ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> ཆེད་དོན
  གསར་འགྱུར་ཀློག་པ།

སློབ་དཔོན་སྣ་ཚོགས་གཟུགས་ཅན།

[རྩོམ་པ་པོ:smnj]oks  ཡོང་ཁུངས:ངེད་  དུས་ཚོད:2013/2/23 22:56:16  བཀླགས་ཐེངས:2488][ཡིག་གཟུགས:ཡིག་གཟུགས་མདོག]
སློབ་དཔོན་སྣ་ཚོགས་གཟུགས་ཅན།
 
    སློབ་དཔོན་སྣ་ཚོགས་གཟུགས་ཅན་ནི། སྔོན་རྒྱ་གར་གྱི་ཡུལ་དུ་ཡོ་ག་ལ་མཁས་པའི་མི་གསུམ་ཞེས་གྲགས་པའི་ནང་ཚན། པཎ་གྲུབ་ཆེན་པོ་སྒེག་པའི་རྡོ་རྗེའི་མཚན་གྱི་རྣམ་གྲངས་ཤིག་ཡིན། དེ་ཡང་སློབ་དཔོན་སྒེག་པའི་རྡོ་རྗེས་ཨུ་རྒྱན་ཡུལ་གྱི་གླིང་ཕྲན་མ་དྷི་མ་ཞེས་བྱ་བར་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་པ་མཛད་དེ། འཕགས་པ་འཇམ་དཔལ་འགྲུབ་ཏུ་ཉེ་བ་ན། འཇམ་དཔལ་གྱི་བྲིས་སྐུ་ལས་འོད་ཆེན་པོ་བྱུང་སྟེ་གླིང་དེ་ཀུན་སྣང་བར་བྱས་པས་ཉི་མ་དང་འདྲ་བ་ཞེས་བྱ་བའི་མཚན་བྱུང་། ཕྱི་རོལ་པའི་རིག་སྔགས་འཛིན་པ་འགའ་ཞིག་ལ་དངོས་གྲུབ་སྒྲུབ་པའི་རྫས་སུ་ནང་པའི་པཎ་ཊི་ཏ་མཁས་པ་ཞིག་གི་དབང་པོ་ལྔ་དགོས་པར་བྱུང་ནས་སློབ་དཔོན་དཀྲོང་དུ་ཡོང་བ་ན། སློབ་དཔོན་གྱིས་རྟ་དང་། གླང་པོ་ཆེ་དང་། ཁྱེའུ་དང་། བུ་མོ་སོགས་སྣ་ཚོགས་ཀྱི་གཟུགས་སུ་བསྒྱུར་ཏེ་བཞུགས་པས། དཀྲོང་མཁན་རྣམས་ཀྱིས་སུ་ཡིན་ངོ་མ་ཤེས་ནས་ཕྱིར་ལོག་པས་སྣ་ཚོགས་གཟུགས་ཅན་ཞེས་བྱ་བའི་མཚན་བྱུང་།

མཐར་ཨུ་རྒྱན་གྱི་ཡུལ་དུ་འཇའ་ལུས་རྡོ་རྗེའི་སྐུ་བརྙེས། རབ་ཏུ་བྱུང་བའི་མཚན་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ་དང་། གསང་མཚན་སྒེག་པའི་རྡོ་རྗེ་ཡིན་པས་འདིས་མཛད་པའི་བསྟན་བཅོས་རྣམས་ཀྱི་མཇུག་ཏུ། སྒེག་པའི་རྡོ་རྗེ་ཉི་མ་དང་འདྲ་བ་སྣ་ཚོགས་གཟུགས་ཅན་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པས་མཛད་པ་ཞེས་བྱུང་ངོ་༎
དེ་ཡང་ཁོ་བོའི་མིང་ལ་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཞེས་བྱུང་བའི་སྐོར་ལ། སྤྱིར་ཁོ་བོ་ལ་མིང་གི་རྣམ་གྲངས་དུ་མ་ཡོད་པ། སྐྱེས་ནས་ཉིན་གསུམ་པ་ལ་ཡབ་ཀྱི་དྲུང་དུ་ཁྱེར་བས། ཡབ་རིག་འཛིན་ཆེན་པོས་བུ་འདི་ལ་ལྷ་འདྲེས་བར་ཆད་རྩོམ་སྲིད་གསུངས་ནས་ཆུང་མིང་འདྲེ་སྐྱབས་སུ་བཏགས། ཆེར་སྐྱེས་ནས་གསེར་ལྗོངས་བླ་མ་རུང་གི་མཁན་ཆེན་རྣམ་བཞིའི་ཡ་གྱལ། གྱི་ལུང་ཐུགས་མཆོག་རྡོ་རྗེ་དང་། ཀཿཐོག་མཁན་པོ་འཇམ་དཔལ་རྒྱ་མཚོ་ཟུང་གི་ཡེ་ཤེས་སྒྱུ་མའི་སྐུའི་རྣམ་རོལ་མཁས་པ་ཆེན་པོ་གླིང་སྤྲུལ་འཇིགས་མེད་ཀུན་བཟང་རྒྱལ་མཚན་གྱིས། བླ་མའི་མཚན་ཆ་ཚང་སློབ་མ་ལ་གནང་བར་མི་དབང་བས། ཆོས་རྗེ་ཡིད་བཞིན་ནོར་བུ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དང་། ཀཿཐོག་མཁན་ཆེན་པདྨ་བློ་གྲོས་གཉིས་ཀྱི་མཚན་གྱི་སྟོད་སྨད་གཉིས་ནས་བསྡོམས་པ་ཡིན་གསུངས་སྟེ། གཙུག་ལག་ཁང་དུ་འཇིགས་མེད་བློ་གྲོས་ཞེས