༄༅། ། འཛམ་གླིང་ཞི་བདེའི་ལྷ་བྱ་དཀར་པོའི་འཁྲུངས་ཚེས་ལ་
བཀྲ་ཤིས་བདེ་ལེགས་ཞུ། །
ཐམས་ཅད་ནམ་མཁའ་མཛོད་བཞིན་དུ། ལོངས་སྤྱོད་ཆད་པ་མེད་པ་དང་། རྩོད་པ་མེད་ཅིང་འཚེ་མེད་པ། རང་དབང་དུ་ནི་སྤྱོད་པར་ཤོག །
ན་མོ་བཛྲ་གུ་རུ་པདྨ་ཀ་ར་ཡེ། །
ཀ་དག་སྤྲོས་བྲལ་རིག་པའི་དབྱིངས་ན། །
ཁ་སྦྱོར་བདུན་ལྡན་ཡན་ལག་རྫོགས་པའི། །
ག་བུར་མདངས་འཛིན་ཞི་བདེའི་དེད་དཔོན། །
ང་ཡི་སྙིང་གྲོགས་ལྷ་བྱ་དཀར་པོ། །
ཅ་དངོས་སྣོད་བཅུད་གཞན་གྱིས་སྤྱོད་ཀྱང་། །
ཆ་ཡི་ན་ལ་འཛུམ་གྱིས་བསུ་བའི། །
ཇ་རྩམ་རོལ་མཁས་ཞི་བདེའི་བྱ་ཕོས། །
ཉ་སོགས་འགྲོ་བར་བྱམས་བརྩེ་གནང་སོང་། །
ཏ་ཐཱ་ག་ཏཱའི་དགེ་སློང་ཆེན་པོ། །
ཐ་སྙད་གཟིགས་པའི་ཚན་རིག་རྒྱལ་པོ། །
ད་ལྟའི་དུས་འདིར་གངས་རིའི་བདག་པོ། །
ན་མོ་གུས་པའི་འཁྲུངས་སྐར་བཟང་པོ། །
པ་ལགས་སྐྱེས་མཆོག་སྐུ་ཡི་འཁྲུངས་སྐར། །
ཕ་མེས་བརྒྱུད་པའི་བསྟན་སྲིད་སྤྱི་དཔོན། །
བ་དན་སྐུ་ཚེ་དགུང་དང་མཉམ་ལྟར། །
མ་ལུས་འགྲོ་བའི་མགོན་དུ་བཞུགས་ཤོག །
ཙ་རི་ཊ་སོགས་ཆོས་སྐྱོང་ཚོགས་དང་། །
ཚ་གྲང་དཀའ་ཐུབ་མྱོང་བའི་རིགས་ཀྱིས། །
ཛ་དྲག་གར་ལ་རྩེན་པའི་སྤྱོད་པས། །
ཝ་ལེར་འཇིག་རྟེན་དཔལ་དུ་སྨན་ཤོག །
ཞ་ལོང་ལྟ་བུའི་ལྟ་སྤྱོད་དབེན་པའི། །
ཟ་འཐུང་ཁོ་ནས་མི་ཚེ་འདའ་བའི། །
འ་ཅག་སེམས་ལ་ཞི་བདེ་འབྲེལ་བར། །
ཡ་མཚན་ཀུན་མཆོག་དེད་དཔོན་རྒྱལ་ལོ། །
ར་བ་གངས་རིས་བསྐོར་བའི་ཞིང་ན། །
ལ་ལུང་ཞབས་ཀྱིས་བཅགས་པའི་ཞལ་བཞེས། །
ཤ་ཞེན་ཐུགས་ལ་གཉེར་བའི་དམ་བཅའ། །
ས་སྐྱོང་ཕྲིན་ལས་གཡེལ་བ་མེད་མཛོད། །
ཧ་ཅང་དགའ་སྤྲོའི་ལྷན་འཛོམས་ཡོང་བའི། །
ཨ་ལགས་མཆོག་གི་ཞལ་བཟང་དྲོན་མོ། །
ཧ་ལམ་མཇལ་བའི་བསྐལ་བཟང་འཆར་བས། །
ཨ་མཚར་བདེ་ཆེན་མྱུར་ཏུ་ངོམས་ཤོག །
ཨི་ཤྭ་མ་ཏིས་བསྟན་སྲིད་སྐྱོང་ལྟར། །
ཨུ་ཚུགས་མིན་པར་རྟེན་འབྲེལ་འགྲིགས་པས། །
ཨེ་མ་གངས་རིའི་རྒྱན་དུ་ཕེབས་ནས། །
ཨོ་རྒྱན་གཉིས་པའི་ཕྲིན་ལས་སྤེལ་མཛོད། །
ཅེས་པའང་རབ་རྒྱན་ཆུ་སྦྲུལ་སྣྲོན་ཟླའི་དབང་ཕྱོགས་བཟང་པོ་གཉིས་པར་དབྱིན་ཡུལ་ཨེ་ཝཾ་རྫོགས་ཆེན་ཆོས་ཚོགས་ཁང་ནས་མཁའ་འགྲོ་དཔལ་ལྡན་ལྷ་མོས་བསྐུལ་ངོར་རིག་འཛིན་ཨེ་མ་ཧོས་གང་ཤར་དབྱངས་གསལ་བདེན་པའི་རྟེན་འབྲེལ་སྨོན་ལམ་གྱི་ཆེད་དུ་བཀྲ་ཤིས་བདེ་ལེགས་སུ་གུས་ཕུལ། །