དགེ་རྒན་གྱི་བྲན་གཤིས་མཁྲེགས་གཏོར་བྱ་དགོས།
སོན་གསར།
མི་རིགས་ཤིག་ལ་ཆ་མཚོན་ནས་བཤད་ན། དགེ་རྒན་ནི་མི་རིགས་དེ་རྨོངས་གཉིད་ལས་སློང་བའི་ཤེས་རབ་ཀྱི་ཕོ་ཉ་ཡིན་པས། ཤེས་རིག་གི་འོད་སྣང་ལ་བརྟེན་ནས་མི་རིགས་དེའི་རྙིང་ཞེན་གྱི་འདུ་ཤེས་དང་རྗེས་ལུས་ཀྱི་ངོ་བོ། བག་འཁུམ་གྱི་འདུན་མ་སོགས་མུན་ནག་གི་བྱེད་པོ་ཡོད་ཚད་མཐར་སྐྲོད་བྱ་དགོས། སྤྱི་ཚོགས་ཤིག་ལ་ཆ་མཚོན་ནས་བཤད་ན། དགེ་རྒན་ནི་དུས་རབས་ཀྱི་སྔོན་དུ་བསྐྱོད་པའི་ལམ་སྟོན་གྱི་སྲིད་སྒྲོན་དེ་ཡིན་པས། སྔོན་དཔག་གི་ནུས་པར་བརྟེན་ནས་སྤྱི་ཚོགས་དེར་འཕེལ་རྒྱས་དང་འགྱུར་ལྡོག་གི་སྐྱ་རེངས་གཏོང་དགོས། རྒྱལ་ཁབ་ཅིག་ལ་ཆ་མཚོན་ནས་བཤད་ན། དགེ་རྒན་ནི་འཇོན་ལྡན་མི་སྣའི་ཆུ་གཏེར་བསྐྱེད་པའི་འཛད་མེད་ཀྱི་ཐོན་ཁུངས་ཉག་གཅིག་ཡིན་པས། གསར་སྐྲུན་གྱི་བློ་གྲོས་ལ་བརྟེན་ནས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་མི་རབས་གསར་བ་བསྐྱེད་དགོས། མིའི་རིགས་ ལ་ཆ་མཚོན་ནས་བཤད་ན། དགེ་རྒན་ནི་བསམ་བློའི་བཟོ་བཀོད་ཀྱི་ཤིང་རྟའི་མཁན་པོ་དེ་ཡིན་པས། གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཐུན་མིན་གྱི་འགྲོ་བ་མིའི་རིགས་གསར་བཞེངས་བྱ་དགོས། འདི་ནི་དུས་ཀྱི་རྒྱལ་མོས་སྤྲད་པའི་དགེ་རྒན་ཚོའི་བླ་མེད་ཀྱི་འགན་འཁྲི་དེ་ཡིན་པར་མ་ཟད། སེམས་ཀྱི་འདུན་མའི་ཕུ་རུ་ཉར་དགོས་པའི་ཉམས་མེད་རྡོ་རིང་ལྟ་བུའི་ཚད་གཞི་ངོ་མ་དེའང་ཡིན།
འོན་ཀྱང་ད་ལྟའི་དགེ་རྒན་མང་ཆེ་བར། འགན་འཁུར་གྱི་འདུ་ཤེས་མེད་པར་བྲན་གཤིས་ཆེ་ཞིང་བག་འཁུམ་པ་དང༌། དཔྱོད་ཤེས་མེད་པར་ཟེར་རྗེས་འབྲངས་པ། ལྷག་བསམ་ཆུང་ཞིང་ཕྲག་དོག་བྱེད་པ། ཐོལ་བརྒལ་གྱི་སྙིང་སྟོབས་ཞན་པ། བརྩོན་འགྲུས་ཉམས་ཤིང་མཐོ་སྙེག་གི་འདུན་པ་མེད་པ། ཐོས་བསམ་ཆུང་ཞིང་དཀྱེལ་ཡངས་མེད་པ། ཚུལ་མཐུན་དང་ཞི་དུལ་ཉམས་པ་སོགས་མཐོང་མི་འདོད་པའི་སྣང་ཚུལ་གང་མང་བྱུང་དང་འབྱུང་བཞིན་ཡོད་པས། འདིར་ཆེད་དུ་དགེ་རྒན་གྱི་བྲན་གཤིས་མཁྲེགས་གཏོར་བྱ་དགོས་པའི་སྐོར་གྱི་བགྲོ་གླེང་འདི་སྤེལ་བ་ཡིན།
