༼མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱི་གསུང་བཤད།༽
མཁོ་སྤྲོད་པ་དང་ཡིག་ཕབ་པ། ཤིང་རྟ།
སྔོན་གླེང་།
གནའ་དེང་རིག་པའི་གནས་ལ་མཁྱེན་རབ་ཀྱི་ཁོ་ལག་ཡོངས་སུ་རྫོགས་ཤིང་། དཔྱོད་ཤེས་ཀྱི་བློ་མིག་མཁའ་ལྟར་ཡངས་པའི་ངེས་དོན་མཁས་པའི་ཁྱུ་མཆོག མགོན་མེད་འགྲོ་བའི་སྐྱབས་གནས་དམ་པ་མཁས་དབང་ཚུལ་ཁྲིམས་བློ་གྲོས་མཆོག་གི་བཅོས་མིན་ཐུགས་རྒྱུད་དུ་མངའ་བའི་ཟོལ་བྲལ་གྱི་ལྷག་བསམ་དང་། རྨད་བྱུང་མཁྱེན་རབ་ཀྱི་རྩལ་ལས་འཁྲུངས་པའི་སྔར་མེད་ལེགས་བཤད་ཀྱི་ཆེད་རྩོམ་དག་ནི་གཟུར་གནས་ཀྱི་མཁས་པ་རྣམས་ཀྱིས་བསྔགས་བརྗོད་རབ་དང་རིམ་པར་ཐོབ་པ་མ་ཟད། རང་རིགས་ཀྱི་མི་བུ་རྣམས་མདུན་སྐྱོད་ཀྱི་གོམ་སྟབས་གསར་བ་ཞིག་སྤོ་སའི་ལམ་བུ་མཐོང་བྱེད་ཀྱི་སྒྲོན་མེ་ལྟ་བུར་གྱུར་ཡོད། དེར་མ་ཟད་དམ་པ་ཁོང་ནི་དུས་རབ་གསར་བའི་དབྱངས་རྟ་ཕྱོགས་བཞིར་འཕུར་བའི་དུས་འདིར། རང་རིགས་ཀྱི་ལས་དབང་ལ་ཡིད་ཆད་ཤོར་བའི་དབུགས་རིང་ཁོ་ནར་བཏོན་ནས་མི་བཞུགས་པར། སཱ་ལའི་སྨན་ལྗོངས་ཀྱི་ཕྱོགས་མཚམས་ཀུན་ལ་ཞབས་འགྲོས་ཀྱིས་བཅལ་ཏེ། རི་དྭགས་དང་ལྷན་དུ་ཉལ་བའི་རང་རིགས་ཀྱི་མི་བུ་རྣམས་བརྩེ་ཞེན་གྱིས་བདག་གིར་མཛད་ཅིང་འཕྲལ་ཡུན་ཀུན་ཏུ་དགེ་བའི་བསམ་བློ་དང་ཀུན་སྤྱོད་ཀྱི་བསླབ་བྱ་དང་སློབ་སྟོན་གནང་བ་དེས་རིགས་ཞེན་གྱི་མི་བུ་རྣམས་ལ་སྔར་མེད་ཀྱི་སྙིང་སྟོབས་གསར་པ་ཞིག་བསྐྲུན་པ་མ་ཟད་ཡངས་པའི་ས་ཆེན་འདིར་གནས་པའི་སྐྱེ་འགྲོ་ཀུན་ལ་རླབས་ཆེན་གྱི་སྲི་ཞུ་བཟང་པོ་ཞིག་ཡིན་པ་སྨོས་ཅི་དགོ ས། དམ་པ་ཁོང་གི་བླང་དོར་ལམ་སྟོན་གྱི་བཀའ་སློབ་རེ་རེས་དེ་རིང་དང་སང་ཉིན་གྱི་དཀའ་ཚེགས་དང་མུན་པ་ཇི་ལྟར་སེལ་བའི་ཐབས་ལམ་རེ་རེ་ཡིན་པ་དཔྱོད་ལྡན་དག་གིས་རྟོགས་ཐུབ་པ་ངེས་ཏེ། ལེགས་བཤད་ལས།
དོན་ལྡན་ཚིག་ནི་རེ་རེས་ཀྱང་།། ཤེས་རབ་ཅན་ལ་དོན་ཀུན་སྟེར།།
ཞེས་པ་ལྟར་ལགས་པས་རིན་བྲལ་གྱི་བཀའ་སློབ་འདི་ཚོ་རང་དགར་མི་འཇོག་པ་ཀུན་གྱི་གོ་ཐབས་བྱ་དགོས་པ་ནི་མིག་རྒྱང་རིང་བའི་མཁྱེན་ལྡན་དག་ལ་མ་བཀལ་ཕྲག་ཏུ་བབས་པའི་འོས་འགན་རེད་སྙམ།
