༼སྒོ་དམར་དྲ་བ་༽ཤར་གཏོང་བྱས་འདུག

རྣམ་པ་ཚོ། དེ་རིང་ནས་བཟུང་ངེད་ཅག་གིས་《སྒོ་དམར་དྲ་བ་》ཞེས་པའི་དྲ་བ་ཞིག་གསར་དུ་སྒོ་ཕྱེས་ཡོད་པས། རྣམ་པ་ཚོ་ཕེབས་པར་དགའ་བསུ་ཞུ། སྤྱིར་སྡེ་བ་ཞིག་གི་མིང་ཐོག་ནས་དྲ་ཚིགས་གཉེར་བ་ནི་ཁྱབ་རྒྱ་ཆུང་དྲགས་པ་ཞིག་ཏུ་སྣང་མོད། དེང་སང་གཞུང་སྒེར་གྱིས་གཉེར་བའི་རྩོམ་རིག་དྲ་བ་སོགས་མང་པོ་ཡོད་པས་དམིགས་བསལ་གྱིས་དགོས་པར་མ་མཐོང་བའི་ཁར། ངེད་ཅག་ལ་བོད་ཁམས་སྤྱིར་ཕན་པའི་དྲ་ཚིགས་ཤིག་གཉེར་བའི་འཇོན་ནུས་ཡང་མེད་པས་ཧ་ཅང་སྟབས་བདེ་བའི་ལས་ཀ་འདིར་འཇུས་པ་ཡིན། དྲ་ཚིགས་འདི་གཉེར་བའི་དམིགས་ཡུལ་གཙོ་བོ་ནི། རང་སྡེ་བའི་ 《རེབ་གོང་སྒོ་དམར་སྡེ་བ》ཡུལ་སྲོལ་གོམས་གཤིས་དང་། ལོ་རྒྱུས། རིག་གནས་སྒྱུ་རྩལ་སོགས་གཞན་ལ་ངོ་སྤྲོད་བྱ་ཆེད་དང་། སྒོས་སུ་བོད་རང་གི་ཟུངས་ཁྲག་ལྟ་བུའི་སྐད་ཡིག་རིག་གནས་ལ་དུང་ཞེན་ཟབ་པའི་རང་སྡེ་བའི་རྩོམ་པ་པོ་གང་མང་སྐྱེད་སྲིང་བྱ་རྒྱུ་དང་། སྡེ་གཞན་ལའང་འདི་ལྟར་དྲ་བའི་ཞིང་ས་རེ་བསྐྲུན་པར་སྐུལ་མ་བྱ་ཆེད་སོགས་ཡིན་པས། རྣམ་པ་དག་གིས་དུས་དང་རྣམ་པ་ཀུན་ཏུ་ངེད་ཅག་ལ་རྒྱབ་སྐྱོར་གནང་བར་མཁྱེན་མཁྱེན། ཞོར་དུ་ཞུ་རྒྱུ་ཞིག་ལ། དྲ་བ་འདིའི་ལོ་གཅིག་གི་འགྲོ་གྲོན་གཏོང་མཁན་གྱི་སྦྱིན་བདག་གམ་དྲ་བ་བཟོ་མཁན་གྱི་ལག་རྩལ་བ་མཁའ་རྒྱལ་ལགས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན།
རྩོམ་ཡིག་སོགས་བསྐུར་མཁན་དག་གིས་དྲ་བའི་གཤམ་གྱི་ཡིག་ཟམ་ནང་བསྐུར་བར་འཚལ།