“བྲན་གཤིས”ཟེར་བ་ནི་རང་རྒྱུད་དུ་ཆགས་པའི་གཡོག་འབངས་ཀྱི་འདུ་ཤེས་ཏེ། རང་སྟོབས་མངོན་འགྱུར་གྱི་བློ་སྤོབས་ཉམས་ཤིང་གཞན་རྟེན་གྱི་འདུན་མ་དང་བཅས་ཟེར་རྗེས་འབྲངས་པའི་བསམ་སྤྱོད་མཐའ་དག་ཡིན་པས། ལས་དོན་གང་ཞིག་ལམ་འགྲོ་ཡོང་མིན་གྱི་གནད་འགག་ནི་མིའི་གཤིས་སྤྱོད་ཀྱི་ཀློང་དུ་བྲན་གཤིས་ཡོད་མེད་ལ་རག་ལས། མི་རིགས་གང་ཞིག་འཕེལ་རྒྱས་འགྲོ་དགོས་ན། མི་རིགས་ཧྲིལ་བོའི་འདུ་ཤེས་ནང་བྲན་གཡོག་གི་འདུ་ཤེས་གཏན་ནས་ཡོད་མི་རུང་བ་ལ། བྲན་གཡོག་གི་འདུ་ཤེས་ཆགས་པའི་མི་དང་མི་རིགས་གང་ཞིག་ཡིན་རུང་དེས་རང་གི་འདུན་མར་གནས་པའི་དམིགས་ཡུལ་དེ་ནམ་ཡང་མངོན་འགྱུར་བྱེད་དཀའ་ཞིང༌། གཞན་དབང་གིས་ཁ་ལོ་བསྒྱུར་བའི་སྐྱ་ཐིག་ལྟར་འགྲོ་དགོས་པས། རང་ཉིད་ཀྱི་རང་དབང་གི་འདོད་འདུན་དེ་གཞར་ཡང་འགྲུབ་དཀའ་བའི་ཕྱིར།
མིག་སྔའི་སྤྱི་ཚོགས་ཀྱི་གནས་བབ་ལ་དཔེ་མཚོན་ནས་བཤད་ན། མི་རྣམས་ཀྱི་བསམ་བློ་དང་འདུ་ཤེས་ནང༌། གོ་ས་སྟེ་དཔོན་གནས་འཐོབ་རྒྱུ་ནི་དམིགས་འབེན་མཐར་ཐུག་དང་མི་ཚེའི་འཚོལ་སྙེག་གི་རེ་འདུན་ཉག་གཅིག་ཏུ་གྱུར་བར་བརྟེན། སུ་ཞིག་གིས་སྤྱི་ཚོགས་གོ་གནས་མཐོ་བ་དང༌། ཆབ་སྲིད་དབང་ཆ་བཙན་པ་ཞིག་ལོན་ཐུབ་པ་བྱུང་ཚེ། དེས་ནི་བསམ་དོན་གྱི་རི་མོ་འགྲུབ་པའི་དན་རྟགས་སུ་གྲུབ་ཡོད། དེར་བརྟེན་སྒལ་ཚིགས་མེད་པའི་སྤྱི་ཚོགས་ཀྱི་མི་རྣམས་དཔོན་པོ་ཚོའི་དྲུང་དུ་ཉེ་བཅར་དང་དཔུང་གཉེན་གྲོགས་གསུམ་བྱེད་པའི་འདུ་འགོད་ལ་བྲེལ་ཞིང༌། ད་དུང་ལག་ཏུ་ལྗིད་ཏིག་ཏིག་དང་བདོག་ཆེ་ཆེ། གོང་མཐོ་མཐོའི་ནོམ་པ་རྩ་ཆེན་དག་བཟུང་སྟེ། གང་དེའི་སྒོ་དྲུང་དུ་མགོ་སྒུར་སྒུར་དང་འཛུམ་དམུལ་དམུལ། ཉྭ་ལྷེམ་ལྷེམ་སོགས་མི་གཞི་བོར་བའི་སྤྲེལ་ལད་སྣ་ཚོགས་སྟོན་བཞིན། རང་ཉིད་ལའང་འོས་འཚམས་ཀྱི་གོ་གནས་ཤིག“བརྩོན་ལེན”བྱེད། གལ་ཏེ་རང་ཉིད་ཀྱི་ མིང་གི་ཐོག་ཏུ་ཡང་བསྐྱར་མིང་གསར་བ“长”ཡིག་ཅིག་སྣོན་ཐུབ་པ་བྱུང་ཚེ། དེ་ནི་དགེ་བའི་བཤེས་གཉེན་དང་འབུམ་རམས་པའི་ཐོབ་ཐང་བླངས་པ་ལས་ཀྱང་ལྷག་པའི་སྤྲོ་དགས་མྱོས་ཤིང་ངོམ་སོ་བྱེད་པར་མ་ཟད། སྤྱི་ཚོགས་ཡོངས་ཀྱི་མི་རྣམས་ཀྱིས་ཀྱང“ངར་བ་རེད”སོགས་གཟེངས་སུ་བསྟོད་པའི་