དེས་ན་དེ་སྔོན་མཁྱེན་རབ་དང་ལྷག་བསམ་གྱིས་ཕྱུག་པའི་མཁས་པ་འགས་དམ་པ་ཁོང་གི་རབ་བྱུང་གི་ཕྱོགས་ལ་སྩལ་བའི་བཀའ་སློབ་འགའ་ཡི་གེར་ཕབ་འདུག་པ་དེས་བོད་སྐད་སྨྲ་བ་ཡོངས་ཀྱིས་གོ་ཐུབ་པ་ཞིག་བྱུང་འདུག་པས་བཅོས་མིན་གྱི་ཡི་རང་དང་བསྔགས་བརྗོད་ཞུ་ཡུལ་དུ་གྱུར་ཡོད། དེ་ལྟར་བདག་གིས་ཀྱང་ཆེས་མཁོ་གལ་ཆེ་བའི་མི་རིགས་སློབ་གསོའི་གནད་དོན་ཐད་ཀྱི་བཀའ་སློབ་ཅིག་མཇལ་བྱུང་བས་དེ་ཉིད་བོད་ཡིག་ཤེས་མཁན་ཡོངས་ཀྱིས་གོ་ཐུབ་པའི་ཆེད་དུ་ཡི་གེར་ཕབ་རྗེས་ཡོངས་ཁྱབ་ཀྱི་འགྲེམ་སྤེལ་བྱས་ན་འགལ་བ་མེད་སྙམ་སྟེ། སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་ཀུན་མགོན་མེད་པའི་འགྲོ་བ་རྣམས་ཀྱི་ཕན་བདེ་འབྱུང་ཐབས་སུ་ཉིན་མཚན་ཀུན་ཏུ་བརྩོན་མཛད་པའི་སྐྱེས་མཆོག་ཁོང་གི་བཀའ་སློབ་འདི་ཉིད་མ་ཐོས་པ་རྣམས་ལ་ཐོས་སུ་འཇུག་པ་དང་མ་གོ་བ་རྣམས་ལ་གོ་ཐབས་ལ་འབུངས་ན་སྐྱེ་འགྲོ་བདེ་བའི་ཆ་རྐྱེན་དུ་འགྱུར་ངེས་པས་སོ།། ཕབ་བཤུས་པས།
དགེ་རྒན་གྱི་སློབ་གསོ།
༼མཁས་དབང་ཚུལ་ཁྲིམས་བློ་གྲོས་ཀྱིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་དགེ་རྒན་སྦྱོང་བརྡར་སྐབས་སུ་སྩལ་བའི་བཀའ་སློབ།༽
གླེང་གཞི།
དེ་རིང་འདི་ན་ཕེབས་ཡོད་པའི་མགོ་ལོག་རང་སྐྱོང་ཁུལ་གྱི་དགེ་རྒན་རྣམ་པ་དང་། འགོ་ཁྲིད་རྣམ་པ། གྲོགས་པོ་རྣམ་པ་ཐམས་ཅད་པོ་ལ། ཐོག་མར་སྐུ་ཁམས་བཟང་བའི་འཚམས་འདྲི་ཞུ་གི་ཡིན། དེ་ནས་དོན་གཉིས་པར་ད་རེས་མགོ་ལོག་གི་དགེ་རྒན་གྱི་སྦྱོང་བརྡར་འཛིན་གྲྭ་འདིའི་ཐོག་ལ་ཡོང་རྒྱུ་རག་པ་དེ་དང་། དགེ་རྒན་འདི་འདྲའི་མང་པོ་ཞིག་ལ་སྐད་ཆ་བཤད་རྒྱུ་བྱུང་བ་དེ། སྙིང་ཐག་པ་ནས་རང་འདྲ་བ་ཡིན་ན་དགའ་སྤྲོ་ཤིན་ཏུ་ནས་ཀྱང་ཆེན་པོ་ཡོད། ཉི་མ་གཅིག་གི་སྐད་ཆ་བཤད་རྒྱུ་འདི་ལ་ང་རང་འདྲ་ལ་མཚོན་ན་ཉི་མ་གསུམ་བཞིའི་དུས་ཚོད་མེད་པ་བྱེད་དགོས་ཀྱང་། དགེ་རྒན་རྣམ་པ་ཚོ་འདི་ན་ཕེབས་ཡོད་པ་ཐམས་ཅད་པོ་ལ་ངོ་འཛོམས་ནས་སྐད་ཆ་བཤད་རྒྱུ་རག་ན། དཔེ་སྐལ་པ་བཟང་པོ་རེད་བསམས་ནས་འདི་ན་ཡོང་བ་ཡིན། རང་ལ་མཚོན་ན་དེ་རིང་དགེ་རྒན་རྣམ་པ་ཚོ་ལ་ལྟ་བ་གསར་པ་དང་། བསམ་བློ་གསར་པ། ཕན་ཐོགས་བྱེད་དེ་འདྲའི་བཤད་རྒྱུ་ཅང་མེད། ཡིན་ནའང་རང་གི་བསམ་བློའི་ནང་ལ་དྲན་ཚུལ་ཚིག་ཀ་གཅིག་གཉིས་ཤིག་ཐམས་ཅད་པོ་ལ་ཞུས་ན་བསམ་གྱི་ཡོད།