་པའི་མིང་གནང་ཞིང་། ཕྱིས་སུ་མཁས་དབང་འཇིགས་མེད་བློ་གྲོས་རྒྱལ་མཚན་ཞེས་བྱ་བའི་ཕྱག་བྲིས་གནང་། གཞན་ཡང་མཁན་ཆེན་ཕྲིན་ལས་དབང་རྒྱལ་གྱིས་གནང་བའི་མིང་དཀོན་མཆོག་གསུམ་གྱི་འོད་ཟེར། གྲུབ་དབང་པདྨ་གཏུམ་དྲག་རོལ་བའི་རྡོ་རྗེས་གནང་བའི་མིང་འཇམ་དཔལ་ཡེ་ཤེས། གཏེར་སྟོན་བསམ་གཏན་རབ་རྒྱས་ཀྱིས་གནང་བའི་མིང་ཟླ་བྲལ་ཤེས་རབ་བདེ་སྟོང་རིག་པའི་རྡོ་རྗེ། རིགས་ལྔའི་མཁའ་འགྲོའི་ལུང་བྱང་ལས་བྱུང་བ་ཨོ་རྒྱན་སྒྲིབ་བྲལ་གླིང་པ། དག་སྣང་གསང་བའི་ཆོས་མཛོད་ལས་བྱུང་བའི་མིང་སློབ་དཔོན་སྣ་ཚོགས་གཟུགས་ཅན། ཡི་དམ་ལྷས་ལུང་བསྟན་པའི་མིང་སློབ་དཔོན་རྒྱ་མཚོའི་སྤྲིན་གྱི་ལང་ཚོ། དགེ་རྒན་བཀའ་དྲིན་ཅན་འཇུ་སྐལ་བཟང་གིས་དབྱར་ཐོག་གཅིག་ཏུ་ཁོ་བོ་གཅིག་པུ་ལ་ཨ་ལགས་ཚེ་ཏན་ཞབས་དྲུང་གི་ཁྲིད་རྒྱུན་ལྟར་སྙན་ངག་མེ་ལོང་མའི་བཤད་ཁྲིད་བསྩལ་ཞིང་། བཤད་ཁྲིད་གྲུབ་རྗེས་ཐུགས་མཉེས་ནས་གནང་བ་ཀུན་བཤད་ཀྱི་མིང་མཚུངས་མེད་ངག་རིག་རང་གྲོལ་མཚོ་བྱུང་འཛུམ་པའི་སྣང་བ། ལྷ་སར་རྒྱ་ནག་གི་སྲིད་དོན་ཉེན་རྟོག་པ་ལ་སྦས་སྐུང་བྱས་ནས་སྡོད་སྐབས་བྱིས་པ་བསམ་མེད་ཅིག་གིས་རྒྱུ་མཚན་འདི་ཡིན་མེད་པར་ང་ལ་གནང་ཞིང་། སྐབས་དེར་མི་ཀུན་གྱིས་དེ་ལྟར་འབོད་པའི་མིང་འབྲུག་མོ་རྒྱལ། བཞུགས་སྒར་རྡ་ས་གསོག་སྒར་ཤེས་རབ་དགའ་ཚལ་སློབ་གླིང་དུ་སྡོད་སྐབས། ལྷ་སའི་བུ་མོ་པ་སངས་སྒྲོལ་མས་གནང་བ། སློབ་གླིང་དུ་ཡོངས་གྲགས་ཀྱི་མིང་བློ་གྲོས་ཉི་མ། ལོ་ཙཱ་བ་བྷི་རན་གྷེ་གྷོལ་དང་། མཁའ་འགྲོ་ཤེས་རབ་ལྷ་མོ་སོགས་ནུབ་ཕྱོགས་ཀྱི་ངའི་སློབ་མ་གསར་རྙིང་མང་པོ་ཞིག་གིས་སྔ་ཕྱི་ཅི་རིགས་པར་མགྲིན་དབྱངས་གཅིག་གྱུར་གྱིས་གནང་བའི་མིང་དྷརྨཱ་ཌིག་ཤི་ན་རས་(Dharma Dictionary ཆོས་ཀྱི་ཚིག་མཛོད།) ལྷ་ལྕམ་ངང་བྱུང་དཔལ་གྱི་རྒྱལ་མོའི་སྐྱེ་མཐའ་མོན་བཟའ་ཚེ་དབང་རིག་འཛིན་ཆོས་སྐྱིད་དབང་མོས་གནང་བའི་མིང་ཧ་ནེས་བྷ་ནེས་(Honey Bunny སྦྲང་རྩིའི་རི་བོང་།)བཅས་མིང་མི་འདྲ་བ་བཅུ་བཞི་ཙམ་ཡོད་ཅིང་། ཁོ་བོ་དབུལ་བོའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པས། དགོན་པ་དང་བླ་མ་དཔོན་པོ་སུ་ལ་ཡང་ངའི་ལག་ནས་དོང་ཚེ་གཅིག་ཙམ་གྱི་ཕན་ཐོགས་ཡོང་བའི་རེ་བ་མེད་ཀྱང་། སྔོན་ནས་ད་བར་བླ་མ་སྐྱེས་ཆེན་དམ་པ་དུ་མས་དམིགས་བསལ་གྱི་རྒྱུ་མཚན་དུ་མ་ཞིག་ལ་བརྟེན་ནས་འཕགས་པའི་དགེ་བསྙེན་ཆེན་པོ་དྷརྨཱ་ཏཱ་དང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། འབུམ་པའི་རྒྱ་ཚ་ཞལ་དཀར། ཐོན་མི་སཾ་བྷཱོ་ཊ། ལོ་ཙཱ་བ་ཆེན་པོ་མཁས་དབང་དགེ་འདུན་ཆོས་འཕེལ། གཞི་ཆེན་མ་འདས་སྤྲུལ་སྐུ། གཏེར་སྟོན་འཇམ་དཔལ་ཡེ་ཤེས། མཁན་པོ་འཇམ་དཔལ་རྡོ་རྗེ་སོགས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་ཞིང་། རང་ངོས་ནས་སོག་ཟློག་པ་བློ་གྲོས་རྒྱལ་མཚན་གྱི་སྐྱེ་བ་གསལ་པོར་དྲན་པ་ལ། ཀཿཐོག་མཁན་པོ་ངག་ཆུང་སོགས་ཀྱིས། དམ་པ་གོང་མ་རྣམས་ཀྱི་སྐྱེ་བ་དྲན་པ་དེ་དག་གི་བྱིན་གྱིས་བརླབས་པའི་རྟགས་སུ་གསུངས་པ་བཞིན། ཀུན་མཁྱེན་སོག་ཟློག་པས་བྱིན་གྱིས་བརླབས་པའི་སྤྲུལ་སྐུ་རུ་རང་གིས་རང་ཉིད་ངོས་འཛིན་བྱས་པ་དང་། ཕྱིས་སུ་གཏེར་སྟོན་འཇའ་ཆོས་རིན་པོ་ཆེའི་ལུང་བརྟག་ལས་ཀྱང༌། སྔོན་གཙང་གི་ཕྱོགས་སུ་མ་ཏིའི་མིང༔ མགོན་པདྨའི་གདུང་འཚོབ་མཁས་པ་ཆེ༔ ཞེས་སོགས་གསུངས། དེ་དག་ལས་དྷརྨཱ་ཏཱའི་སྤྲུལ་སྐུར་ངོས་འཛིན་གནང་བའི་བརྒྱུད་རིམ་མདོ་ཙམ་ཞིག་ཁོ་བོའི་རང་རྣམ་ལེའུ་དང་པོར་བྲིས་ཟིན་ཞིང་། གཞན་མང་པོ་ཞིག་ནི་བླ་མ་སོ་སོས་དེ་ལྟར་ངོས་འཛིན་གནང་བ་ལས་དེའི་བརྒྱུད་རིམ་འདི་ཞེས་དམིགས་བསལ་མང་པོ་ཞིག་འབྲི་རྒྱུ་མེད་མོད། རང་རྣམ་ལེའུ་དང་པོར་གསལ་བོར་འབྲི་རྒྱུ་མ་བྱུང་བ་ཞིག་ལ། དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐུར་ངོས་འཛིན་གནང་བའི་བརྒྱུད་རིམ་ནི། ང་ལོ་བཅུ་བདུན་སྟེང་རྨ་ཡུལ་ཁྲ་གླིང་དགོན་ཆེན་དུ་ཚོགས་ཞུགས་བྱས་པའི་ལོ་གཅིག་གི་རྗེས་ནས་བཤད་གྲྭའི་ནང་དུ་ཞུགས། སྐབས་དེར་བཤད་གྲྭའི་ཞལ་འདོན་ལ་འཇམ་དཔལ་མཚན་བརྗོད་སོགས་འདོན་གྱི་ཡོད། ང་ལ་སྡེ་དགེའི་ཤིང་པར་གྱི་མཚན་བརྗོད་སུམ་བིད་མ་ཞིག་ཡོད་ཅིང་མཚན་བརྗོད་སུམ་བིད་མ་འདི་ཡོད་ས་ཧ་ཅང་ཉུང་ཉུང་ཡིན། ངས་སྐབས་དེར་མཚན་བརྗོད་སུམ་བིད་མའི་ཐོག་གི་ལཉྫ་རྣམས་སྔགས་ཀྱི་བཀླག་ཐབས་ལྟར་ཀློག་ཤེས་ཀྱི་ཡོད་པར་མ་ཟད་ད་དུང་མགྱོགས་པོར་ཀློག་ཐུབ་ཀྱི་ཡོད། དེ་ཙམ་ཞིག་ནས་གཞན་ལ་ཡང་སྔགས་ཀྱི་བཀླག་ཐབས་ཀྱི་འཆད་ཁྲིད་ཡག་ཐག་ཆོད་བྱེད་ཐུབ་པ་དང་སློབ་མ་ཡང་བཅུ་གྲངས་ཤིག་ཡོད། དེ་ནས་ཝརྟུ་ཡང་ཀློག་ཤེས་པ་བྱུང་མོད། ང་རང་ཉིད་ཀྱིས་འདི་རྣམས་ཆེད་དུ་སྦྱང་མྱོང་མེད་ལ་སྐབས་དེར་འདི་རྣམས་སྦྱང་སའི་དགེ་རྒན་ཞིག་ཀྱང་མེད་པ་ཀུན་གྱིས་ཤེས། ཡང་ཚོགས་ཆེན་འདུ་ཁང་གི་གདུང་མའི་ངོས་སུ་ལྷ་བཟོས་བྲིས་པའི་ལཉྫའི་རྟེན་འབྲེལ་སྙིང་པོ་སོགས་ཡོད་པ་བརྒྱ་ཆའི་བདུན་ཅུ་ཡན་ཆད་ནོར་ཡོད་པ་མཐོང་ནས་བཟོ་བཅོས་བྱེད་རྩིས་བྱས་ཀྱང་དགོན་བདག་རྣམས་ཀྱི་དོན་ཆེན་དུ་མ་བརྩིས་པས་བྱེད་ཐབས་མ་བྱུང་། སྤྲུལ་སྐུ་བསྟན་པའི་ཉི་མས་གཅོད་དབང་བརྒྱ་རྩ་སོགས་དབང་མང་པོ་ཞིག་གནང་བའི་སྐབས་སུ་འཕྲལ་དུ་དགོས་ངེས་ཀྱི་ཙཱཀླི་མང་པོ་མ་འབྱོར་སྟབས་ང་ལ་བྲིས་གསུངས་པ་ལྟར་ཁོང་གི་ཞལ་བཀོད་བཞིན་བྲིས་པ་རི་མོ་ལེགས་པའི་ཚད་དུ་བྱེད། འོན་ཀྱང་ལཉྫ་དང་ཝརྟུ་ལྟར་རི་མོ་ཡང་ཉིན་གཅིག་ལ་སྦྱངས་མྱོང་མེད། སྡོམ་གསུམ་རྣམ་ངེས་ཀྱི་ལེའུ་གཉིས་པའི་ཆོས་ཁྲིད་ཀྱི་སྐབས་འདུལ་བའི་གླེང་གཞི་དང་སྨན་གྱི་གཞི་སོགས་ཀྱི་ཐོག་ལ་ཐུན་མོང་མ་ཡིན་པའི་རྒྱ་གར་གྱི་གཏམ་ཤིན་ཏུ་མང་པོ་ཞིག་ཀྱང་སྨྲ་ནུས་པས། མཁས་པ་ཆེན་པོ་མདའ་བའི་བཀྲ་ཆོས་མཆོག་གིས། ཁོ་རང་ལོ་ཙཱ་བ་དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐུ་ཡིན་པ་འདྲ་ཞེས་མི་མང་པོ་ཞིག་ལ་གསུངས་འདུག