སྨོན་ཚིག་སྣ་ཚོགས་བོར། ངོ་ཚ་བྲལ་བའི་རུལ་སུངས་ཀྱི་བྱ་བྱེད་འདི་དག་གིས་སྤྱི་ཚོགས་ཀྱི་ངོ་བོ་དེ་དྲང་བདེན་མེད་པའི་འབག་བཙོག་ཏུ་ཇི་ལྟར་བསྒྱུར་ནའང༌། གཡག་ལྟོགས་རྩྭ་ལ་རྔམ་པ་ལྟ་བུའི་མི་རྣམས་ཀྱིས་ད་དུང་དེའི་སྐྱི་གཡའ་བའི་བྱ་བྱེད་ལ་ཟབ་ཞུགས་དང་ཡིད་སྨོན་བྱེད། ཡིན་ཡང་དམངས་གཙོ་དང་འདྲ་མཉམ། དྲང་བདེན་སོགས་ལ་སྙིང་ཉེ་བའི་མི་རྣམས་ཀྱིས་སྐྱུག་བྲོ་བའི་སྤྱི་ཚོགས་སྣང་ཚུལ་འདི་མིག་གིས་མཐོང་ཞིང༌། རྣ་ཡིས་ཐོས་ལ། སེམས་ཀྱིས་ཚོར་ནས་ནི། རབ་དཀར་ཤོག་བུ་འཐབ་ར་དང༌། རྣོ་ཕྲའི་སྨྱུ་གུ་མཚོན་ཆ། བདེན་པའི་སྙིང་སྟོབས་འཐབ་གྲོགས་སུ་བསྡེབས་ཏེ་རུལ་ སུངས་ཀྱི་དགྲ་དཔུང་དང་འཐབ་མོ་སྦྲོན་བཞིན་ཉེན་བརྡ་རབ་དང་རིམ་པ་བརྒྱབ་ནའང༌། ད་ལྟའི་སྤྱི་ཚོགས་ཀྱི་ལས་རིགས་ཀུན་གྱི་རྔམ་མཐུག་པ་དང༌། དཔུང་བཙན་པ། སྟོབས་ཆེ་བའི་དབང་ཆ་དང་མཁའ་དབུགས་འདིའི་འོག་ནས་བདེན་པའི་གནས་ལུགས་ཐམས་ཅད་རྣ་རྒྱབ་ཀྱི་ལྷགས་པ་རུ་བསྒྱུར་འགྲོ་ལ། ད་དུང་ཁོ་ཚོའི་མིག་ལམ་དུ། དྲང་བདེན་སྐྱོང་བའི་མི་དེ་དག་ནི“ གླེན་པ་ཁ་ནག”དང “འབྲེལ་འདྲིས”མི་ཤེས་པའི་སྤྱི་ཚོགས་ཀྱི་མི་ལྷག་མ། ཁོ་རང་ཚོའི་མིག་གི་ཚེར་མ་བཅས་སུ་མཐོང་ཡོད་སྟབས། དྲང་བདེན་བཤད་པ་དེ་དག་ལས་དགོད་བྲོ་བའི་མི་ཞིག་ཡོད་མི་སྲིད་པར་འདོད་ཡོད། དེ་ལྟ་ནའང༌། བདེན་པའི་གནས་ལུགས་ཀྱིས་མི་སུ་དང་མི་རིགས་གང་ཞིག་ཡིན་ཡང་དེའི་རྒྱུད་ན་བྲན་གཤིས་ཡོད་པ་ཞིག་ཡིན་ཚེ། དེ་དག་ལ་རེ་བ་དང་མདུན་ལམ་མེད་པའི་སྡོམ་ཚིག་སྔ་མོ་ནས་བཀོད་ཡོད་པས། ཤེས་ལྡན་པ་ཚོས་མི་རྣམས་སད་རྟོགས་བྱ་དགོས་པའི་འབོད་སྐུལ་གྱི་ཅོང་བརྡ་ཡང་དང་བསྐྱར་དུ་གཏོང་བཞིན་མཆིས། འོན་ཀྱང༌། ད་ལྟ་བདེན་ལུགས་ལ་ཁ་ཡ་དང་འདྲ་མཉམ་ལ་སྣང་དོགས་མི་བྱེད་པ་ནི་སྤྱི་ཚོགས་འདིའི་གོམས་གཤིས་སུ་གྲུབ་ནས་རྒྱུན་སྲོལ་དུ་ཆགས་འདུག
