འབྲུག་ཡུལ་ནས་རང་ཡུལ་གྱི་དོན་རྐྱེན་ཞིག་ཐོས་རྗེས།
བློ་བཟང་དོན་འགྲུབ།
དེ་རིང་འབྲུག་ཡུལ་ལུང་གཞུང་རིང་མོའི་མཁའ་དབུགས་དྭངས་ཤིང་གཙང་ལ་ཉི་འོད་ཀྱི་ཚ་དྲོད་ཀྱང་ཅུང་ཆུང་རུ་ཕྱིན་འདུག བཙུན་དགོན་བསམ་གཏན་གླིང་གི་ཁོར་ཡུག་ན་བསང་དུད་དང་དྲིལ་ཆུང་གི་དབྱངས་རྟ་ཞིག་བར་མེད་དུ་ཁྱབ། ངས་དགོན་འདབས་ཀྱི་མཐོང་ཡངས་ལྡིང་ཁང་འོག་ནས་གཟའ་སྤེན་པའི་ཉིན་མོ་འདི་བེད་སྤྱོད་ཀྱིས་དཔར་བསྐྲུན་བྱ་ལ་ཉེ་བའི་རང་ཉིད་དེབ་ཆུང་ཡུལ་སྐོར་བའི་ཟིན་ཐོ་ཞེས་པ་དེར་ཞིབ་བཏགས་གཏོང་བཞིན་པའི་སྒང་ཡིན། གློ་བུར་ཏུ་ནུབ་ཕྱོགས་ཨ་རིར་བཞུགས་པའི་གྲོགས་པོ་བསྟན་འཕེལ་གྱིས་ཁ་པར་སླེབས་ནས་ཕ་ཡུལ་རེབ་གོང་གི་ཤ་སྦྲང་དང་བློན་ཆོས་སྡེ་གཉིས་འཁྲུག་འཛིང་ཤོར་ཏེ་མི་བསད་དོན་རྐྱེན་བྱུང་ཡོད་པའི་སྐོར་བརྗོད་སོང་།
དེ་ལས་ཀྱང་ངོ་ཚ་དགོས་པ་ཞིག་ནི་ལྷོ་ཀོ་རི་ཡ་ན་ཡོད་པའི་བདག་གི་དགའ་རོགས་རྙིང་བ་སོ་ལན་གྱིས་འཕྲིན་ཐུང་ཞིག་བཏང་ཡོད་པ་དེ་རེད། ཁོ་མོས་ཁྱེད་ཀྱི་ཕ་ཡུལ་རེབ་གོང་ནས་མི་གསོད་ཁྲག་སྦྱོར་གྱི་ཡ་ང་བའི་དོན་རྐྱེན་ཞིག་བྱུང་འདུག་ཟེར་བ་ཐོས་སམ། ཁྱེད་ཚང་གི་ནང་མི་ཚང་མ་བདེ་མོ་ཡིན་ནམ། ཁྱེད་ཀྱིས་མྱུར་ཏུ་ཡུལ་ལ་ཁ་པར་ཞིག་བཏང་ན་ཡག་ས་རེད་ཟེར།
དེ་བས་སེམས་ཁམས་མི་སྐྱིད་པ་ཞིག་བྱུང་སྟེ་འདས་དོན་མང་པོ་ཞིག་ལ་བསམ་གཞིག་བྱ་དགོས་བྱུང་། སྔོན་ཆད་རེབ་གོང་ཤོག་པ་བཅུ་གཉིས་ཞེས་བཤད་སྲོལ་ཡོད་པ་བཞིན་དེའི་ནང་ཚན་བློན་ཆོས་ནི་ལྷ་རྗེ་བྲག་སྣ་བས་ཐོག་མར་གནས་གཞི་བཟུང་ཡུལ་དང་། རོང་བོ་ཚང་གི་ཕ་ས་ཡིན། བློན་ཆོས་ཞེས་པའི་མིང་གི་གོ་དོན་ལ་དགེ་ཆོས་ཀྱིས་བློན་ཆེན་དུ་བཀྲལ་བ་དང་། དེ་མིན་བློན་ཆེ། བློན་ཆོས་སོགས་འབྲི་སྟངས་མི་འདྲ་བ་འགའ་རེ་བྱུང་འདུག
