དྲེལ་གཞུང་རིག་རྩལ་ཚོགས་པའི་བསྒྲགས་གཏམ།
གངས་སྨྱོན། (རྐང་ཚ།)
རླབས་ཆེན་མེས་རྒྱལ་གསར་བའི་གཟི་འོད་ཀྱི་ཁྲོད་ནས། མ་ཡུམ་གུང་ཁྲན་ཏང་གི་བྱམས་བརྩེ་ཡི་པང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ནས། ''དྲེལ་གཞུང་རིག་རྩལ་ཚོགས་པ''གཞི་ནས་ལམ་ལ་ཆས་བྱུང་། ཁོ་ཚོ་ལམ་ལ་ཆས་པའི་གོ་རིམ་དུ། ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱའི་སྙིང་ཁྲག་དྲོན་མོ་སེམས་ཁོང་ན་ལྷོག་ལྷོག་ཏུ་གདུ་ཞིང་། རྩོད་སྒྲུབ་དངོས་གཙོ་སྨྲ་བའི་གཞུང་ལུགས་ཀྱི་གོ་ཆ་རང་ལུས་ལ་བརྟན་པོར་བགོས་ཡོད། གངས་འདབས་ཀྱི་ས་གཞི་སྐྱ་བོ་འདི་དང་། བྱང་ཐང་གི་འབྲོག་སྡེ་ཐར་ཐོར་འདིའི་ཆེད་དུ། ཁོ་ཚོས་རྩྭ་ཐང་གི་མེ་ཏོག་རེ་ལ་བདེན་གཏམ་རེ་སྨྲས་ཤིང་། ཆུ་ཕྲན་རེ་ལ་སད་གཞས་རེ་གྱེར་ནས། འདི་ལྟར་ཡིད་བློང་བློང་བོའི་ངང་ནས་ལམ་ལ་ཆས་བྱུང་། རྒྱང་ནས་རྒྱང་དུ།
ཏང་གི་ཡང་དག་པའི་ལམ་ལུགས་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་སྣེ་ཁྲིད་འོག་ཏུ། '' དྲེལ་གཞུང་རིག་རྩལ་ཚོགས་པས ''རང་རྟོགས་སྒོས་རིག་གནས་རིག་གནས་དང་ཤེས་བྱ་སྣ་ཚོགས་ལ་འབད་བརྩོན་དང་། མར་ལེ་རིང་ལུགས་ཀྱི་གཞུང་ལུགས་དྲིལ་བསྒྲགས། '' མཚོན་བྱེད་གསུམ'' གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་བྱེད་པ་སོགས། ས་ཁུལ་འདིའི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཕྱོགས་སུ་རང་ནུས་གང་ཡོད་འདོན་བཞིན་ཡོད།
གཅིག ང་ཚོའི་ཚོགས་པ་ནི་རྒྱལ་གཅེས་རིང་ལུགས་ཀྱི་ཚོགས་པ་ཞིག་ཡིན་པས། ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་མཛུབ་སྟོན་ལ་སློབ་པ་ལས། ལས་དབང་དང་གནམ་རྒན་མའི་བཀའ་ཆད་ལ་ཉན་རྒྱུ་མིན།
གཉིས། ང་ཚོའི་ཚོགས་པ་ནི་ཀྲུང་གོའི་ན་གཞོན་གསར་བའི་ཚོགས་པ་ཞིག་ཡིན་པས། རྒྱལ་ཁབ་ཀྱི་བཅའ་ཁྲིམས་མཐའ་དག་ལ་མིག་འབྲས་བཞིན་བརྩི་སྲུང་བྱེད་རྒྱུ་ནི་ང་ཚོའི་ཚོགས་པའི་ཚོགས་ཁྲིམས་ཡིན།