སྤྱི་ཚོགས་ལ་ཆགས་ཟིན་པའི་བྲན་གཡོག་གི་འདུ་ཤེས་སམ་བྲན་གཤིས་དེ། ད་ལྟ་མ་འོངས་པའི་མི་རིགས་ཀྱི་རེ་བ་བཅོལ་སའི་སློབ་གྲྭའི་ནང་སུམ་འཛུལ་བྱས་ཏེ། དགེ་རྒན་ཚོའི་རྒྱུད་དུའང་ཆགས་ཟིན་པས། དེ་ནི་ཆེས་སྐྱི་གཡའ་བ་དང་འཇིགས་ཡེར་བ། ཡ་ང་བའི་དོན་དག་ཅིག་ཡིན་པ་སུས་ཀྱང་མཐོང་མེད་པ་འདྲ། སྤྱིར་དགེ་རྒན་གྱི་བྱ་བ་ནི་སྐད་བརྡའི་རྨོན་ལས་དང་སྤྱོད་ལམ་གྱི་སོན་འདེབས༌། རྔུལ་ཆུའི་ཡུར་ཆུ། ཟུངས་ཁྲག་གི་གསོ་སྐྱོང་སོགས་བླ་མེད་ཀྱི་ངལ་རྩོལ་ཞིག་ཡིན་མོད་ཀྱང༌། ད་ལྟ་ཆབ་སྲིད་ཀྱི་ལྒང་བུ་དང་དཔལ་འབྱོར་གྱི་ལག་རྡོ། དབང་འོག་གི་རྐང་གྲུག་སོགས་རྩེད་ཆས་ཉག་གཅིག་ཏུ་གྱུར་ཡོད་པ་དེ་གང་ནས་ནོངས་སམ། སྤྱི་ཚོགས་དང་མི་རིགས་ལ་མཁོ་བ་ནི་འཇོན་ལྡན་མི་སྣ་ཡིན་ཞིང༌། འཇོན་མི་རྣམས་དགེ་རྒན་ཚོའི་བློ་གྲོས་ཀྱི་རྩལ་དང་ངལ་རྩོལ་གྱི་འབྲས་བུ་ལས་ཐོན་པ་ཡིན་པས། ཆབ་སྲིད་དང་དཔལ་འབྱོར། དབང་ཆ་དང་གོ་གནས་སོགས་ཀྱིས་གང་ལའང་མི་སེམས་པར་སློབ་གྲྭའི་སློབ་གསོ་ལ་ཐེ་གཏོགས་བྱེད་ཅིང༌། དགེ་རྒན་གྱི་བསམ་སྤྱོད་ལ་དབང་བསྒྱུར་བྱས་ཏེ། བྱ་བརྒྱ་འབབ་ས་རྡང་གཅིག་དང་མི་བརྒྱ་བཞུད་ས་ལམ་གཅིག་ཏུ་བཏང་ཡོད་པས། “མི་སུམ་ཅུར་བསམ་པ་སུམ་ཅུ་དང་མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་”ཟེར་བའི་ཐུན་མིན་གྱི་འཇོན་ལྡན་མི་སྣ་ཞིག་ཇི་ལྟར་གསར་བཞེངས་བྱའམ།
དགེ་རྒན་གྱི་བྱ་བ་སྟེ། སློབ་གསོ་དང་སློབ་ཁྲིད་ཀྱི་ངལ་རྩོལ་ནི་གནམ་འོག་ན་བསྒྲུན་དུ་མེད་པའི་ཞབས་ཞུའི་ལས་རིགས་ཤིག་ཡིན་ཡང༌། ད་ལྟ་དེ་ལས་ལྡོག་སྟེ་སྲིད་འབྱོར་དབང་གསུམ་གྱི་ཀྱོ་བ་རྣོན་པོའི་འོག་གི་ཉ་མོ་དང་འདྲ་བར་ག་སར་གཅུ་བཞིན་ཚད་བཀག་དང་རང་དབང་མེད་པ་ཞིག་བྱས་ཡོད་བས། དགེ་རྒན་ཚོའི་སེམས་ཁོང་གི་དྲང་བདེན་དང་འདྲ་མཉམ་གྱི་བདེན་ལུགས་སོགས་ཀྱང་ཁ་ཕྱོགས་གཞན་ཞིག་ཏུ་འགྱུར་འགོ་བརྩམས།
ད་ལོའི་རང་རྫོང་གི་སློབ་གཙོའི་འགྲན་རྩོད་ཀྱི་རྒྱུགས་ལེན་ཁྲོད། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད(རྩ་འཛུགས་དང་མི་དོན། སློབ་གསོ་སོགས་ལས་ཁུངས་ཀྱི་འགོ་ཁྲིད་ཡང་ཡོད)ཀྱིས། སློབ་གཙོ་ཚོའི་ལག་ཏུ་རྒྱུགས་ཤོག་འཇོག་ལ་ཉེ་བའི་བར་སྐབས་དང་བསྟུན་ནས་ཇི་སྐད་དུ། “ཐེངས་འདིའི་འགྲན་རྩོད་ནི་ཁྱེད་རང་ཚོའི‘དཀར་ཡོལ’དང་འབྲེལ་བ་གཏན་ནས་མེད་པས། ཕན་ཚུན་ལ་རྐུ་བལྟ་བྱེད་པ་དང་གསང་བརྡ་སྟོན་པ། བརྡ་འཕྲིན་བསྐུར་བ་སོགས་མི་བྱེད་པར་མཁྱེན། དེ་ལྟར་བྱས་ཚེ། ཁྱེད་རང་ཚོས་རང་གི་དེ་ཉིད་བསྟན་སོང་བས། རྗེས་ཕྱོགས་ཀྱི་དགེ་སློབ་མང་པོར་ཁ་ཇི་ལྟར་ཕྱོགས། འགོ་ཇི་ལྟར་འཁྲིད…”སོགས་མང་པོ་གླེང་མཐར་རྒྱུགས་ལེན་འགོ་བརྩམས། ཐོག་མར་རྒྱུགས་ཁང་ནང་ཁུ་སུམ་མེར་གྱུར་བས། སྨྱུ་གུ་རྣམས་ཤོག་བུར་འཕྲད་པའི་སོ་སྒྲ་མ་གཏོགས་ཅི་ཡང་མི་ཐོས་ལ། ཅུང་ཙམ་ནས་གསང་བརྡ་སྟོན་པའི་ཤུ་སྒྲ་དང༌། དེ་ནས་ཤོག་བུ་འཕེན་པའི་སུར་སྒྲ། མཇུག་མཐར་གོམ་སྟབས་བསྒྱུར་བའི་ཐྲིག་སྒྲ་སོགས་རིམ་པར་གྲག་བྱུང༌། ཕྱི་དྲོ་རྒྱུགས་སྐར་བཀྲམས་པ་ན། རྒྱུགས་ཁང་གཉིས་པ་དེ་ནི་འདུ་འཛི་ཆེ་བའི་གཞུང་ཁང་ཞིག་དང་འདྲ་བའི་སྐད་ཆ་འདྲ་མིན་སྣ་ཚོགས་རླུང་ལྟར་གྲགས་བྱུང་བས། ཕྲན་ཆུང་གི་ཁ་ནས་རང་དབང་མེད་པར“ཨ་ཙི”ཡི་སྒྲ་ཤོར་བྱུང༌།
སློབ་གཙོ་ནི་སློབ་གྲྭའི་སྒེའུ་ཁུང་དང་མིག་ལྟ་བུ་ཡིན་ལ། སློབ་གཙོ་ཅི་འདྲ་ཞིག་ཡོད་ན་སློབ་གྲྭ་དེ་འདྲ་ཞིག་ཡོད་ཟེར་བས། ད་ལྟའི་སློབ་གཙོ་འདི་དག་གིས་མ་འོངས་པའི་སློབ་གྲྭ་རུ་སློབ་གསོ་གང་འདྲ་ཞིག་བསྒྲུབ་རྒྱུ་ཡིན་ནམ། ཁོ་རང་ཚོའི་སེམས་རྒྱུད་དུ་ཆགས་ཡོད་པ་ནི་གོང་གི་སྤྱི་ཚོགས་ཀྱི་བྲན་གཤིས་དེ་ཡིན་སྟབས། དཔོན་པོ་ཚོའི་སྒོ་དྲུང་དུ་མགོ་སྒུར་སྒུར་དང་འཛུམ་དམུལ་དམུལ། ཉྭ་ལྷེམ་ལྷེམ་སོགས་བྱེད་རྒྱུ་ནི་ལས་སླ་བོ་ཡིན་ཞིང༌། ད་དུང་ལག་སྟོང་མཆན་དུ་བཙིར་ནས་མི་འགྲོ་བའང་མཁྱེན་གསལ་ཡིན། འདི་དག་གི་དམིགས་ཡུལ་མཐར་གཏུགས་ནས་བཤད་ན། ཁོ་རང་ཚོ་འགོ་ཁྲིད་བྱེད་སྙིང་མེད་པར་དཔོན་པོ་བྱེད་འདོད་ཀྱི་བསམ་བློ་ཡོད་པར་བརྟེན། རང་གཤིས་བོར་བའི་སྤྲེལ་ལད་ངོ་མཚར་ཅན་འདི་དག་བསྟན་པ་རེད། སློབ་གཙོ་རྣམས་ཀྱི་བསམ་སྤྱོད་འདིས་དག་གཙང་གི་སློབ་གྲྭའི་ཁོར་ཡུག་རྣམས་ཉེ་བར་བཟུང་པར་བརྟེན། སློབ་གྲྭའི་དགེ་རྒན་ཚོའི་སེམས་རྒྱུད་དུའང་བྲན་གཤིས་ཀྱི་འདུ་ཤེས་དང་བག་ཆགས་དེས་ཁྱབ་པར་བྱས་སོང༌།
“དགེ་རྒན་གྱི་བཟོ་ལྟ་དང་བྱ་བའི་སྤྱོད་ཚུལ། གཏམ་གླེང༌། གོམས་གཤིས་བཟང་པོ་སོགས་ཚང་མ་ནི་དགེ་རྒན་གྱི་སྤུས་ཚད་ལེགས་པོ་དེ་ཕྱི་ནས་མངོན་པའི་ཚུལ་ཞིག་ཡིན་ལ། དུས་མཚུངས་སུ་སློབ་མར་སྤུས་ཚད་ལེགས་པོ་ཆགས་པར་བག་ཆགས་སྟེར་བའི་སྒུལ་ཤུགས་ཀྱང་ཡིན”① འོན་ཀྱང་ད་ལྟའི་སློབ་གྲྭ་རུ། དགེ་རྒན་ཚོའི་བཟོ་ལྟ་དང་བྱ་བའི་སྤྱོད་ཚུལ། གཏམ་གླེང་དང་གོམས་གཤིས་སོགས་ཡོད་ཚད་འགྱུར་ཏེ། སློབ་མ་ལ་རང་དཔེ་ངན་པ་སྟོན་བཞིན་མཆིས། དཔེར་ན། དགེ་རྒན་ཚོས་སློབ་མར་རྒྱུགས་ལ་ལྐོགས་བལྟ་བྱེད་པ་ནི་མ་རབས་ཀྱི་བྱ་སྤྱོད་ཡིན་པར་བཤད་ཀྱང༌། ཁོ་རང་ཚོས་སློབ་གནས་ཇེ་མཐོར་གཏོང་བའི་རྒྱུགས་ལེན་སྐབས། རྐུས་ཤོག་ཨམ་ཕྲག་གང་རེ་ཁྱེར་ཏེ། རྐང་འཇབ་ལག་འཇམ་དང་འོག་ མིག་ལིང་ལིང་གིས་ཅི་ཞིག་མ་ལོན་དང་གང་ཞིག་མ་མཐོང་བར་ཡོད་པའི་བྱ་སྤྱོད་དེ་ཇི་ལྟར་བཤད་དམ། ཡང་ཁོ་རང་ཚོས། སློབ་མ་བཟང་བོས་གཞན་གྱི་རྩོམ་ཡིག་བཤུ་འབྲི་མི་བྱེད་པ་ཡིན་ཟེར་མོད་ཀྱང༌། དགེ་རྒན་རང་ཉིད་ཀྱི་ལས་ཐོབ་བརྩོན་ལེན་གྱི་རྩོམ་ཡིག་སྤེལ་སྐབས་སུ། གཞན་རྩོམ་མཐའ་དག་བདག་གིར་བཟུང་ཞིང་ཡིན་མདོག་བྱེད་བཞིན་པའི་གཤིས་སྤྱོད་དེར་ཅི་ཞིག་བཤད་དམ། གཞན་ད་དུང༌། སློབ་ཁྲིད་དངོས་ཀྱི་སྐབས་སུའང༌། ཁྲིད་ཟིན་དང་གྲ་སྒྲིག་གང་ལའང་དགེ་རྒན་རང་ཉིད་ཀྱིས་ཀླད་པ་འགུལ་ནས་འབྲི་བའི་སྲོལ་མི་འདུག་སྟེ། “ཚུར་ལེན་རིང་ལུགས”ཀྱི་རྣམ་ཐར་སྐྱོང་བཞིན་ཡོད་ཚད་དྲ་ཚིགས་ནས་ནང་འདྲེན་བྱེད་པ། སློབ་གསོ་དང་སློབ་ཁྲིད་ཀྱི་བྱ་བར་འགན་འཁུར་གྱི་འདུ་ཤེས་མེད་པར་ཉི་མ་འཁྱོལ་ཐབས་བྱེད་པ། འགྲན་རྩོད་སྣ་ཚོགས་ལ་ཞུགས་པར་བག་འཁུམ་ཞིང་སྤོབས་པ་དང་རང་རྟོན་མེད་པ། ད་ལྟའི་སློབ་བུ་ཚོའི་རྒྱུད་དུ་གསར་གཏོད་མཁན་དང་ཚན་རིག་པ། རྩོམ་མཁན་དང་སྒྱུ་རྩལ་པ། ཁྲིམས་རྩོད་པ་དང་སྨན་པ། བཟོ་བཀོད་པ་དང་གསར་སྐྲུན་མཁན་སོགས་ཀྱི་ཉེར་ལེན་གྱི་རྒྱུས་ཁྱབ་ཡོད་པ་ལ་དཔྱོད་ཤེས་མེད་པར་གང་འདོད་བྱེད་པ། སློབ་གསོའི་གཞུང་ལུགས་དང་ལག་ལེན་ལ་བརྩོན་འགྲུས་ཉམས་ཤིང་མཐོ་སྙེག་གི་འདུན་པ་མེད་པར་ཟེར་རྗེས་འབྲངས་པ། གཞན་ཕན་གྱི་ལྷག་བསམ་ཆུང་ཞིང་གཞན་གྱི་སློབ་གསོའི་གྲུབ་འབྲས་ལ་ཕྲག་དོག་བྱེད་པ། ཐོལ་བརྒལ་གྱི་སྙིང་སྟོབས་མེད་པར་ལས་དབང་ལ་མགོ་སྒུར་བ། ཞིབ་ཕྲའི་བྱ་བ་ཀུན་ལ་ཐོས་བསམ་ཆུང་ཞིང་སློབ་མར་དཀྱེལ་