བཤད་ཚུལ་ལ་བློན་ཆོས་དཔོན་པོ་ལ་ཏཱ་མིང་རྒྱལ་རབས་ཀྱིས་༼རྒྱ་བཟའ་ཏཱ་མིང་སྟོང་དཔོན་༽ཞེས་པའི་ཆོ་ལོ་བསྩལ་ཟེར་བ་དང་། ལོ་ངོ་༣༠༠ཙམ་གྱི་གོང་ལ་བློན་ཆོས་དཔོན་པོས་མི་འབོར་མང་པོ་ཁྲིད་ནས་ཧང་ང་ཡུལ་ལ་སོང་བ་དང་། ཤུལ་གྱི་མི་སེར་ལ་དཔོན་པོ་གཉིས་བསྐོ་བཞག་བྱས་པར་བཤད། བློན་ཆོས་ཤོག་ཁ་འདིར་མཚོན་ན་བློན་ཆོས་ཉིན་སྲིབ་དང་། བང་དཀར་ཐང་། སྔགས་ས། རྒུ་རི། དམེ་ཚང་། སུ་རིག་དཔལ་མཆོག་སོགས་སྡེ་བ་འགའ་ཡོད།
ཤ་སྦྲང་སྡེ་བ་ནི་ཧོར་ནག་ཤོག་ཁའི་གྲས་སུ་བཞག་ཡོད་ལ། དེང་སང་གཉན་ཐོག་ཞང་གི་ཁོངས་སུ་གཏོགས། ལ་དྭགས་ཀྱི་རྒྱུད་ལས་ཆད་ཅིང་ཆགས་ས་ཉི་མ་འཆར་མ་ཐག་པང་དུ་ཤར་བ་ལྟ་བུའི་སའི་གཞི་ལ་ཆགས་པས་ན་དེ་ལྟར་འབོད་མོད། ཕྱིས་སུ་ཤ་སྦྲང་དུ་ཐོགས་པར་བཤད།
སྔོན་ཆད་སྡེ་ཚོ་འདི་གཉིས་ནས་སྐྱེས་ཆེན་རི་རབ་འདྲ་བ་དང་དཔོན་ཆེན་མི་ཆེན་འཁྲུངས་ས་ཡིན་ཞིང་རེབ་གོང་གི་སྡེ་ཚོ་གཞན་གྱིས་མིག་དཔེ་བལྟ་ས་དང་རྣ་བའི་ཉན་ས་ལྟ་བུ་ཞིག་ཡིན་ཟེར་མི་ཆོག་པ་མེད་སྙམ། ཡིན་ནའང་རིག་གནས་གསར་བརྗེ་ཆེན་མོའི་རྗེས་ནས་བཟུང་སྡེ་འདི་གཉིས་ནི་རེབ་གོང་ཤོག་ཁག་ནང་བླ་འགུལ་སའི་སྡེ་ཞིག་ཏུ་གྱུར་འདུག དཔེར་ན་ང་རང་ཆུང་དུས་སྐབས་སུ་བློན་ཆོས་ཀྱིས་གཅན་ཚའི་གཡོན་རུ་དང་རྐང་ཚ་སོགས་གཡས་གཡོན་གྱི་སྡེ་ཚོ་དག་ལ་རྩྭ་ས་རྩོད་གླེང་གི་འཁྲུག་སྦྱོར་གྱིས་ནང་མི་སྤུན་ཟླ་གང་མང་གི་ཚེ་སྲོག་ཤོར་ཡོད་པ་ཐོས་མྱོང་།
