ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> གསར་འགྱུར། >> འཕྲུལ་གྱི་རྒྱང་ཤེལ། >> འབྱུང་ཁཾས
  གསར་འགྱུར་ཀློག་པ།

དེང་རབས་བཟའ་བཏུང་འཕྲོད་བསྟེན་ཆ་ཚང་།

[རྩོམ་པ་པོ:མཁན་ཚུལ་ཁྲིམས་བློ་གྲོས་  ཡོང་ཁུངས:མཚོ་སྔོན་པོ་  དུས་ཚོད:2012/10/1 10:09:18  བཀླགས་ཐེངས:2549][ཡིག་གཟུགས:ཡིག་གཟུགས་མདོག]
 

 དེང་རབས་བཟའ་བཏུང་གི་འཕྲོད་བསྟེན་བྱ་ཚུལ་ཆ་ཚང་།

༄༅།།དེང་རབས་ཀྱི་བཟའ་བཏུང་གི་འཕྲོད་བསྟེན་བྱ་ཚུལ་མདོར་བསྡུས་བཞུགས་སོ།།

༧མཁན་ཚུལ་ཁྲིམས་བློ་གྲོས་ཀྱིས། 

༄༅།།སངས་རྒྱས་སྨན་གྱི་བླ་ལ་ཕྱག་འཚལ་ལོ།། དམ་པའི་ཆོས་དང་འཇིག་རྟེན་གྱི་བྱ་བ་གང་ཞིག་བསྒྲུབ་དགོས་ཀྱང་དེ་ལ་རྟེན་བདེ་ཐང་དང་ལྡན་པའི་ལུས་ཞིག་ཡོད་དགོས་ལ། རྟེན་བཟང་པོ་དང་ལྡན་ན་དེ་དག་འགྲུབ་པ་ཡིན་ཏེ། དབུ་མ་བཞི་བརྒྱ་པ་ལས། ལུས་ནི་དགྲ་ལྟར་མཐོང་མོད་ཀྱི།། དེ་ལྟ་ན་ཡང་དེ་བསྲུང་བྱ།། ཁྲིམས་ལྡན་ཡུན་རིང་འཚོ་བ་ནི།། དེ་ལས་བསོད་ནམས་ཆེན་པོ་བྱེད།། ཅེས་གསུངས་པ་ལྟར་རོ།།

ལུས་བདེ་ཐང་དང་ལྡན་པ་ལ་རྒྱུ་གཉིས་ཏེ། རིང་བའི་རྒྱུ་ནི་ཚེ་སྔོན་གྱི་དུས་སུ་ལས་བཟང་པོ་བསགས་པ་ཡིན་ལ། ཉེ་བའི་རྒྱུ་ནི་ད་ལྟའི་གནས་སྐབས་ན་བཟའ་བཏུང་དང་སྤྱོད་ལམ་གྱི་འཕྲོད་པ་བསྟེན་པ་དང་མི་འཕྲོད་པ་སྤོང་བར་བྱེད་པ་དེ་ཡིན། ལུས་ཀྱི་བདེ་ཐང་ནི་བྱ་བ་དེ་གཉིས་ཀ་ལ་འབྲེལ་བ་ཤིན་ཏུ་ཆེ་བས་དེ་དག་ཅི་མི་སྙམ་དུ་བཞག་ནས་རང་དགར་འཇུག་པ་སྤང་ཞིང་གཟབ་པར་བྱ་བ་ནི་ཆེས་གལ་ཆེ་བ་ཡིན། དེང་སང་བོད་ཀྱི་ཡུལ་ནའང་ཡུལ་ཕྱོགས་གཞན་ནས་ཐོན་པའི་བཟའ་བཏུང་གི་རིགས་སྣ་ཚོགས་པ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཏེ་ཡོད། ཕྱོགས་གཅིག་ནས་བཤད་ན་ལོངས་སྤྱོད་སྣ་འཛོམས་སུ་གྱུར་པས་བཟང་བ་ལས་ཅི་ཡོད། འོན་ཀྱང་ཕྱོགས་གཞན་གཅིག་ནས་བཤད་ན། ཡུལ་དེ་རྣམས་ཀྱི་མི་ཕལ་མོ་ཆེ་ཞིག་ལས་རྒྱུ་འབྲས་ལ་ཡིད་མི་ཆེས་པ་ཡིན་པས་ཁོང་ཅག་གི་སེམས་ན་བྱ་བ་འདི་ལྟ་བུ་བྱས་ན་ལས་རྒྱུ་འབྲས་དང་འགལ་བས་མི་རུང་སྙམ་པ་དང༌། རང་ལ་ལས་ངན་གྱི་འབྲས་བུ་སྨིན་པར་འགྱུར་དུ་འོང་བས་བྱེད་མི་ཕོད་སྙམ་པ་རྩ་བ་ནས་མེད། མི་གཞན་གྱིས་མི་གོ་བ་ཞིག་ཡིན་ཕྱིན་བྱ་བ་གང་ཡང་བྱེད་མི་ཕོད་པ་གཅིག་ཀྱང་མེད། དེའི་དབང་གིས་རང་ཉིད་ཀྱི་ཁེ་སྐྱེད་ཅུང་ཟད་ཙམ་གྱི་ཕྱིར་དུའང་གཞན་ལ་གནོད་ཚབས་ཆེན་པོ་ཅན་གྱི་བྱ་བ་མང་པོ་བྱེད་དེ། དཔེར་ན་ད་སྔོན་དེ་དག་གིས་གསང་བའི་སྒོ་ནས་བྱས་པའི་བྱ་བ་མ་རུངས་པ་མང་པོ་ཞིག་གི་མཐིལ་བརྟོལ་ནས་མི་ཕལ་མོ་ཆེས་ཤེས་པར་གྱུར་ཡོད་པ་ལྟ་བུ་རེད། འོན་ཀྱང་རང་རེ་བོད་ཀྱི་མི་ཕལ་བ་རྣམས་ཀྱི་ནང་ན་ད་དུང་མི་ཤེས་མཁན་མང་པོ་ཡོད་སྲིད་པས་འདིར་དེང་རབས་ཀྱི་བཟའ་བཏུང་ལ་བླང་དོར་བྱ་ཚུལ་མདོར་བསྡུས་ཙམ་ཞིག་བརྗོད་པའི་དགོས་པ་སྐབས་སུ་བབ་ཡོད་དོ།།

