གོ་ལའི་སྟེང་གི་རླབས་ཆེན་གྱི་མི་རིགས་ཤིག
ཁམས་སྨྱོན།
དང་པོ། མི་རིགས་འདི་ལ་འཕྲད་པའི་དཀའ་སྡུག
ལྗེའུ་རིགས(犹太人)ནི་སྤྱི་ལོ་སྔོན་གྱི་ལོ 1000ཙམ་ལ་གནའ་བོའི་མི་རིགས་ཀྱི་ཡ་གྱལ་ཤཱི་པོ་ལེ(希伯来)ཟེར་བའི་མི་རྒྱུད་ལས་མཆེད་ཅིང་། པ་ལི་སི་ཐན(巴勒斯坦)གྱི་ས་ཁུལ་དུ་ཞི་བདེའི་གྲོང་ཁྱེར(耶路撒冷)འབོད་པའི་རྒྱལ་ས་བཙུགས།
སྤྱི་ལོའི་དུས་རབས་དང་པོའི་ནང་། རོ་མའི་རྒྱལ་ཁབ་ཀྱིས་ཡ་ང་སྙིང་རྗེ་མེད་པར་བཙན་འཛིན་དང་གཉའ་གནོན་གྱི་དབང་བསྒྱུར་འོག་མི་གྲངས་ཁྲི 110ཤི་རྨས་ཤོར་ཞིང་ཁྲི 7 ལྷག་བྲན་གཡོག་བྱས་པ་དང་། ཕ་ས་དང་མ་རྒྱུ་སོགས་ཀྱི་བདག་དབང་མ་བྱུང་བར། འཛམ་གླིང་ཡུལ་གྲུ་དུ་མ་ལ་འཚོ་གནས་ཆེད་ཉུལ་དགོས་ཐུག་ཅིང་། དེ་དག་གིས་ལྗེའུ་རིགས་ཡམས་ནད་འགོས་པའི་མི་བཞིན་སྡོད་ས་ཟུར་དུ་བཀར་ནས་མཐོང་ཆུང་བྱས་པས་དཀའ་སྡུག་ཚད་མེད་མྱངས།
དུས་རབས་བཅུ་དགུ་པའི་འགོ་ནས་ཁོང་ཚོའི་མི་འགའ་རེའི་སེམས་སུ་ལྗེའུ་རིགས་ཀྱི་རྒྱལ་ཁབ་བསྐྱར་འཛུགས་བྱ་རྒྱུའི་བསམ་བློ་འཁོར་ཏེ་མེས་པོའི་ལྟེ་ཁྲག་འཕོས་ས་ལ་འཚོ་གནས་ཀྱི་འདུན་པ་ཤུགས་ཆེན་བྱུང་རུང་། ཁོ་ཚོའི་ཐོག་ལ་དཀའ་སྡུག་སྔར་ལས་ཆེ་བ་ཞིག་འཕྲད་འོང་པ་ནི། 1933 ལོར་རྗར་མན་ནེའི(德国)མ་རུང་པའི་དཔོན་ངན་ཤཱི་ཐུ་ལེ(希特勒)ཁྲི་ལ་འཁོད་རྗེས། རྒྱལ་ནང་དུ་དཔོན་གྱིས་མ་འཇོན་པའི་དཔལ་འབྱོར་ཉམས་ཉེས་བྱུང་བའི་ངན་ཁག་ལྗེའུ་རིགས་ལ་བཀལ་བ་དང་། འོག་གི་མི་སེར་ལ་ངན་སྐུལ་སྣ་ཚོགས་བྱས་ཏེ་འཁོན་འཛིན་སློང་ཞིང་དྲག་གནོན་བྱས་ནས་མི་གསོད་ཁྲག་སྦྱོར་ཚབས་ཆེན་བཟོས།
འཛམ་གླིང་དམག་ཆེན་གཉིས་པའི་སྔ་རྗེས་སུ་ལྗེའུ་རིགས་ཁྲི་ཕྲག་མང་པོ་ཕྱི་འབུད་གཏོང་བ་དང་། རྒྱུ་ནོར་འཕྲོག་པ། བཙོན་དུ་བཙུད་པ། གཡོག་ཏུ་བཀོལ་བ། ཐ་ན་དུག་རླངས་འཐུལ་བའི་ཁང་པའི་ནང་བཙན་གྱིས་བཙུད་དེ་མཉམ་དུ་དམར་བསད་བཏང་།