ཡངས་མེད་པ། སོགས་མཐོང་མི་འདོད་པའིསྣང་ཚུལ་གང་མང་བྱུང་དང་འབྱུང་བཞིན་ཡོད་པས། སུའུ་ཧོམ་ལིན་སི་ཅིས“བྱིསཔ་ཞིག་སློབ་གྲྭའི་སྒོ་ཆེན་འགྲིམས་ནས་ཁྱེད་ཀྱི་སློབ་མར་གྱུར་བའི་སྐབས་ཉིད་ན། ཁོས་ཁྱོད་ལ་ཡིད་རྟོན་ཚད་མེད་བྱེད་པས། ཁྱོད་ཀྱི་སྐད་ཆ་རེ་རེ་ཚང་མ་ཁོར་མཚོན་ན་ཆེས་བླ་ན་མེད་པའི་བདེན་དོན་ཉིད་ཡིན། ཁོས་བལྟས་ན་ཁྱོད་ནི་བློ་གྲོས་དང་བློ་རིག ཀུན་སྤྱོད་བཅས་ཀྱི་དཔེ་མཚོན་ཡིན…”②ཞེས་གསུངས་མྱོང་མོད་ཀྱང༌། ད་ལྟའི་དགེ་རྒན་ཚོས…
དེའི་ཕྱིར། དགེ་རྒན་རང་སྟེང་གི་གཟུགས་སྣང་དེས་སློབ་མའི་འཕེལ་རྒྱས་ལ་ཕྱིའི་དཔེ་སྟོན་དང་ནང་གི་འགུག་ཤུགས་ཆེན་པོ་བསྐྱེད་པའི་ཕྱིར་ན། དགེ་རྒན་ཚོས་སློབ་མ་ཚོའི་གཉོམ་དུང་དུང་གི་སེམས་ཁམས་གྲངས་མེད་ལ་རྨ་ཁ་གྲངས་མེད་བཟོས་ཡོད་པས། བྱིས་པའི་ནར་མ་སོན་པའི་སེམས་པ་གྲངས་མེད་དེ་ཇི་ལྟར་གསོ་ཞིང་གང་ལྟར་སྐྱོང་ངམ། དེ་སྔོན་རྒན་བྱང་སྐར་ལགས་ཀྱིས་འཆད་ཁྲིད་གནང་བའི“ ང་ཚོས་མི་བུ་ཅི་ལྟ་བུ་ཞིག་སྐྱེད་སྲིང་བྱ་དགོས”ཞེས་པའི་ཁ་བྱང་ལ་ཡང་བསྐྱར་བསམ་གཞིག་བྱེད་རྒྱུར་དགོས་པ་ཆེན་པོ་འདུག་སྙམ།
“མའི་ཚེ་སྲོག་ནི་བསམ་པའི་འགུལ་སྐྱོད་རེ་རེ་ནས་གྲུབ་ཅིང༌། ཚེ་སྲོག་གི་ངོ་བོ་ནི་སེམས་ཁམས་ཀྱི་སྟེང་ནས་མངོན་པ་རེད། མི་ཞིག་གི་རིན་ཐང་ཡང་ཁོའི་སེམས་ཁམས་ཀྱི་འགུལ་སྐྱོད་རྨང་གཞི་བྱས་པའི་སྟེང་ཆགས་པའི་ནུས་ཤུགས་དང་སེམས་རྒྱ་ཆེ་ཆུང་གིས་ཐག་གཅོད་བྱེད་པ་ཡིན”③ཟེར། དེ་ནི་སུའུ་ཧོམ་ལིན་སི་ཅིས“མི་ནི་བསམ་པའི་ནུས་ཤུགས་ཡིན”④ཞེས་གསུངས་པ་དེ་བཞིན་ནོ། །
བདེ་ཐང་གི་ལྟ་བའི་ཐོག་ནས་བཤད་ནའང༌། མི་གཤིས་བདེ་ཐང་ཡོང་རྒྱུ་ནི་གཙོ་བོ་ཡིན་ཏེ། “བདེ་ཐང་གི་སེམས་ཁམས་ལྡན་པའི་མི་ནི་ད་གཟོད་བདེ་ཐང་གི་མི་དངོས་ཡིན”⑤ ལུས་རྩལ་འགྲན་བསྡུར་ལ་ཁྲིད་སྟོན་བྱེད་མཁན་གྱི་མི་མང་ཆེ་བས། ལུས་རྩལ་པའི་སེམས་ཁམས་ལ་གཙིགས་ཆེན་བྱེད་པ་རེད། ལུས་ཤུགས་དང་རྩལ་ནུས་ཀྱིས་ཨང་དང་པོའི་ཁྲི་སྟེགས་ཀྱི་20%ཟིན་ལ། སེམས་ཁམས་ཀྱི་འགྲན་སློང་གིས་དེའི་80%ཡན་ཟིན་པ་རེད། དེ་བས་མིའི་སེམས་ཁམས་ཀྱི་ཁྲོད་དུ་རང་རྟོན་དང་ཡིད་ཆེས་མེད་པར་བྲན་གཤིས་དང་བག་འཁུམ་གྱི་བསམ་བློ་ཡོད་ཚེ། འགྲན་རྩོད་རྒོད་པའི་སྤྱི་ཚོགས་འདིར་རྐང་ཚུགས་མི་ཐུབ་པ་ཚང་མས་ཤེས་གསལ་རེད།