སྐབས་དེར་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པར་སྐྲུན་གྲུབ་ཡོད་མེད་མི་ཤེས་ཀྱང་། ཁོང་གིས་ངེས་ཤེས་སྒྲོན་མེ་སོགས་ཀྱི་ཞལ་ཁྲིད་སྐབས་སུ་དགེ་ཆོས་ཀྱི་གསུངས་མང་པོ་ཐུགས་ཐོག་ནས་དྲངས་ཏེ་གཏིང་གང་ཟབ་བྱས་ནས་ཁྲིད་ཀྱིན་འདུག ཁོང་གིས་ང་དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐུ་ཡིན་པ་འདྲ་གསུངས་པ་དེ། ཁོང་གིས་ཆོས་གྲོགས་དང་སློབ་མ་རྒན་པ་ཁག་གཅིག་ལ་བཀའ་མོལ་ཙམ་གནང་བ་ཙམ་ནས་ཐུག་ཐག་བཅད་ནས་སྤྲུལ་སྐུར་ངོས་འཛིན་གནང་བ་ཞིག་མིན་ཞིང་། སྤྱིར་ཁོང་གིས་སྤྲུལ་སྐུ་ངོས་འཛིན་གནང་རྒྱུ་སོགས་ཕར་བཞག རང་དགོན་གྱི་མཁན་སྤྲུལ་ཆེ་དགུའི་སྟེང་དུ་ཀཿཐོག་རྨོག་སྤྲུལ་རིན་པོ་ཆེ་སོགས་ཀྱིས་བཀའ་ནན་ཤིན་ཏུ་ཆེ་བར་མཛད་ཀྱང་། ངས་ཅིག་བཤད་ཤེས་ན་སྐྱོར་དཔོན་བྱས་ནས་བཤད་ཆོག་གི་རེད། ད་དུང་མ་ཤིའི་བར་དུ་བཤད་ཆོག ཁྲི་ཐོག་ཏུ་བུད་པས་དམིགས་བསལ་ཞིག་ཅི་ཡང་བྱེད་ཡོང་རྒྱུ་མེད་ཅེས་སྐྱོར་དཔོན་ཙམ་ལས་དགོན་པའི་ལས་ཐོག་མཁན་པོའི་མཚན་ཡང་བཞེས་རོགས་གནང་མེད། འོན་ཀྱང་ཁྲ་གླིང་ཡུལ་དགོན་གཉིས་ན་ཆོས་འཇིག་རྟེན་གཉིས་གང་གི་ཐོག་ནས་ཀྱང་ཁོག་གི་གོང་ལ་བུད་མཁན་མེད་པས། ཁོང་ནི་མཐོ་དམན་བར་གསུམ་ཀུན་གྱི་ཁོག་པའི་ནང་གི་སྙིང་ལྟ་བུ་ཞིག་ཡིན། དེར་བརྟེན་ཁོང་གིས་བཀའ་མོལ་དེ་ལྟ་བུ་ཞིག་གནང་བ་སྤྱི་ཚོགས་ཐོག་གི་གླེང་ཕྱོགས་སུ་གྱུར་ནས་ང་དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐུ་རེད་ཅེས་ཀུན་ལ་གྲགས་པ་ཞིག་བྱུང་། ཕྱིས་སུ་༧སྐྱབས་རྗེ་པད་ནོར་རིན་པོ་ཆེས། རྡོ་རྗེ་གདན་ནས་ཁོ་བོ་འཕགས་པའི་དགེ་བསྙེན་དྷརྨཱ་ཏའི་སྐྱེ་སྤྲུལ་གྱི་མིང་ཐོག་ནས་ཁྲིར་འདོན་གནང་སྐབས། ངའི་ཕ་ཡུལ་གྱི་བླ་མ་རྒན་པ་ཁ་ཤས་ཤིག་གིས། དྷརྨཱ་ཏ་ཡིན་མིན་ཅང་མི་ཤེས། ཁོ་སྤྲུལ་སྐུ་ཞིག་ཡིན་ན་ངེས་པར་དུ་དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐུ་ཡིན་ངེས་ཞེས་སོགས་བཤད་འདུག
འོད་གསལ་རྡོ་རྗེ་སྙིང་པོའི་ཤིང་རྟ་རྒྱལ་བའི་དབང་པོ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དགོངས་པ་ཆོས་དབྱིངས་སུ་མནལ་བའི་དུས་ཆེན་ཁྱད་པར་བའི་ཉིན། རྒྱལ་ཟླ་བ་སྟེ་བོད་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཀྱི་སྲོད་ཐུན་ལ་སྐྱེས་པས། ཉིན་མཚན་ཙམ་མ་གཏོགས་རིག་འཛིན་ཆེན་པོ་འཇིགས་མེད་གླིང་པ་དང་སྐྱེ་ལོ་སྐྱེ་ཟླ་སྐྱེས་ཚེས་ཐམས་ཅད་གཅིག་མཚུངས་སུ་གྱུར་ཅིང་། སྐབས་དེར་སྦྲ་ཐོག་ཏུ་འཇའ་འོད་ཀྱིས་གང་སྟེ་སྨག་ནག་གི་ནང་ནས་ཀྱང་སྦྲའི་ཆོན་ཐག་ཚུན་ཆད་མཐོང་ཐུབ་པ་བྱུང་བས། ཡུལ་མི་རྣམས་ཀྱིས་གཅིག་གིས་གཅིག་ལ་སྦྲན་པ་བཞིན་ཡུལ་གང་པོའི་མི་རྣམས་ཀྱི་མིག་གི་ལོངས་སྤྱོད་དུ་གྱུར། ཆོས་དང་གདམས་ངག་སོགས་ཀྱིས་བློ་ཁ་མ་བསྒྱུར་བའི་སྐབས་སྟེ། བྱིས་པ་ཆུང་ངུ་དྲན་ཤེས་ཙམ་གྱི་དུས་ནས་ཀྱང་བྱམས་པ་དང་སྙིང་རྗེ། བདག་བས་གཞན་གཅེས་སོགས་གྱི་བློ་སྟོབས་དང་ལྡན་པ་བཅོས་མ་མ་ཡིན་པར་མངའ་བས། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌།། མོས་པ་དང་ནི་བཟོད་པ་དང༌།། དགེ་བ་ཡང་དག་སྤྱོད་པ་ནི།། རིགས་ཀྱི་རྟགས་སུ་ཤེས་པར་བྱ།། ཞེས་སོགས་གསུངས་པ་ལྟར་རྒྱས་འགྱུར་གྱི་རིགས་སད་པའི་འབྲས་རྟགས་རྣམས་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཇི་ལྟ་བ་བཞིན་མངོན་དུ་གྱུར། ལོ་བརྒྱད་དགུ་ཙམ་གྱི་དུས་སུ་མགོན་པོ་ཚེ་དཔག་ཏུ་མེད་པ་དང་། གཙུག་ཏོར་གདུགས་དཀར་མོ་སོགས་ཀྱི་ཞལ་ཡང་ཐོག་རེག་བྲལ་བའི་འཇའ་འོད་ཀྱི་རྣམ་པར་ཡང་ནས་ཡང་དུ་མངོན་སུམ་དུ་མཇལ། ཆུ་བོ་ཆེན་པོ་རྣམས་ཀྱང་གཏིང་རུམ་ཡན་ཆད་འཁྱག་རོམ་དུ་གྱུར་ཅིང་། ས་ལ་ལྕགས་ཀྱི་ཕུར་བ་འདེབ་མི་ཐུབ་པའི་མགོ་ལོག་གི་དགུན་ཟླ་འབྲིང་པོའི་མཇུག་ཤིག་ལ། སློབ་དཔོན་རིན་པོ་ཆེ་ཡིན་ཁུལ་ཀྱི་རྡོ་སྐུ་བཤམས་པའི་རྩེ་རའི་ནང་དུ་ཡུ་བ་རིང་པོ་ཅན་གྱི་མེ་ཏོག་སེར་ཆེན་སྐྱེས་པ་སོགས་རྩ་བ་གསུམ་གྱིས་བྱིན་གྱིས་བརླབས་པའི་རྟགས་མཚན་མང་དུ་བྱུང་། དུས་ཕྱིས་སུ་ཡང་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་དང་། རྡོ་རྗེ་སེམས་དཔའ་སོགས་ཀྱིས་རྨི་ལམ་ཚུན་ཆད་དུ་རྗེས་སུ་བཟུང་ཞིང་གཟེངས་བསྟོད་དབུགས་དབྱུང་དང༌། སྐྱེ་མེད་དོན་གྱི་དབང་མཆོག་ཟབ་མོའི་ཕ་ཕོགས་ཀྱི་སྐལ་བ་ལེགས་པར་ཐོབ་པ་སོགས་ནི་རང་ཉིད་སོ་སོའི་སྐྱེ་བོ་སྡིག་ཏོ་ཅན་རྣམས་ལས་ཅུང་འཕགས་ཤིང་། ཚེ་རབས་ཀྱི་ཕྲེང་བར་ཡང་དག་པའི་དགེ་བའི་བཤེས་གཉེན་གྱིས་ཟིན་ཞིང་རྒྱལ་བ་དགྱེས་པའི་སྤྱོད་པ་ལ་བསླབས་པའི་རྟགས་སུ་རློམ་བཞིན་པའོ༎ འདི་རྣམས་སུ་སྐབས་ཀྱི་དོན་དང་བབ་འབྲེལ་ཆེ་བའི་དམིགས་བསལ་གྱི་གླེང་གཞིར་ཐལ་བ་ལགས།
སྐབས་སུ་བབས་པ་སློབ་དཔོན་སྣ་ཚོགས་གཟུགས་ཅན་ཞེས་པའི་མིང་བྱུང་ཚུལ་དངོས་ནི། ཕྱི་ལོ་༢༠༠༨ལོར་ཨ་རིའི་མངའ་སྡེ་མ་རས་ལན་ཌིར(Maryland)ས་སྐྱའི་ཆོས་ཚོགས་ཤིག་ཏུ་རེ་ཞིག་བསྡད་ཡོད་སྐབས། ལོ་དེའི་ཕྱི་ཟླ་༡༡པའི་ཚེས་༦གི་ཐོ་རེངས་ཁར། སློབ་དཔོན་སྒེག་པའི་རྡོ་རྗེ་ཡིན་རྒྱུ་བའི་བླ་མ་ཞིག་བྱུང་ནས། ངའི་མིང་སྣ་ཚོགས་གཟུགས་ཅན་ཟེར་བ་འདི་དེ་རིང་ནས་ཁྱོད་ལ་བཏག་པ་ཡིན་པས་ཕྱིན་ཆད་ཁྱོད་ཀྱི་མིང་ལ་སྣ་ཚོགས་གཟུགས་ཅན་ཞེས་བོས་དང་བར་ཆད་ཀྱིས་མི་ཚུགས་པར་ཚེ་དང་སྒྲུབ་པ་མཐར་ཕྱིན་པའི་རྟེན་འབྲེལ་ཡོད་པ་ཡིན་གསུངས། དེ་དུས་ངའི་སེམས་སུ། འོ་ན་སྣ་ཚོགས་གཟུགས་ཅན་ཕྱི་མ་ཞེས་འབོད་དགོས་སམ་སྙམ་པ་ཞིག་བྱུང་ཡང་ཁ་ནས་ཚིག་དེ་མ་ཐོན་པར་སྟབས་སྟབས་པོར། མིང་འདི་བརྗེད་སོང་ན་ག་འདྲ་བྱེད་དགོས་སམ་ཟེར་བ་ཞིག་ཐོན་སོང་བས། ཁོང་གིས་ང་ལ་ཧུར་རེར་གཟིགས་ནས། ད་ཁྱོད་ཀྱིས་མཚན་བརྗོད་ཀྱང་བརྗེད་འགྲོ་གི་རེད་ཟེར་གྱི་ཡོད་དམ། སྣ་ཚོགས་གཟུགས་ཅན་བསྐྱེད་པ་པོ།། མཆོད་ཅིང་རྗེད་པ་དྲང་སྲོང་ཆེ།། རིག་གསུམ་འཆང་བ་གསང་སྔགས་འཆང་།། དམ་ཚིག་ཆེན་པོ་གསང་སྔགས་འཛིན།། གཙོ་བོ་དཀོན་མཆོག་གསུམ་འཛིན་པ།། ཐེག་པ་མཆོག་གསུམ་སྟོན་པ་པོ།། ཟེར་བ་དེ་ཁྱོད་ལ་ཟེར་བ་མིན་ནམ་ཞེས་གསུངས་བྱུང་། འདི་དང་མཐུན་པར་ཆོས་རྗེ་ཡིད་བཞིན་ནོར་བུའི་རྣམ་ཐར་དུ་ཡང་། ཁོང་གིས་རྒྱལ་བསྟན་དག་ཐེར་གནང་སྐབས་ཕྱི་ནང་གི་བར་ཆད་ཤིན་ཏུ་མང་པོ་བྱུང་ནས་ཐུགས་མུག་ཏེ་བཞུགས་སྐབས། གཟིམ་ལམ་དུ་འཇམ་དཔལ་གྱི་སྤྲུལ་པའི་ཁྱེའུ་ཞིག་བྱུང་ནས། འཇམ་དཔལ་རྩ་རྒྱུད་ལས། ཡི་གེ་ཨ་མིང་བདག་ཉིད་ཆེ༎ སྟོན་པའི་བསྟན་ལ་གཅེས་འཛིན་བྱེད་ཅེས་པ་དེ་ཁྱེད་ལུང་དུ་བསྟན་པ་ཡིན་པས་ཐུགས་མ་ཞུམ་པར་བསྟན་པ་འཛིན་སྐྱོང་གནང་དགོས་ཚུལ་གསུངས་པ་དེས་ཁོང་གི་ཐུགས་ལ་སྤོབས་པ་ཆེན་པོ་འཁྲུངས་ཚུལ་གསུངས་ཡོད་པ་བཞིན། རང་ལ་ཡང་ཚེ་འདིའི་ལས་དོན་ཡོངས་རྫོགས་རྒྱལ་བསྟན་འཛིན་སྐྱོང་དང་། ཁྱད་པར་ནང་རྒྱུད་ཡོ་ག་སྡེ་གསུམ་གྱི་བསྟན་པ་འདི་ལ་མ་ཤིའི་བར་དུ་ཐོས་བསམ་ཉམས་ལེན་དང་འཆད་སྤེལ་སོགས་ཀྱི་སྲི་ཞུ་གང་ལེགས་བསྒྲུབ་རྒྱུའི་ཆོད་སེམས་སྔར་ནས་ཡོད་པའི་ཁར། སྣ་ཚོགས་གཟུགས་ཅན་ཞེས་པའི་མིང་འདི་ཡང་ང་རང་གི་ཉིང་འཁྲུལ་གྱི་སྣང་བ་དང་མཐུན་པར་སྔོན་སློབ་དཔོན་སྒེག་པའི་རྡོ་རྗེ་སྐུ་ཚེའི་བར་ཆད་ལས་གྲོལ་བའི་སྐབས་ཀྱི་མཚན་ཡིན་པའི་རྟེན་འབྲེལ་བཅས་ཀྱིས། རང་གི་ཉིང་འཁྲུལ་གྱི་སྣང་བ་དེ་ལ་རང་གིས་གཙིགས་ཆེན་བྱས་ནས་སྣ་ཚོགས་གཟུགས་ཅན་ཞེས་པའི་མིང་འདི་བཀོལ་རྒྱུའི་མགོ་བཙུགས་པ་ཡིན། མིང་དེའི་མགོར་སློབ་དཔོན་ཞེས་བྱུང་བ་ནི། སྤྱིར་སྒྲ་ལ་བཤད་འཇུག་ཡོད་མེད་ཀྱི་མུ་བཞི་བརྩི་རྒྱུ་ཡོད་པ་ལྟར། རྟེན་རབ་བྱུང་ཡིན་པའི་ཆོས་ཀྱི་སློབ་དཔོན་རྣམས་ལ་མཁན་པོ་དང་སློབ་དཔོན་གཉིས་ཀའི་མཚན་བེད་སྤྱོད་བྱེད་པ་ཡོད་ཀྱང་། རྟེན་ཁྱིམ་པ་ཡིན་པའི་ཆོས་ཀྱི་སློབ་དཔོན་རྣམས་ལ་སློབ་དཔོན་ཞེས་འབོད་པ་ལས་མཁན་པོ་ཞེས་འབོད་སྲོལ་མེད་པས། སྣ་ཚོགས་གཟུགས་ཅན་གྱི་སྟེང་དུ་སློབ་དཔོན་ཞེས་པ་དགོས་དབང་གིས་བསྣན་པས་མིང་ཡོངས་རྫོགས་ལ། སློབ་དཔོན་སྣ་ཚོགས་གཟུགས་ཅན་ཞེས་པ་འདི་བྱུང་བ་ཡིན།
འདིར་ཅིས་ཀྱང་གླེང་འོས་པ་ཞིག་ནི། དེ་ཡང་མཛོད་ལྔའི་ཤིང་རྟ་མ་ཧཱ་པཎྜི་ཏ་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱིས་མཛད་པའི་རང་རྣམ། འདུ་ཤེས་གསུམ་ལྡན་སློང་པ་པའི་གཟུགས་བརྙན་པདྨ་གར་གྱི་དབང་ཕྱུག་ཕྲིན་ལས་འགྲོ་འདུལ་རྩལ་གྱི་རྟོགས་པ་བརྗོད་པའི་དུམ་བུ་སྨྲིག་རྒྱུའི་བདུད་རྩི་ལས། ཕྱིར་རྒྱལ་བས་ལུང་བསྟན་པ་ནི་འཕགས་ཡུལ་དུ་རྒྱན་དྲུག་གཙོས་སློབ་དཔོན་ཁ་ཤས། བོད་འདིར་མཉམ་མེད་དྭགས་པོ་རིན་པོ་ཆེ་དང་འབྲོམ་སྟོན་པ་རྣམས་ལུང་བསྟན་པ་ལ་སུས་