དེས་ན་སྔ་དྲོའི་སྐད་ཆ་བཤད་རྒྱུ་འདི་ལ་ཁོང་རྣམ་པའི་གོ་སྒྲིག་ལ་ཅི་ཞིག་རེད་ཟེར་ན། དགེ་རྒན་གྱི་བསམ་བློ་དང་དགེ་རྒན་གྱི་སྤྱོད་པ་འདི་ཚོའི་ཐོག་ནས་སྐད་ཆ་གཅིག་གཉིས་ཤིག་བཤད་ན་གསུངས་ནས་ངར་སྐད་ཆ་བཤད་རྒྱུར་གོ་སྒྲིག་དེ་གནང་འདུག དེ་འདྲ་ཡིན་དུས་དགེ་རྒན་གྱི་བསམ་པ་དང་དགེ་རྒན་གྱི་སྤྱོད་པ་འདི་ཚོ་ལ་མཚོན་ན་བོད་ཀྱི་སྲོལ་རྒྱུན་རིག་པའི་ནང་ལ་ཤིན་ཏུ་ནས་ཀྱང་མང་པོ་གསུངས་ཡོད་རེད། བསམ་བློའི་ཐད་ལ་ཐུག་ནའང་འདྲ་སྤྱོད་པའི་ཐད་ལ་ཐུག་ནའང་འདྲ་གང་གི་ཐད་ནས་ཡིན་ནའང་མང་པོ་ཞིག་གསུངས་ཡོད་རེད། ཡིན་ནའང་རང་གི་བསམ་ཚུལ་གྱི་ཚིག་ཀ་གཅིག་གཉིས་ཤིག་ཞུས་ན་དེ་བསམ་གྱི་ཡོད། དགེ་རྒན་གྱི་བསམ་བློ་དང་། དགེ་རྒན་གྱི་སྤྱོད་པ་ཟེར་རྒྱུ་འདི་མི་རིགས་སུ་ཞིག་ཡིན་ནའང་འདྲ་ཁྱད་པར་དུ་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་འགྲོ་བ་ལ་འབྲེལ་བ་ཤིན་ཏུ་ནས་ཀྱང་ཆེན་པོ་ཞིག་ཆགས་ཡོད་རེད། དཔེར་ན་མི་སྤྱིར་བཏང་ཞིག་གི་བསམ་པ་དང་སྤྱོད་པ་འདི་ཚོ་མི་རང་གི་བསམ་པ་དང་སྤྱོད་པ་རེད་མ་གཏོགས་དེས་མི་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་ཟེར་ན་དཀའ་མོ་རེད།
མི་གཅིག་གི་བསམ་པ་དང་སྤྱོད་པ་དེས་སྤྱི་ཚོགས་ཡར་རྒྱས་འགྲོ་བ་ལ་ཕན་པ་དང་གནོད་པ་ཚབས་ཆེན་པོ་ཞིག་ཡོད་ཟེར་དགོས་ན་དཀའ་མོ་རེད། ཆེན་པོ་ཞིག་ཡོད་ཀྱི་མ་རེད། ཡིན་ན་ཡང་དགེ་རྒན་དེ་དམིགས་བསལ་བ་ཞིག་རེད། དེ་འདྲ་ཡིན་དུས་དགེ་རྒན་གྱི་བསམ་པ་དང་སྤྱོད་པ་འདིས་ང་ཚོའི་སྤྱི་ཚོགས་ཡར་རྒྱས་འགྲོ་དང་མི་འགྲོ་ལ་འབྲེལ་བ་ཤིན་ཏུ་ནས་ཀྱང་ཆེན་པོ་ཡོད་རེད། དེ་ཡོད་པའི་རྒྱུ་མཚན་གང་ལ་ཐུག་ཡོད་རེད་ཟེར་ན། སྤྱི་ཚོགས་ཡར་རྒྱས་འགྲོ་དང་མི་འགྲོ་ཟེར་བ་དེ་རིག་གནས་ཡོད་དང་མེད་དེའི་ཐོག་ནས་རེད་མ་གཏོགས་གཞན་པ་གང་མ་རེད། དེས་ན་རིག་གནས་དེ་གང་ནས་ཡོང་དགོས་རེད་ཟེར་ན། དེ་ང་ཚོ་སུ་ཞིག་ཡིན་ན་ཧ་གོ་རྒྱུ་རེད། རིག་གནས་སློབ་གྲྭ་ནང་ནས་ཡོང་དགོས་ཀྱི་མ་གཏོགས་གཞན་པ་ནས་ཡོང་ས་མི་འདུག