དམག་ཆེན་གཉིས་པའི་ནང་དམར་གསོད་བཏང་བའི་མི་ཁྲི 570 ལས་བརྒལ་ཞིང་། ཕོ་ལན་ཌི (波兰)རྒྱལ་ཁབ་གཅིག་པུའི་ནང་ངན་གསོད་བྱས་པའི་ལྗེའུ་རིགས་ཁྲི6 ལས་བརྒལ།
གཉིས་པ། མི་རིགས་འདི་ཡི་འགྱུར་མེད་ཀྱི་དམ་བཅའ་དང་མི་ཚེ་སྐྱེལ་ཐབས།
སྟོང་ལོ་ལྔ་ཡི་ལོ་རྒྱུས་ལྡན་ཞིང་། གླིང་ཆེན་ལྔ་ལ་འཐོར་ནས་བགྲང་བྱ་སྟོང་ཕྲག་གཉིས་ལྷག་སོང་བའི་འཛམ་གླིང་རང་བཞིན་གྱི་ལྗེའུ་རིགས་འདི་ཉིད། ཡུལ་དུས་ག་འདྲ་ཞིག་ཡིན་རུང་འགྱུར་མེད་ཀྱི་བསམ་བློ་དང་དམ་བཅའ་ཞིག་ཡོད་པ་དེ་ནི་རང་གི་ཕ་ཡུལ་ལ་དགའ་ཞེན་དང་། མི་རིགས་ལ་ཤ་ཞེན། རང་གི་རྒྱལ་ཁབ་ལ་མཐའ་གཅིག་ཏུ་གཅེས་སེམས་འཛིན་པ་དེ་རེད་འདུག །
ལྗེའུ་རིགས་འདི་ཉིད་ཀྱི་ཕ་ས་མ་ཡུལ་རྒྱལ་ཁབ་གཞན་གྱི་བཙན་འཛུལ་གྱིས་བདག་བཟུང་བྱས་པས་གནའ་ནས་ཡུལ་གྱར་ལ་འགྲོ་དགོས་ཐུག་ཅིང་ཡུལ་དུས་ལ་ངེས་པར་མེད་པས་ཚོང་གཉེར་དེ་ཁོང་ཚོའི་འཚོ་ཐབས་དང་། ཤེས་ཡོན་ནི་རྒྱུ་ནོར་གྱི་འབྱུང་རྩ་ལ་མཐོང་སྟེ། ཁོང་ཚོས་ཤེས་ཡོན་བསླབ་པར་འགྲོ་གྲོན་ག་འདྲ་སོང་རུང་སེར་སྣ་གཏན་ནས་མི་བྱེད་ལ། དེ་ནི་མ་འོངས་པའི་ལས་དོན་གྱི་རྒྱལ་ཁ་དང་འབྱོར་ཕྱུག་གི་རྩ་བ་ཡིན་པར་ངོས་འཛིན་གསལ་པོར་བྱེད་ཀྱི་ཡོད་འདུག །ཁོང་ཚོ་ལ་ད་ལྟ་འཛམ་གླིང་ཐོག་ཆེས་མཐོ་བའི་སློབ་གསོའི་ཆུ་ཚད་དང་། ཆེས་བཟང་བའི་མི་སྣ་གསོ་སྐྱོང་བྱ་ས་ཡོད་པར་གྲགས།
ཨེ་སི་རལ(以色列)འདི་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་ཞིང་ཐོན་ཁུངས་ཉུང་ལ་ཆུ་དཀོན་པ་དང་། བྱེ་སའི་ཚད་གཞི་ཧ་ཅང་ཆེས་ནའང་། ཁོང་ཚོ་ལ་འཛམ་གླིང་ན་སྐད་གྲགས་ཡོད་པའི་ཞིང་ལས་ཀྱི་ལག་རྩལ་ཡོད་པས། ཞིང་ས་ཆུང་ཆུང་དེ་ཡིས་ཁོང་ཚོ་གསོ་ཐུབ་ཡོད་པ་མ་ཟད། ཞིང་ལས་ཀྱི་ཐོན་རྫས་མང་པོ་རྒྱལ་ཁབ་གཞན་ལ་ཕྱི་འཚོང་བྱེད་བཞིན་ཡོད་འདུག །ཁོང་ཚོ་ལ་ད་དུང་འཛམ་གླིང་ཐོག་བཟོ་ལས་ཀྱི་ལག་རྩལ་ཨང་དང་པོ་དང་། ཁྱད་པར་དུ་བརྡ་འཕྲིན་གློག་རྡུལ་ཐད་འཛམ་གླིང་གི་སྔོན་དུ་ཐོན་ཡོད་པར་གྲགས།