ཀྱང་བསྙོན་དུ་མེད། འཇམ་དཔལ་རྩ་བའི་རྒྱུྡད་སོགས་ལས་བོད་ཀྱི་རྒྱལ་པོ་རྣམས་ཁྲིགས་ཆགས་སུ་བྱུང་། དགའ་ལྡན་དང་བློ་བཟང་གི་མིང་རྣམས་ཀྱང་གསལ་བར་བྱུང་། གཞན་བསྟན་པ་གསལ་བར་བྱེད་པའི་སྐྱེས་ཆེན་ཤིང་རྟའི་སྲོལ་འབྱེད་རྣམས་ཀྱང་དེང་སང་བོད་དུ་བཞུགས་པའི་མདོ་རྒྱུད་རྣམས་ལས་ལུང་བསྟན་གསལ་བར་མ་མཐོང་ཞེས་སོགས་དང་། ཁོ་བོ་ལྟ་བུ་ལ་ནི་སངས་རྒྱས་ཀྱིས་ལུང་བསྟན་པའི་རེ་བ་རྨི་ལམ་དུའང་ག་ལ་ཡོད་ཅིང་། གཏེར་ལུང་རྣམས་ཀྱང་གོང་དུ་སྨྲོས་པ་ལྟར་དགོངས་པ་ཅན་གྱི་གསུངས་ལོས་ཡིན་སྙམ་པ་ལས་ངེས་དོན་ཡིན་པའི་ཐག་ཆོད་དང་རློམས་སེམས་གཏན་ནས་མེད་ངེས་ན་ཡང་ཞེས་སོགས་ནས། ཏིང་འཛིན་རྒྱལ་པོའི་མདོ་དང་། ཡེ་ཤེས་ཕྱག་རྒྱའི་མདོ། ལངྐར་གཤེགས་པའི་མདོ་རྣམས་ཀྱི་ལུང་རྣམས་ཁོང་གི་བླ་མ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་བཀའ་དགོངས་ལྟར་ཁོང་རང་ཉིད་ལ་སྦྱར་རྗེས། རྒྱལ་བའི་གསུང་རྣམ་པ་ཐམས་ཅད་པ་ཞེས་སྒྲ་ཤིན་ཏུ་ཡངས་པས་འབྲེལ་གང་དུ་ཆགས་པ་དེར་ཁྱེར་ཆོག་པས་འདི་ལ་མི་འོས་སྙམ་པ་དང་། གཞན་ཞིག་ལ་འཐད་ཀྱང་འདིར་འཐེན་ཁྱེར་བྱས་འདུག་སྙམ་པའི་ཁོང་ཁྲོ་དང་གུ་དོགས་གཏན་ནས་མི་དགོས་སོ༎ ཞེས་གསུངས་པ་ལྟར། ཁོ་བོས་ཀྱང་རང་གི་འཁྲུལ་སྣང་ལ་རང་གིས་ཆེ་མཐོང་བྱས་པ་ཙམ་ཞིག་ལས་གཞན་ཅི་ཡང་མིན་པས་ཡང་ཟོག་པོ་དང་རྫུན་མས་མགོ་སྐོར་འདི་ལྟ་བུ་བྱས་སོ་ཞེས་པའི་འཁོན་འཛིང་བྱེད་དགོས་དོན་མེད་ལ། ཟིན་བྲིས་དུམ་བུ་འདི་ཡང་ད་བར་ལོ་ཁ་ཤས་ལ་སྐབས་སུ་མ་བབ་པ་འདྲ་ཞིག་བྱུང་བས་སྦས་ནས་བསྡད་པ་ཡིན། ལོ་སྔོན་མའི་ལོ་མགོ་ཞིག་ལ་ངའི་དམ་གཙང་གི་ཆོས་གྲོགས་རྟོགས་པའི་གདེངས་ལྡན་མཁན་ཆེན་བླ་མ་མཆོག་གིས། མཚན་བརྗོད་ནང་གི་སྣ་ཚོགས་གཟུགས་ཅན་ཞེས་པའི་ཚིག་ཡོད་ས་མང་པོ་ཞིག་ང་དང་སྦྱར་ནས་དྲ་ཐོག་ཏུ་བཀོད་འདུག་པ་མཐོང་མ་ཐག་ཐོག་མར་ཡ་མཚན་པ་ཞིག་ཀྱང་བྱུང་མོད། འོན་ཀྱང་སེམས་ལ་ཤིན་ཏུ་མ་བདེ་བ་ཞིག་ཀྱང་བྱུང་། དེའི་རྒྱུ་མཚན་ནི། ང་རང་གི་ཉིང་འཁྲུལ་གྱི་གཏམ་འདི་ཉིད་མ་སྤེལ་གོང་གི་ཁོང་གིས་དེ་ལྟར་གནང་སོང་བས། ད་ནི་ངའི་འདི་ཉིད་སྤེལ་སྟབས་ཤིན་ཏུ་མ་བདེ་བ་ཞིག་ཆགས་སོང་སྙམ། ཡང་དེའི་རྗེས་སུ་ང་ཚོ་གསང་སྔགས་བླ་མེད་ཀྱི་དབང་ཐོབ་ཅིང་། རིམ་གཉིས་ཟབ་མོའི་ལམ་ཉམས་སུ་ལེན་མཁན་གྱི་སྔགས་པ་རྣམས་ལ་བླ་མ་དང་མཆེད་གྲོགས་གཟུང་མ་གསུམ་ལས་རྟེན་འབྲེལ་གྱི་སྒོ་ཆེ་བ་ཞིག་མེད་པས། དམ་གཙང་གི་ཆོས་མཆེད་ཁོང་ལ་ངས་ནི་དེའི་སྐོར་གང་ཡང་ཞུ་མ་མྱོང་བཞིན་དུ་ཁོང་གིས་དེ་ལྟར་གནང་བྱུང་བ་ཡང་རྟེན་འབྲེལ་གྱི་སྒོ་དང་བསྟུན་ན་ངོ་མཚར་ཤིན་ཏུ་ཆེ་བ་ཞིག་ཀྱང་བྱུང་སོང་སྟབས། ཉིང་འཁྲུལ་གྱི་གཏམ་འདི་སྤེལ་བའི་དུས་ལ་བབ་པ་ཡིན་ཤས་ཆེ་སྙམ་ཡང་རེ་ཞིག་སྤེལ་འདོད་མ་བྱུང་བས་དེ་མུར་ལུས། ད་ལྟའི་སྐབས་སུ་ནི། མ་འོངས་པར་ཡང་ཇི་སྲིད་འཚོའི་བར་བསྟན་པའི་ཞབས