གསུམ། ང་ཚོའི་ཚོགས་པ་ནི་དམངས་ཁྲོད་ཀྱི་ཚོགས་པ་ཞིག་ཡིན་པས། མི་དམངས་མང་ཚོགས་ཀྱི་ཁེ་ཕན་བསྒྲུབ་རྒྱུ་དང་། ས་ཁུལ་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་ནི་ང་ཚོའི་དམིགས་འབེན་གཙོ་བོ་ཡིན།
བཞི། ང་ཚོའི་ཚོགས་པ་ནི་བསམ་བློའི་ཚོགས་པ་ཞིག་ཡིན་པས། གནམ་འོག་གི་ང་ཚོའི་བསམ་བློ་ལ་དཔུང་རྡང་སྦྲེལ་མཁན་ཐམས་ཅད་ནི་ང་ཚོའི་ཚོགས་པའི་ཚོགས་མི་ཡང་ཡིན།
ལྔ། ང་ཚོའི་ཚོགས་པ་ནི་འདྲ་མཉམ་གྱི་ཚོགས་པ་ཞིག་ཡིན་པས། ཚོགས་པ་འདིའི་ནང་ཚོགས་དཔོན་ཞེས་རྫིག་རྫིག་རྔམ་རྔམ་བྱེད་མཁན་མེད་ལ། ཚོགས་མི་ཞེས་གཉོམ་གཉོམ་ཞུམ་ཞུམ་བྱེད་མཁན་ཀྱང་མེད། ཐམས་ཅད་ཚོགས་མི་ཡིན་ལ་ཚོགས་དཔོན་ཀྱང་ཡིན། ང་ཚོ་མཉམ་དུ་གནས་བྱེད་ནི་མཐུན་སྒྲིལ་ཉག་གཅིག་ཡིན།
དྲུག ང་ཚོའི་ཚོགས་པ་ནི་རང་དབང་གི་ཚོགས་པ་ཞིག་ཡིན་པས། ལས་རིགས་དང་ཕོ་མོ། རྒན་གཞོན་སོགས་གང་ལའང་མ་བལྟོས་པར། ཡ་རབས་གུས་ཞབས་ལ་བརྩོན་མཁན་ཞིག་ཡིན་ཕྱིན་ང་ཚོའི་ཚོགས་པ་འདིར་མིང་ཐོ་འགོད་པའི་ཐོབ་ཐང་ཡོད།
བདུན། ང་ཚོའི་ཚོགས་པ་ནི་དཔལ་ཡོན་གྱི་ཚོགས་པ་ཞིག་ཡིན་པས། ང་ཚོར་མཁོ་བ་ནི་མི་གཤིས་དང་ཀུན་སྤྱོད་ཅན་གྱི་མི་བུ་དཔལ་ཡོན་ལྡན་མཁན་ཚོ་ཡིན་པ་ལས། སྤྱི་ཚོགས་ཀྱི་སྒྲིག་ཁྲིམས་ལ་བརྩི་འཇོག་མི་བྱེད་པའི་ཀླ་ཀློ་དང་ཟོག་པོའི་བརྫུ་བག་ཅན་དག་མིན།
བརྒྱད། ང་ཚོའི་ཚོགས་པ་ནི་རྨོངས་སེལ་གྱི་ཚོགས་པ་ཞིག་ཡིན་པས། ང་ཚོའི་ཚོགས་པའི་ཚོགས་མི་སུ་ཞིག་ཡིན་ཀྱང་གླ་ཕོགས་དང་སློབ་རིན་སོགས་གང་ཡང་མ་བླངས་པར། སྤྱི་ཚོགས་ཀྱི་ཡིག་རྨོངས་སེལ་བ་དང་། ཁྲིམས་རྨོངས་སེལ་བ། ཤེས་རྨོངས་སེལ་བའི་འགན་འཁུར་ཡོད།
དགུ ང་ཚོའི་ཚོགས་པ་ནི་སྒོ་འབྱེད་ཀྱི་ཚོགས་པ་ཞིག་ཡིན་པས། སྤྱི་ཚོགས་ཀྱི་མི་གང་གིས་ཀྱང་ང་ཚོ་ལ་སྐྱོན་བརྗོད་དང་མཛུབ་སྟོན་བྱས་ཆོག་ཅིང་། གནས་ལུགས་དང་ལྡན་པའི་སྐད་ཆ་ཞིག་ཡིན་ཕྱིན་ང་ཚོས་ངེས་པར་དུ་དང་ལེན་བྱེད་རྒྱུ་ཡིན། ང་ཚོའི་བསམ་བློ་དང་ཀུན་སྤྱོད། སྒྱུ་རྩལ་སོགས་ཀྱི་ཕྱོགས་ན་མི་འགྲིག་པའི་ཆ་ཡོད་ཚེ། ང་ཚོས་ནོར་བཅོས་ཡོ་བསྲང་བྱ་རྒྱུ་ཡིན།