ངོ་མཚར་སྐྱེ་འོས་པའི་གྲུབ་འབྲས་འདི་རྣམས་ཤེས་ཡོན་ལ་བརྟེན་ནས་བྱུང་ཞིང་། རིག་གནས་ལ་དོ་སྣང་དང་དམ་འཛིན་ཤུགས་ཆེན་བྱས་པའི་འབྲས་བཟང་རེད།
གསུམ་པ། མི་རིགས་འདི་ཡིས་དེང་དུས་འཛམ་གླིང་ཁ་ལོ་སྒྱུར་ཚུལ།
འཛམ་གླིང་ན་སྐད་གྲགས་ཡོད་པའི་ཨ་རིའི་དངུལ་རྩའི་ལྟེ་གནས་ཧའ་ཨེ་ཁྲོམ(华尔街)གྱི་འཇོན་ཐང་ཅན་ཕྱེད་ཀ་ནི་ལྗེའུ་རིགས་ཀྱི་མི་རྒྱུད་ཡིན་ལ། ཁྲིམས་རྩོད་པ 30% ལྗེའུ་རིགས་དང་། ཚན་རྩལ་པ་ཕྱེད་ཀ་ལྗེའུ་རིགས། ཁྱད་པར་དུ་གསར་འགྱུར་བརྒྱུད་ལམ་གྱི་ལས་རིགས་ཁག་སྐད་གྲགས་ཅན་ཉིའུ་གཡོད(纽约)དུས་ཐོག་ཚགས་པར་སོགས་ཁོང་ཚོས་གཉེར་ནས་ཡོད་ལ། ཨ་རིའི་འབྱོར་ལྡན་གྲགས་ཅན་བཞི་བརྒྱའི་ནང་གི་བཞི་ཆ་གཅིག་ལྗེའུ་རིགས་ཡིན་པ་རེད།
2001 ལོའི་ལོ་འགོ་བར། འཛམ་གླིང་ཡོངས་ལ་ལྗེའུ་རིགས་ཁྲི1325 ཡོད་ཅིང་། ཁྲི495 ཁོང་ཚོའི་རྒྱལ་ཁབ་ཨེ་སི་རལ་ལ་འཚོ་བ་སྐྱེལ་བཞིན་ཡོད་པ་ལས། དེ་མིན་ཁྲི830 འཛམ་གླིང་གང་སར་འཐོར་ནས་བསྡད་ཡོད་པ་རེད། ཁོང་ཚོས་འཛམ་གླིང་མི་ཡི་སྡོམ་གྲངས་ཀྱི་བརྒྱ་ཆ 0.25% ལས་ཟིན་གྱི་མེད་ཀྱང་། ནའོ་པེར(诺贝尔)བྱ་དགའ་ཐོབ་མཁན་ལྔ་ཆ་གཅིག་ལྗེའུ་རིགས་ཡིན་པ་རེད་འདུག །
དཔྱད་གཞིའི་ཡི་གེ་ལ་བཀོད་པ་ལྟར་ན། 1901 གཅིག་ནས་1995 ལོའི་བར་ནའོ་པེར་གཟེངས་རྟགས་བཞེས་མཁན663 བྱུང་བ་ནས140 ལྗེའུ་རིགས་་རྒྱུད་ཡིན་ཞིང་། 1968 ལོར་སི་ཝེ་ཌིན(瑞典)དབུས་དངུལ་ཁང་གིས་དཔལ་འབྱོར་རིག་པའི་ནོ་པེར་གཟེངས་རྟགས་འབུལ་རྒྱུ་བྱས་པ་ནས་དཔལ་འབྱོར་མཁས་ཆེན12 ཀྱིས་བྱ་དགའ་ཐོབ་ཅིང་། དེ་ལས་སུམ་ཆ་གཅིག་ཡན་ལྗེའུ་རིགས་མི་རྒྱུད་ཀྱིས་བླངས་པ་རེད།