ཤ་སྦྲང་སྡེ་བ་འདིས་ལོ་ཁ་ཤས་གོང་ཆུ་མ་སྡེ་བ་དང་གྱོད་ཐུག་བྱས་ནས་མེ་མདའི་སོ་ཁ་ནང་མི་སྤུན་ཟླར་གཏད་ནས་ཚེ་སྲོག་གྲངས་མེད་འདི་ལྟར་བུད་སོང་བ་མ་ཡིན་ནམ། ལོ་ངོ་བརྒྱད་ལྷག་གི་རིང་ལ། ལོ་ངོ་བརྒྱད་ལྷག་གི་རིང་ལ། འོན་ཀྱང་ན་ནིང་ཤ་སྦྲང་གི་མི་བུ་ཞིག་གི་སྙིང་སྟོབས་ཀྱིས་གྱོད་ཀྱི་རྨ་ཁ་སོས་ནས་ཕུ་ནུ་སྤུན་ཟླའི་ངང་ཚུལ་བཟུང་བའི་འདུ་ཤེས་དེར་ཀུན་གྱིས་བསྔགས་བརྗོད་དང་རྗེས་སུ་ཡི་རང་བྱས་མྱོང་མོད། ཁ་སང་དེ་རིང་ཕ་རྒོད་པོ་ཤ་གཟན་ལ་བུ་ཁ་ཏ་སྐྱག་གཟན་ཟེར་བ་ལྟར་རེབ་གོང་གི་སྡེ་འདི་གཉིས་ཀྱིས་དཔའ་རྒོད་ཀྱི་མཚན་སྙན་དགུང་ལ་འཕྱར་བཞིན་ཕ་མྱེས་ཡང་མྱེས་ཀྱི་བླ་སྒུལ་བ་དང་། སུ་ཡིས་མཐོང་ན་ཡིད་ཆད་པ་དང་ཞེ་མེར་བའི་མི་གསོད་ཁྲག་སྦྱོར་དོན་རྐྱེན་འདི་འདྲ་བསླངས་འདུག ངོ་མ་མི་གཞན་གྱི་མདུན་ནས་མགོ་བོ་ཅི་ལྟར་འགྱོག་དགོས་སམ། དེ་མིན་ད་དུང་བོད་ཁམས་ན་འདི་འདྲ་མང་པོ་འདུག དཔེར་ན་ཁ་སང་ཕྱི་ཚེས་ ༣༠ ཉིན་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་ཆབ་མདོ་རྫོང་ལྷ་ཐོག་ཡུལ་ཚོ་རྒྱ་རུ་སྡེ་བའི་མཁར་མདོ་གྲོང་གི་ཧོར་ཆ་ཚང་དང་སྐོར་བསྡུས་གྲོང་ཚོ་གཉིས་བར་ས་རྩོད་བྱུང་སྟེ་མི་ ༣ རྐྱེན་ལམ་དུ་ཕྱིན་ཡོད་འདུག དེ་བས་ས་གནས་སྲིད་གཞུང་གི་འགོ་ཁྲིད་གཙོ་བྱས། རེབ་གོང་ཤོག་པ་བཅུ་གཉིས། དགོན་མ་ལག་སུམ་ཅུ་སོ་ལྔ་བཅས་ཀྱི་བླ་སྤྲུལ་དང་སེར་མོ་བའི་སྡེ། ཤེས་ཡོན་པའི་སྡེ་དང་མི་སྐྱ་རྒན་གཞོན་ཚང་མའི་མིག་འཛུམ་ནས་མི་འདུག་པར་མཉམ་རུབ་ཀྱིས་ལས་དོན་འདི་དག་ཁ་ཚ་དགོས་གཏུགས་ངང་སྐྱོན་བརྗོད་དང་བར་འདུམ་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཞིག་རེད་སྙམ།
༢༠༡༣ ༦ ༡ཉིན་འབྲུག་ཡུལ་ནས་རེབ་གོང་བ་བན་ལོག་གིས་སེམས་ཁམས་མི་སྐྱིད་པའི་ངང་གོ་རིམ་ཆལ་ཆོལ་གྱི་རྩོམ་འདི་འདྲ་ཞིག་ཤར་མར་བྲིས།