་ཆུ་གཙང་པོ་ལ་གནོད་པ་མི་གཏོང་བར་རྒྱུན་དུ་ཀླུ་རིགས་ལ་བསྟུན་ཤེས་དང་བཀུར་ཤེས་བྱས་ནས་མཚོ་རྫིང་དང་ཆུ་མིག་ལ་ཀླུ་སྨན་འདེབས་དང་། ཀླུ་གཏོར་འཕེན་པ ། ཀླུ་བསང་གཏོང་བ །  ཆུའི་ནང་ལ་སྐུ་པར་རྒྱག་པ་སོགས་ཁོར་ཡུག་གཅེས་སུ་འཛིན་པའི་སྲོལ་བཟང་དེ་མི་རབས་ནས་མི་རབས་བར་སྤེལ་ཞིང་གནོད་པའི་ལས་མི་བྱེད་དོ ། ། 
  གཤམ་དུ་རྩྭ་ཆུའི་མཛེས་བ་མཚོན་བྱེད་ཀྱི་བོད་གླུ་གཉིས་ཡོད་དེ།
    (1)                    (2)
 རྫ་ཁྲ་ཡག་དཀྱིལ་གྱི་འབྲོང་མོ་སྐྱིད །།             སྟོད་གན་ན་རི་ཆེན་སྨུག་པ་ཅན །།
 རྩྭ་རྩི་ཏོག་མེད་ན་ཇི་ལྟར་སྐྱིད །།                  རི་སྨུག་པ་ཅན་ན་རི་དྭགས་འཁོར །།
 རྩྭ་རྩི་ཏོག་ཕ་མའི་ཕ་མ་རེད །།                    འདི་རི་དྭགས་འཁོར་ན་གཞི་བདག་དགའ།།
 ཆུ་རྒྱ་མཚོའི་གཏིང་གི་ཉ་མོ་སྐྱིད །།                བར་གན་ན་མཚོ་མོ་རླངས་པ་ཅན །།
 ཆུ་དྭངས་མོ་མེད་ན་ཇི་ལྟར་སྐྱིད །།                མཚོ་རླངས་པ་ཅན་ལ་ཉ་སྲམ་འཁོར །།
 ཆུ་དྭངས་མོ་ཕ་མའི་ཕ་མ་རེད །།                  འདི་ཉ་སྲམ་འཁོར་ན་ཀླུ་རྒྱལ་དགའ །།
 ན་བདེ་མོ་ཐང་གི་རྐྱང་ཕྲུག་སྐྱིད །།            སྨད་འདི་ན་དཔོན་པོ་བྱམས་སེམས་ཅན།།
 རྩྭ་ལྗང་བུ་མེད་ཇི་ལྟར་སྐྱིད །།                  དཔོན་བྱམས་སེམས་ཅན་ལ་འབངས་མི་འཁོར།།
 རྩྭ་ལྗང་བུ་ཕ་མའི་ཕ་མ་རེད །།                 འདི་འབངས་མི་འཁོར་ན་དཔོན་པོ་དགའ །།
 
 དཔྱད་གཞིའི་ཡིག་ཆ།
 [1]ཐུབ་བསྟན་ཆོས་ཀྱི་གྲགས་པས་བརྩམས་པའི་སྤྱོད་འཇུག་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་འབུམ་བཟང་། [M]པེ་ཅིན ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ ། 1990 .7 པར་གཞི་དང་པོ །
 [2]ཟླ་བ་ཚེ་རིང་དང་བསྟན་འཛིན་རྣམ་རྒྱལ་གཉིས་ནས་བརྩམས་པའི་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ ། [M]པེ་ཅིན ། མི་རིགས་དཔེ་སྐྲུན་ཁང་ །  2004.11 པར་གཞི་དང་པོ །
 [3] དཔའ་རིས་བསོ་ནམས་ཚེ་རིང་གིས་བརྩམས་པའི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་པདྨ་དཀར་པོའི་ཆུན་པོ ། [M]ལན་གྲུ །  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ ། 2006.6 པར་གཞི་དང་པོ །
 [4]周鸿编著,人类生态学[M].北京:高等教育出版社.2001.7 第一版
 [5]刘峰贵等编著,人类环境学[M].北京:地质出版社.2004.4第一版
 [6]《小学生环境保护手册》编写组编,小学生环境保护手册[M].北京:中国环境科学出版社.2001.7第一版
དཔྱད་རྩོམ་གྱི་རྒྱ་ཡིག་ཁ་བྱང་། 藏区水环境与文化保护
·གསར་འགྱུར་གོང་མ:མི་ཆོས་བསྟན་བཅོས་པར་འགྲེམ་ཞུས་པ།
·གསར་འགྱུར་འོག་མ:ལོ་ཙཱ་རིག་པའི་ཤེས་བྱ་གནད་བསྡུས་ཞེས་བྱ་བ།༡
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·རྒྱལ་ཁམས་བདེ་བའི་ཐུགས་བསྐྱེད་སྨོན་ལམ་ཞེས་བྱ་བ་བཞུགས།། 2015/6/16 17:55:12
·ནགས་ཚལ་སྐོར་གྱི་རྒྱུན་ཤེས། 2015/5/30 14:58:03
·བོད་ཀྱི་སྲོལ་རྒྱུན་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ། 2015/3/25 11:52:21
·སྣོད་བཅུད་ཁོར་ཡུག་སྐོར་གྱི་གདམས་ངག། 2015/3/17 11:24:51
·ཁོར་ཡུག་སྲུང་སྐྱོབ་བྱིས་པའི་རྩེད་མོ་མིན། 2015/1/27 12:14:29
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 14:32:02 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 18:40:33 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 4:15:21 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 43 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS