ཀིརྟི་དགོན་ནས་དམངས་གཙོའི་འཛིན་སྐྱོང་འབྱུང་བར་སྨོན།
འོད་ནག
གཅིག ཨ་ཁུ་སྒོ་ཤེར་དང་ཤེས་འགན་ལྷན་ཚོགས་ཀྱི་གནད་དོན་ཐད་ལ། དྲྭ་ལམ་སོགས་ན་དོ་སྣང་དང་གླེང་སློང་ཤུགས་ཆེ་ཙམ་བྱ་ཡི་འདུག་མོད། མང་ཕྱོགས་ཀྱི་གླེང་གཞི་བསྡུས་ན་གནད་གཉིས་སུ་འདུ་སྟེ། གླེང་ཕྱོགས་གཅིག་གིས་ཤེས་འགན་ལྷན་ཚོགས་ལ་སྡིགས་དམོད་གཏོང་བཞིན་འདུག་ལ། ཡང་གླེང་ཕྱོགས་གཅིག་གིས་ཨ་ཁུ་སྒོ་ཤེར་ལ་སྡིགས་དམོད་གཏོང་བཞིན་འདུག གལ་ཏེ་ཐེངས་འདིར། ཁོ་བོས་གང་ཞིག་ལ་སྡིགས་དམོད་ཅིག་གཏོང་དགོས་ཚེ། དེ་ནི་ཨ་ཁུ་སྒོ་ཤེར་དང་ཤེས་འགན་ལྷན་ཚོགས་གཉིས་མ་ཡིན་པར། ཉེ་རིང་ཆགས་སྡང་གི་སྡིགས་དམོད་ཙམ་ལས། ཅི་དང་གང་ཡང་མི་ཤོད་པའི་གླེང་ཕྱོགས་ཀྱི་རིགས་དེ་གཉིས་ལ་སྡིགས་དམོད་བྱ་ངེས། ཁོ་བོས་བསམ་ན། ང་ཚོའི་ཡ་ང་བའི་གནད་དོན་ཡང་བར་འདི་ཞིག་ན་ཡོད་པར་སྙམ་སྟེ། གནད་འགག་གི་སྐབས་འདི་འདྲར་ཡང་། ང་ཚོས་ཁ་ལ་ཞི་འགྲིག་དང་དམངས་གཙོ་སོགས་ཁྱེར་ནས། དོན་ལ་ཉེ་རིང་ཆགས་སྡང་གི་སྡིགས་དམོད་སྣ་ཚོགས་ཀྱིས་དཀྲུག་ཤིང་འཕེན་པ་ལས། ཞི་འགྲིག་དང་དམངས་གཙོ་ཡོང་བའི་ཐབས་ཙམ་ཡང་མི་ཤོད་པ་ནི། ད་གཟོད་ང་ཚོའི་ཡ་ང་བའི་གནད་དོན་རེད་བསམ།
གཉིས། རྒྱུན་དུ་འདི་འདྲའི་སྣང་ཚུལ་ཞིག་ཡོང་བཞིན་འདུག་སྟེ། སུ་ཞིག་གིས་སྒྲིག་དང་ཁྲིམས་སོགས་ལ་བསམ་འཆར་གྱི་གླེང་སློང་ཙམ་བྱས་ཙ་ན། ཁ་ཅིག་གིས་སྒྲིག་དང་ཁྲིམས་ནི་མིའི་སྤྱི་ཚོགས་ལ་མེད་དུ་མི་རུང་བ་ཞིག་ཡིན་ཚུལ་སོགས་བཤད་དེ། ཧ་ཅང་ཤེས་མདོག་བསྟན་ཡོང་། ཐེངས་འདིར་ཡང་འདིའི་སྐོར་བཤད་མཁན་འགའ་རེ་འདུག སྤྱི་ཕྱོགས་ནས་བཤད་ན། སྒྲིག་དང་ཁྲིམས་ནི་མེད་དུ་མི་རུང་བ་ཞིག་ཡིན་པ་དེ། གཞན་གྱིས་མ་བཤད་ཀྱང་། གླེན་ནག་ཅིག་མིན་ན་སུས་ཀྱང་ཤེས་པའི་རྒྱུན་ཤེས་ཤིག་རེད། དེ་བས་དེ་ལ་རྩོད་པ་ཡོད་ཚོད་མ་རེད། ཡིན་ཡང་། གནད་འགག་ཅིག་ཡོད་པ་ནི། སྒྲིག་ཁྲིམས་ཅི་ཞིག་འཇོག་དང་ཅི་ལྟར་འཇོག་མིན་དེ་རེད། འདི་ཁ་ཇེ་གསལ་དུ་གཏོང་ནས་བཤད་ན། སྒྲིག་དང་ཁྲིམས་དེ་གནས་ལུགས་དང་མཐུན་པ་ཞིག་འཇོག་གམ། ཡང་ན་མི་མཐུན་པ་ཞིག་འཇོག དེ་ཐག་གཅོད་དམངས་གཙོས་བྱའམ། ཡང་ན་ཚོགས་པ་དང་མི་སྒེར་གང་རུང་ཞིག་གིས་ཆིག་གཅོད་ཀྱིས་བྱ། གནད་འགག་ནི་འདི་ན་ཡོད་པ་རེད་བསམ།
གསུམ། ཨ་ཁུ་སྒོ་ཤེར་གྱི་གསལ་བཤད་ཕྱི་མ་ཞིག་ནས་ཤེས་པ་ལྟར་ན། དགོན་པ་གཞུང་གིས་ཀྱང་ཤེས་འགན་ལྷན་ཚོགས་ཀྱི་གྲོས་ཆོད་ཡི་གེ་ལ་རྒྱབ་སྐྱོར་དང་། ཨ་ཁུ་སྒོ་ཤེར་ལགས་ཕྱིར་དགོན་པར་ཡོང་མི་ཆོག་པ་བསྒྲགས་ཡོད་ཚུལ་འདུག ད་ལྟ་ཁོ་བོ་སེམས་འཚབ་ཡོང་བ་དེ། ཨ་ཁུ་སྒོ་ཤེར་ལགས་འགྲོ་སའི་གནས་དང་འདུག་སའི་ཡུལ་ཡོད་མེད་དེ་མ་ཡིན་པར། ཤེས་འགན་ལྷན་ཚོགས་དང་ཨ་ཁུ་སྒོ་ཤེར་གྱི་གནད་དོན་འདིས། དགོན་པའི་དགེ་འདུན་པ་རྣམས་ཕྱོགས་ཁ་འགའ་རུ་གྱེས་ནས་དགེ་འདུན་ནང་འཁྲུག་དང་། དགོན་པ་ཁ་འཐོར་དུ་བུད་མི་འགྲོའམ་བསམ་པ་དེ་རེད། སྔོན་ཆད་ཀྱང་དགོན་པ་སྐོར་ཞིག་འདི་ལྟར་ཁ་འཐོར་དུ་སོང་མྱོང་བ་རེད། གལ་སྲིད་དེ་འདྲ་བྱུང་ན། དེ་ནི་ཕྱོགས་ནས་བལྟས་ཀྱང་བློ་ཕམ་བྱུང་དགོས་ས་ཞིག་རེད་བསམ། ཐེངས་འདིའི་དགོན་པ་གཞུང་གི་ཐག་གཅོད་དེས། གནད་དོན་འདི་ཐག་གཅོད་ཡག་པོ་ཞིག་གཏན་ནས་བྱེད་ཐུབ་ཡོད་པ་མ་རེད། ཡང་ན། གནད་དོན་འདིའི་འགལ་བ་ནི་གསར་དུ་འགོ་བརྩམས་མ་ཐག་རེད། དེ་བས། དྲྭ་ལམ་དང་སྤྱི་ཚོགས་སྟེང་གི་གླེང་ཕྱོགས་སྣ་ཚོགས་དག་ཡུན་གྱིས་འཇགས་སྲིད་མོད། དགོན་པའི་ནང་གི་འགལ་བ་ནི་མུ་རུ་ཡོང་སྲིད་ལ། སྟབས་མ་ལེགས་ན་ཚབས་ཆེན་དུ་ཡང་འགྱུར་སྲིད། དེ་ཡང་དགོན་པའི་ནང་། ཨ་ཁུ་སྒོ་ཤེར་གྱི