་ཕྱི་གང་ལེགས་རེ་བསྒྲུབ་ཐུབ་ན་རབ་ལོས་ཡིན་ཀྱང་། གལ་ཏེ་དེ་ལྟར་མ་བྱུང་ན་ཡང་། ད་ལྟའི་བར་དུ་སྔ་འགྱུར་རྒྱུད་འབུམ་ཆེན་མོ་པོ་ཏི་ཉེར་དྲུག་དང་། རྒྱ་ཆེན་བཀའ་ཡི་མཛོད་དམ་བཀའ་མ་པོད་ཆེན་བརྒྱ་དང་ཉི་ཤུ། ཟབ་མོ་གཏེར་གྱི་མཛོད་པོ་ཏི་བརྒྱ་དང་བཅུ་གཅིག་སོགས་ལ་གསལ་བྱེད་ཀྱི་བསྟན་བཅོས་ངོ་མཚར་ཅན་མ་འོངས་པའི་བསྟན་རྒྱུན་ལ་ཕན་ངེས་དང་། མ་འོངས་པའི་བསྟན་འཛིན་རྣམས་ལ་མཁོ་བར་ངེས་པ་པོ་ཏི་བཅུ་གྲངས་ཀྱི་ཚད་དུ་ལོངས་པ་ལེགས་པར་གྲུབ་ཟིན་པས། སྤྲུལ་སྐུའི་མིང་བྱང་ཞིག་མགོ་ལ་ཁུར་བ་དང་། གོང་གི་ཉིང་འཁྲུལ་གྱི་གཏམ་དེ་རྣམས་རང་གི་གསུང་འབུམ་ཡིན་ནམ་རྩོམ་འབུམ་ཡིན་སྐད་པའི་ནང་དུ་བཅུག་པ་ལ་ཡང་ངོ་གནོང་མི་དགོས་པ་ཙམ་ཞིག་བྱུང་ཡོད་ཅེས་ཞུ་བ་ཡིན། ལར་ཉིང་འཁྲུལ་གྱི་གཏམ་འདི་འདྲ་སྤེལ་བ་ལ། རིགས་དང་། ཐོས་པ་དང་། གདམས་ངག་གི་བརྒྱུད་པ་མི་གཅིག་པའི་སྐྱེ་བོ་འགའ་རེས་ལོག་ལྟ་སྐུར་འདེབས་ཀྱི་རྒྱུ་ཙམ་ལས་དགོས་པ་ལྷག་པོ་ཡོད་མེད་མ་ངེས་ཀྱང་། ང་ཚོ་སྔགས་སྨྱོན་རྣམས་ལ་སྤེལ་བསམས་པ་རེ་བྱུང་བ་དུས་ཐོག་ཏུ་མ་སྤེལ་ན་ལུས་དང་སེམས་ཀྱི་ནད་དུ་འགྲོ་བ་ལགས་པས། དགོངས་པ་ཚོམ་ཆོག་ཆོག་དང་བཀའ་བཀྱོན་གནང་ཆོག་ཆོག་བྱས་ནས་བཞུགས་ཡོད་པ་རྣམས་ཀྱི་ཐུགས་དང་འགལ་བ་རེ་བྱུང་ན། གོང་དུ་འཇམ་མགོན་ཀོང་སྤྲུལ་ཀྱིས། རྒྱལ་བའི་གསུང་རྣམ་པ་ཐམས་ཅད་པ་ཞེས་སྒྲ་ཤིན་ཏུ་ཡངས་པས་འབྲེལ་གང་དུ་ཆགས་པ་དེར་ཁྱེར་ཆོག་པས་འདི་ལ་མི་འོས་སྙམ་པ་དང་། གཞན་ཞིག་ལ་འཐད་ཀྱང་འདིར་འཐེན་ཁྱེར་བྱས་འདུག་སྙམ་པའི་ཁོང་ཁྲོ་དང་གུ་དོགས་གཏན་ནས་མི་དགོས་སོ་ཞེས་གསུངས་པ་འདི་དང་། ཁྱད་པར་དུ་ཆོས་སྲིད་གང་གི་ཡང་སྣ་ཆེན་པོ་ལ་མི་གཏོགས་པའི་མི་དཀྱུས་མ་ཞིག་གིས་རང་གི་ཉིང་འཁྲུལ་རང་གིས་ཡིག་ཐོག་ཏུ་བྲིས་པ་ཙམ་ཞིག་ལ་བརྩིས་ཏེ་ལྷ་དགོངས་དྭངས་པ་གནང་རོགས་ཞེས་ཞུ་བ་ལགས།
     ཞེས་སློབ་དཔོན་སྣ་ཚོགས་གཟུགས་ཅན་གྱིས་ཕྱི་ལོ་༢༠༠༨ལོའི་ཟླ་༡༡པའི་ཚེས་༦ཉིན་བྲིས་པའི་ཉིང་འཁྲུལ་གྱི་ཟིན་བྲིས་ཐོར་བུ་ལ་འཕྲི་སྣོན་དང་དག་བཅོས་ཕྲན་བུ་ཞིག་བྱས་ཏེ། ཕྱི་ལོ་༢༠༡༣ལོའི་ཟླ་༢པའི་ཚེས་༢༠ཉིན་སྤེལ་བ་དགེ་ལེགས་འཕེལ༎
 
·གསར་འགྱུར་གོང་མ:སྙན་ངག་པ་གཉའ་གོང་ལྷ་བྷེ་ལཊ་ལ་རྗེས་དྲན་དུ
·གསར་འགྱུར་འོག་མ:སྙན་ངག་པ་གཉའ་གོང་ལྷ་བྷེ་ལཊ་རྗེས་སུ་དྲན་པ།
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
མིག་སྔར་གསར་མི་འདུག
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 10:53:19 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 14:20:18 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 21:30:02 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 54 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།26.86MS