བཅུ། ང་ཚོའི་ཚོགས་པ་ནི་ཤེས་ཡོན་ཅན་ལ་བརྩི་མཐོང་བྱེད་པའི་ཚོགས་པ་ཞིག་ཡིན་པས། ས་ཁུལ་འདི་དང་ས་ཁུལ་གཞན་པའི་སྐྱ་སེར་ཤེས་ལྡན་པ་སུ་ཞིག་ཡིན་ཀྱང་། ང་ཚོའི་ཚོགས་པ་ལ་སྣེ་ཁྲིད་དང་མཛུབ་སྟོན་བྱེད་པར་དགའ་བསུ་བྱེད་རྒྱུ་ཡིན།
བཅུ་གཅིག ང་ཚོའི་ཚོགས་པ་ནི་རིན་ཐང་ལ་འཚོལ་སྙེག་བྱེད་པའི་ཚོགས་པ་ཞིག་ཡིན་པས། རང་ཉིད་ད་ལྟའི་བར་དུ་གསོས་ཤིང་བསྐྱངས་པའི་མ་ཡུམ་རྒྱལ་ཁབ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་རྒྱུ་ནི། ང་ཚོའི་ཚོགས་པའི་མཐར་ཐུག་གི་ཕུགས་བསམ་ཡིན།
བཅུ་གཉིས། ང་ཚོའི་ཚོགས་པ་ནི་རྗེས་ལུས་ཀྱི་སྲོལ་རྙིང་བསྒྱུར་བཅོས་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་པས། ནམ་ཞིག་ས་ཁུལ་འདིའི་མི་དམངས་ཐམས་ཅད་ཀྱི་བསམ་བློ་སྔོན་ཐོན་ཅན་དུ་འགྱུར་བའི་ཉིན་མོ་ཞིག་ཡོད་ཚེ། དེ་ནི་དྲེལ་གཞུང་རིག་རྩལ་ཚོགས་པའི་ལས་ཀ་མཇུག་རྫོགས་པའི་ཉིན་མོའང་ཡིན།

དྲེལ་གཞུང་རིག་རྩལ་ཚོགས་པའི་ཚོགས་གླུ།
ང་ཚོ་དངོས་ཡོད་འཇིག་རྟེན་ཁམས་ལ་དགའ། །
ང་ཚོ་འགྲོ་བ་མི་ཡི་རིགས་ལ་དགའ། །
ང་ཚོ་རང་བྱུང་རི་ཆུའི་ཉམས་ལ་དགའ། །
ང་ཚོ་མཛེས་པའི་མི་ཡུལ་འདི་ལ་དགའ། །
ང་ཚོ་ཀྲུང་ཧྭའི་ནོར་འཛིན་ཁྱོད་ལ་དགའ། །
ང་ཚོ་མ་ཡུམ་གུང་ཁྲན་ཏང་ལ་དགའ། །
ང་ཚོ་སྤུན་ཟླའི་མི་རིགས་ཀུན་ལ་དགའ། །
ང་ཚོ་སྤྱི་ཚོགས་གསར་བའི་ལམ་ལ་དགའ། །
ང་ཚོ་གངས་ཅན་ཁ་བའི་ལྗོངས་ལ་དགའ། །
ང་ཚོ་གདོང་དམར་བོད་པའི་རིགས་་ལ་དགའ། །
ང་ཚོ་རྨ་འབྲི་ཆུ་བོའི་རླབས་ལ་དགའ། །
ང་ཚོ་སྲོག་ལྡན་སྐྱེ་འགྲོ་ཡོངས་ལ་དགའ། །
ང་ཚོ་སྐར་ལྔའི་དར་ཆ་དམར་པོར་དགའ། །
ང་ཚོ་ཞི་བདེའི་ཕུག་རོན་དཀར་མོར་དགའ། །
ང་ཚོ་ལེ་ཁྲིའི་ལྕགས་རི་རིང་པོར་དགའ། །
ང་ཚོ་རང་དབང་དང་ནི་འཚོ་བར་དགའ། །
ང་ཚོ་དེང་རབས་ཅན་བཞིའི་ལས་ལ་དགའ། །
ང་ཚོ་ཚན་རྩལ་ཤེས་བྱའི་གནས་ལ་དགའ། །
ང་ཚོའི་དགའ་ཤོས་གང་ཡིན་དྲིས་གྱུར་ན། །
ང་ཚོའི་དགའ་ཤོས་གཅེས་པའི་མེས་རྒྱལ་ཡིན། །