་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད་མཁན་དང་། སྤྱིར་ཁོང་ལ་དགའ་གུས་ཡོད་མཁན་མང་ཙམ་ཡོད་པས། ཁོང་དགོན་པར་ཞལ་གྱེས་པ་དང་། ཕྱིར་ཕེབས་མི་ཆོག་པར་བསྒྲགས་པ་དེས། གནད་དོན་ཐག་ཆོད་རྒྱུར་ཕན་ཐོགས་ཡོད་པ་ཕར་ཟད། འགལ་བ་ཆེ་རུ་འགྲོ་བར་རྒྱུ་རྐྱེན་བསགས་ཡོད་པ་རེད།
བཞི། གནད་དོན་གྱི་གནད་དོན་ནི། འགལ་རྩོད་འདི་ཐག་གཅོད་ཡག་པོ་ཞིག་བྱ་རྒྱུ་དེ་རེད། དེས་ན་ཐག་ཇི་ལྟར་གཅོད་དགོས་པ་ཡིན་ནམ། ཁོ་བོས་བསམ་ན། ཤེས་འགན་ལྷན་ཚོགས་ཀྱི་གྲོས་ཆོད་ཡི་གེ་བཞིན་ཐག་གཅོད་བྱ་རྒྱུ་ཡང་མ་རེད་ལ། ཨ་ཁུ་སྒོ་ཤེར་གྱི་བསམ་འཆར་ལྟར་ཐག་གཅོད་བྱ་རྒྱུ་ཡང་མ་ཡིན་པར། དོན་དམ་དུ་ཐག་གཅོད་འདི་ལྟར་བྱས་ན་འགྲིག་པར་སེམས་ཏེ། ཀིརྟི་དགོན་ནི་ནང་པའི་ཆོས་སྡེ་ཞིག་ཡིན་པའི་ཆ་ནས། ནང་བསྟན་ཆོས་ཀྱི་ལྟ་དགོངས་གཞིར་འཛིན་པ་དང་། ཀིརྟི་དགོན་གྱི་དགེ་འདུན་པ་རྒན་གཞོན་ཀུན་འགྲོ་བ་མི་རེ་རེ་ཡིན་པའི་ཆ་ནས། འགྲོ་བ་མིའི་ཡོངས་ཁྱབ་རིན་ཐང་གི་ལྟ་དགོངས་གཞིར་འཛིན་པ་དང་། དུས་རབས་འདིར་འཛིན་སྐྱོང་ལམ་ལུགས་ཆེས་ལེགས་ཤོས་ནི་དམངས་གཙོའི་ལམ་ལུགས་ཡིན་པའི་ཆ་ནས། མཐའ་མའི་ཐག་དམངས་གཙོ་ཡིས་གཅོད་པ་དང་། ཐག་ཆོད་རྗེས་ཐག་གཅོད་དེ་ལ་རང་གཞན་ཀུན་གྱིས་བརྩི་བཀུར་ཚུལ་བཞིན་དུ་བྱ་རྒྱུ་བྱུང་ན། ལེགས་ཚོགས་འཕེལ་བའི་རྒྱུ་རུ་མ་གྱུར་ཡང་། ངན་ལྷུང་དགུ་མཆེད་ཀྱི་གནས་སུ་མི་འགྲོ་བར་སེམས།
ལྔ། གལ་ཏེ། ཀིརྟི་དགོན་དང་ཨ་ཁུ་སྒོ་ཤེར་གཉིས་ཀྱི་སྟེང་ནས། བོད་ཀྱི་དགོན་སྡེའི་འཛིན་སྐྱོང་དམངས་གཙོ་ཅན་དུ་འགྲོ་ཐུབ་པ་བྱུང་ན། དགེ་མཚན་གཞན་ལས་ཆེ་བ་ཡོད་དེ། ད་ལྟའི་བོད་མིའི་རང་དབང་དམངས་གཙོའི་འཐབ་རྩོད་ཀྱི་བཙན་ས་གཙོ་བོ་ནི། རྔ་བ་ཀིརྟི་དགོན་པ་ཆགས་ཡོད་པ་རེད་ལ། གནས་དེ་ནས་དམངས་གཙོའི་ལམ་ལུགས་ཡག་པ་ཞིག་འཛུགས་ཐུབ་ཚེ། དེ་ནི་ཕྱོགས་གང་ནས་བལྟས་ཀྱང་རིན་ཐང་བླ་ལྷག་གིས་ཡོད་པ་རེད། དེ་བཞིན་དུ། ཨ་ཁུ་སྒོ་ཤེར་ལགས་ནི་ནང་པའི་ཆོས་ཀྱི་དར་རྒུད་ལ་སེམས་ཁུར་ཆེ་བ་ཞིག་དང་། རང་དབང་དམངས་གཙོ་ལ་དགའ་གུས་ཆེ་བ་ཞིག་ཡིན་པར་མ་ཟད། དུས་རྒྱུན་འདི་སྐོར་ལ་འགན་རང་ཁུར་གྱིས་ཤུགས་བརྒྱབས་པ་དང་བརྒྱག་ངེས་སུ་ཡོད་པའི་སྐྱེས་བུ་དམ་པ་ཞིག་ཀྱང་རེད་པས། ཁོང་གི་སྟེང་ནས་བོད་ཀྱི་དགོན་སྡེའི་ལམ་ལུགས་དམངས་གཙོ་ཅན་དུ་འགྲོ་ཐུབ་ན། དེ་ནི་རིན་ཐང་གཞན་ལས་ཆེ་བར་ཡོད་པར་སེམས།
དྲུག སྐུ་ཞབས་ཐང་ལི་ཞུང་གི་རྩོམ་ཡིག་ཅིག་ཏུ་འདི་འདྲའི་སྡོམ་ཚིག་ཅིག་འདུག་སྟེ། དམངས་གཙོས་གནད་དོན་ཐམས་ཅད་ཐག་གཅོད་བྱ་ཐུབ་པ་ཞིག་མ་ཡིན་པར། གནད་དོན་མང་དག་ཅིག་གི་འགོ་བརྩམས་ཀྱིན་ཡོད། ཅེས་བྲིས་འདུག ཁོ་བོས་སྡོམ་ཚིག་འདི་ཅི་འདྲའི་བདེན་པ་ལ་བསམ་མྱོང་མོད། རྒྱུ་མཚན་ཅི་ཞིག་ལ་གནད་དོན་དེ་འདྲ་བྱུང་དགོས་པའི་ཐད་རྒྱུས་མངའ་དེ་ཙམ་མེད། ཡིན་ཡང་། ད་ནི་ངེས་ཤེས་རབ་རིབ་ཅིག་རྙེད་བཞིན་ཡོད་དེ། རྣམ་འབྱེད་ཀྱི་བློ་གྲོས་མེད་པ་དང་། དཀྱེལ་ཡངས་ཀྱི་བློ་ཁོག་བྲལ་བ། རང་འགན་རང་ཁུར་གྱི་ལྷག་བསམ་ཆུང་བ་སོགས་ཀྱི་མིས་གང་བའི་སྤྱི་ཚོགས་ནང་། དམངས་གཙོའི་ལམ་ལུགས་ཀྱི་ཐག་གཅོད་ནི། ཏག་ཏག་གནད་དོན་ཐམས་ཅད་ཐག་གཅོད་བྱ་ཐུབ་པ་དེ་མ་ཡིན་པར། གནད་དོན་མང་དག་ཅིག་གི་འགོ་བརྩམས་ཡོང་བ་དེ་ཡིན་ཚོད་རེད། དེ་བས། རང་གཞན་སུ་ཡིན་ཡང་། རྣམ་འབྱེད་ཀྱི་བློ་གྲོས་བསྡུར་ཏེ། དཀྱེལ་ཡངས་ཀྱི་བློ་ཁོག་སྐྱེད་དེ། རང་འགན་རང་ཁུར་གྱི་ལྷག་བསམ་སོགས་བཅིངས་ཏེ། གནད་དོན་ཐམས་ཅད་ཐག་གཅོད་བྱ་ཐུབ་པའི་དམངས་གཙོའི་བཅོས་བསྒྱུར་ཡག་པོ་ཞིག་འབྱུང་བར་སྨོན།