དེ་བས། གཤིས་སྤྱོད་ནི་ལས་དབང་གི་གཡོར་གྲུ་ལ་ཁ་ལོ་བསྒྱུར་བའི་དེད་དཔོན་ཡིན་ཞིང༌། མིའི་གཤིས་སྤྱོད་ཀྱི་ཀློང་དུ་བྲན་གཡོག་གི་འདུ་ཤེས་ཡོད་ཚེ། མི་དེའི་རིགས་ནི་ལས་ངན་གྱི་གྲས་སུ་གཏོགས་ཤིང༌། མདུན་ལམ་མེད་པར་མ་ཟད། ནམ་ཡང་རང་སྟོབས་རང་སྤེལ་དང༌། རང་དབང་རང་བདག་གི་བློ་སྤོབས་ཉམས་ཏེ་གཞན་རྟེན་གྱི་སྲིན་བུ་ལྟ་བུར་འགྱུར་སྲིད། དེར་བརྟེན། དགེ་རྒན་ཚོའི་རྒྱུད་དུ་ཆགས་ཟིན་པའི་བྲན་གཤིས་དེ་མཁྲེགས་གཏོར་བྱེད་མ་ཐུབ་ཚེ། མེས་རྒྱལ་དང་མི་རིགས་ཀྱི་མ་འོངས་པའི་བདག་པོ་རྣམས་ལའང་བྲན་གཤིས་ཆགས་པར་འགྱུར་བས། དེའི་རྗེས་སུ་བསྟར་ཕྲེང་བསྒྲིགས་པའི་མི་རབས་རྗེས་མ་རྣམས་ཀྱིས་ཀྱང་ལས་དབང་ལ་ཡིད་ཆེས་དང་ལས་དབང་ལ་མགོ་སྒུར་ནས། ལས་དབང་གི་བྲན་དུ་གྱུར་ཏེ། སྤོབས་པ་དང་རང་རྟོན་གྱིས་ཁེངས་པའི་མི་རབས་གསར་བ་ཞིག་འབྱུང་མི་ཐུབ་པ་ཁོ་ཐག་ཡིན།
དེ་བས་བྲན་གཤིས་ནི་གསར་སྐྲུན་དང་མདུན་སྐྱོད། འདྲ་མཉམ་དང་འཕེལ་རྒྱས་སོགས་ཀྱི་འགལ་རྐྱེན་དུ་གྱུར་བའི་བཀག་རྡོ་ཉག་གཅིག་ཏུ་གྱུར་ཡོད་པས། དགེ་རྒན་ལ་བྲག་གཡོག་གི་འདུ་ཤེས་དང་བྲན་གཡོག་གི་གཤིས་སྤྱོད་ཅིག་གཏན་ནས་ཡོད་མི་རུང་སྟེ། གལ་ཏེ་དགེ་རྒན་ཚོའི་རྒྱུད་ལ་བྲན་གཤིས་ཆགས་པ་ཡིན་ན། དེས་སློབ་མ་ཚོའི་དག་གཙང་གི་གཤིས་རྒྱུད་དུའང་མིའི་ཀུན་སྤྱོད་ལས་ལོག་པའི་གོང་གི་བག་ཆགས་ངན་པ་དག་འཇོག་སྲིད་པས། མ་འོངས་མི་རབས་ཤིག་གི་རྒྱུད་ཀྱི་གཤིན་ས་རུ་བྲན་གཤིས་ཀྱི་ཡུག་སོན་བཏབ་སྟེ། རང་དབང་དང་འདྲ་མཉམ། དྲང་བདེན་དང་དམངས་གཙོ་སོགས་ཀྱི་ལོ་ལེགས་འབྱུང་བའི་སྐབས་མི་སྟེར་ལ། ཐ་ན“མཐོང་ན་འཇིགས་པའི་བདེན་པ་གཅེར་བུ”རྣམས་ཀྱང་རྡོག་པའི་འོག་ཏུ་བཅུག་སྟེ་འཕེལ་རྒྱས་དང་མདུན་སྐྱོད་ཀྱི་བཞུད་ལམ་དེ་ཡང་ཇེ་བས་ཇེ་དོག་ཏུ་བསྒྱུར་སྲིད།
སོན་གསར་ནས།
༢༠༠༩ལོའི་ཟླ༧པའི་ཚེས༡༧ལ།
མཆན། ①②③④⑤《སློབ་གསོའི་འདུ་ཤེས་འཕོ་འགྱུར་དང་གསར་བརྗེ》ཞེས་པའི་ཤོག་ངོས་149དང་134། 138ན་གསལ།