དུས་རབས་ཉི་ཤུ་ལོ་རབས 90 པའི་ནང་ཨ་མེ་རི་ཁར་ལྗེའུ་རིགས་གྲངས་ཁྲི 600 ལ་སླེབས་ཀྱང་། ཨ་རིའི་མི་གྲངས་སྡོམ་འབོར་གྱི 3% ལས་ཟིན་མེད། ཡིནའང་ཁོང་ཚོས་ཨ་རིའི་སྤྱི་ཚོགས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། གླེང་ཕྱོགས་སོགས་ཕྱོགས་གང་ཐད་ནས་ཡར་སྐུལ་གཏོང་བར་མི་རིགས་གཞན་པ་སུས་ཀྱང་འགྲན་ཟླ་བྲལ་ཞིང་། ཨ་རིའི་ལྗེའུ་རིགས་རྣམས་ཚན་རྩལ་རིག་གནས་ཀྱི་ཕྱོགས་སུ་མཁས་དབང་གི་སྐར་ཚོགས་བཀྲ་ལ། སྐད་གྲགས་ཆེ་ཤོས་ཀྱི་རིག་གནས་པ 200 ནང་ཕྱེད་ཀ་ལྗེའུ་རིགས་ཡིན་པ་དང་། ནའོ་པེར་བྱ་དགའ་ཐོབ་མཁན་ཨ་རུའི་མི 100 ཡི་ནང་ཕྱེད་ལྗེའུ་རིགས་ཡིན་འདུག །
སྐད་གྲགས་ལྡན་པའི་སློབ་ཆེན་རྣམས་ཀྱི་སློབ་དཔོན་ཆེན་མོ་སུམ་ཆ་གཅིག་དང་། ཁྲིམས་རྩོད་པ་བཞི་ཆ་གཅིག །སློབ་ཆེན་སློབ་མའི་ལྔ་ཆ་གཅིག་བཅས་ལྗེའུ་རིགས་ཡིན་ལ། དེང་དུས་ཨ་རིའི་རྩོམ་རིག་དང་། འཁྲབ་སྟོན། རོལ་མོ་སོགས་ཀྱི་མཁས་དབང 60% དེ་ལྗེའུ་རིགས་ཡིན་པ་རེད།
དེང་རབས་དངོས་ཁམས་རིག་པའི་སྲོལ་འབྱེད་པ་འཛམ་གླིང་ན་སྐད་གྲགས་ལྡན་པའི་རླབས་ཆེན་གྱི་མི་སྣ་ཨེ་ཡི་སུ་ཐན(爱因斯坦)སོགས་བརྒྱ་ཕྲག་མང་པོ་བྱུང་འདུག་པས། དེ་དག་སོ་སོའི་མཛད་འཕྲིན་བརྗོད་ལས་འདས།
བཞི་བ། ང་ཚོ་ལ་ཐོབ་པའི་སློབ་གསོ་དང་བསླབ་བྱ།
ལྗེའུ་མི་རིགས་འདི་ཡིས་དཀའ་སྡུག་ལ་མགོ་མི་སྒུར་བ་དང་དཔའ་མི་ཞུམ་པར། མེས་པོའི་རྒྱལ་ཁབ་ཀྱི་ཆེད་དུ་ཡོད་ཚད་འབུལ་ནུས་པའི་སྙིང་སྟོབས་དང་། རིག་གནས་ནི་སྟོབས་འབྱོར་གྱི་རྩ་བ་དང་ཡར་རྒྱས་ཀྱི་སྲོག་ཤིང་ལ་བཟུང་སྟེ། ཚན་རིག་ལག་རྩལ་གྱིས་རང་བྱུང་ཁམས་དང་མི་ཡི་སྤྱི་ཚོགས་ལ་ཕན་བདེ་བླ་ན་མེད་པ་བསྐྲུན་དང་སྐྲུན་བཞིན་པ་དེ་ལྟར་ཀུན་གྱིས་མིག་ལྟོས་བྱ་ས་མཆོག་ཏུ་གྱུར་པ་ཞིག་ཏུ་གྱུར་ཡོད་པ་ལགས་ན། རང་རེ་ཁ་བ་ཅན་པས་ཀྱང་རང་ནུས་གང་ཡོད་ཀྱིས་དེར་མིག་དཔེ་དང་སློབ་སྦྱོང་བྱ་འོས་སུ་ཆེའོ། །
2010-10-15 ལ་
ཁམས་སྨྱོན་གྱིས་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཞིབ་འཇུག་སློབ་གླིང་དུ་བྲིས།