རིག་གནས་སློབ་གྲྭ་ནས་ཡོང་ཟེར་ན་གཞན་པ་སློབ་དེབ་ཀྱི་ཐོག་ནས་ཡོང་ཐུབ་ཀྱི་མ་རེད། དོན་དག་གཞན་པའི་ཐོག་ནས་མི་ཡོང་། རིག་གནས་སློབ་གྲྭའི་ནང་ནས་དགེ་རྒན་གྱི་སྟེང་ནས་ཡོང་དགོས། དེ་འདྲ་ཡིན་དུས་དགེ་རྒན་གྱི་བསམ་པ་དང་སྤྱོད་པ་འདིས་ང་ཚོའི་མི་རབས་རྗེས་མ་ལ་ཤུགས་རྐྱེན་ཤིན་ཏུ་ནས་ཀྱང་ཆེན་པོ་ཞིག་ཐེབས་ཀྱི་ཡོད་རེད། དེ་ལྟར་ཡིན་པས། དགེ་རྒན་གྱི་བསམ་པ་དང་སྤྱོད་པ་དེ་ཡང་དག་པ་ཞིག་རེད་སོང་ན། མི་རབས་རྗེས་མ་དེ་ཚོ་ཡང་དག་པ་ཞིག་རེད་འགྲོ་རྒྱུ་རེད། དེ་རེད་སོང་ན་སྤྱི་ཚོགས་ཀྱི་ཐོག་ནས་རིག་གནས་ཡིན་ནའང་འདྲ་དཔལ་འབྱོར་ཡིན་ནའང་འདྲ། མིའི་གཤིས་ཀ་ཡིན་ནའང་འདྲ་ཐམས་ཅད་པོ་ཡར་རྒྱས་འགྲོ་རྒྱུ་རེད།
དེ་འདྲ་ཡིན་དུས་དགེ་རྒན་གྱི་བསམ་པ་དང་སྤྱོད་པ་ཟེར་བ་འདི་ནི་སྤྱི་ཚོགས་ཡར་རྒྱས་འགྲོ་བར་འབྲེལ་བ་དམ་ཟབ་ཡོད་པ་དེ་འདྲ་ཞིག་རེད། དེ་འདྲ་ཡིན་དུས་ཁོང་རྣམ་པ་ཚོས་ང་ཡི་སྐད་ཆ་བཤད་རྒྱུ་ལ་དེ་གོ་སྒྲིག་བྱས་ཡོད་རེད། ངས་དེའི་ཐོག་ནས་སྐད་ཆ་ཚིག་ཀ་གཅིག་གཉིས་ཤིག་རྣམ་པ་ཐམས་ཅད་པོ་ལ་ཞུས་ན་དེ་བསམ་གྱི་ཡོད། ཐོག་མར་སྐད་ཆ་བཤད་རྒྱུ་དེ་ངས་ཚིག་བཅད་གཅིག་གཉིས་ཤིག་བྲིས་བཞག་ཡོད། རང་གི་བསམ་ཚུལ་ཕྱོགས་འགོ་བརྗེད་ཐོའི་ཚུལ་དུ་ཚིག་བཅད་གཅིག་གཉིས་སམ་ཤོ་ལོ་ཀ་གཅིག་གཉིས་བྲིས་ཡོད། དེའི་ཐོག་ནས་མར་སྐད་ཆ་ཞིག་བཤད་ན་བསམས། བརྗེད་ཐོ་འདྲ་ཞིག་ཡོད་པ་ཡིན་ན་རང་གི་སྐད་ཆ་བཤད་བདེ་མོ་རེད། གཉིས་ནས་རྣམ་པ་ཐམས་ཅད་པོས་ཉན་ན་ཡང་སྐད་ཆ་འདིའི་ས་བཅད་སྐད་ཆ་འདིའི་མཚམས་དེ་ཚོ་ཅུང་ཟད་ངེས་པ་ཐོན་རྒྱུ་རེད། སེམས་ལ་འཇོག་ཅུང་ཟད་བདེ་མོ་དེ་འདྲ་རེད། དེའི་ཕྱིར་སྐད་ཆ་འདི་ཤོ་ལོ་ཀ་གཅིག་གཉིས་ཤིག་གི་ནང་དུ་བསྡུས་ནས་བཤད་ན་བསམ་གྱི་ཡོད། ༼མུ་འགོད།