འདི་ལ་གཉིས་ཏེ། སྤང་བྱ་གནོད་བཅས་ཀྱི་ཁ་ཟས་དང༌། བླང་བྱ་གནོད་མེད་ཕན་བཅས་ཀྱི་ཁ་ཟས་བཤད་པ་གཉིས་ཡོད་པ་ལས། དང་པོ་ནི། དེང་རབས་དཔལ་ཡོན་ནད་ཀྱི་འབྱུང་ཁུངས་གཙོ་བོ་དག་ཡིན་ཏེ། དེ་ལ་དེང་རབས་དཔལ་ཡོན་གྱི་ནད་ཅེས་པ་ཅི་ཞེ་ན། ཕྱི་དངོས་པོའི་དཔལ་ཡོན་ནམ་འདོད་ཡོན་སྣ་ཚོགས་ཇེ་མང་དུ་སོང་ཞིང༌། ཚན་རིག་ལག་རྩལ་གྱིས་ཁོར་ཡུག་འབག་བཙོག་སྣ་ཚོགས་པ་བྱས་པས་བཟའ་བཏུང་སོགས་ལོངས་སྤྱོད་དེ་དག་མི་རྣམས་ཀྱིས་སྲེད་པ་ཆེན་པོས་ངོམས་མེད་དུ་སྤྱད་པའི་དབང་གིས་བྱུང་བའི་ནད་རྣམས་ལ་ཟེར་བ་ཡིན་ཏེ། དཔེར་ན། ཐེ་ཝན་(台湾)ན་ཕྱི་ལོ་༡༩༩༩ལོར་དུས་ཚོད་སྐར་མ་༡༢དང་སྐར་ཆ་༡༥རེའི་ནང་དུ་མི་རེ་ལ་ངན་འབྲས་ཀྱི་ནད་ཐེབས་པ་དང༌། ༢༠༠༠ལོར་དུས་སྐར་༡༡དང་སྐར་ཆ་༡༧རེའི་ནང་དུ་དང༌། ༢༠༠༡ལོར་དུས་སྐར་༡༠རེའི་ནང་དུ་མི་རེ་ལ་ངན་འབྲས་ཀྱི་ནད་ཐེབས་པར་གྱུར། ཉིན་གཉིས་རེའི་ནང་དུ་མི་གསུམ་ལྷག་རེ་ལ་ཨེ་ཚིའི་AIDS 艾滋病)ནད་འགོས་པར་གྱུར། ཨ་རིའི་མི་བརྒྱའི་ནང་ནས་ལྔ་བཅུ་རེ་སྙིང་གི་ནད་ཀྱིས་འཆི་བ་དང༌། ༡༩༩༩ལོར་ཨ་རིས་སྡོམ་རྩིས་བྱས་པས་ཨ་རིའི་མི་རྣམས་ཀྱི་ཆ་སྙོམས་ཚེ་ཚད་ལོ་༧༠ཙམ་ལས་མེད་པས་འཛམ་གླིང་གི་ཨང་ཉེར་བཞི་པ་ཡིན། ཐེ་ཝན་གྱི་གཞུང་ཞབས་པ་རྣམས་ཀྱི་ཆ་སྙོམས་ཀྱི་ཚེ་ཚད་ལོ་༤༩དང་ལོ་གཅིག་གི་བརྒྱ་ཆ་༤༦སྟེ་ལོ་ཞེ་དགུ་དང་ཕྱེད་ཙམ་ཞིག་ལས་མེད་པ་ལྟ་བུ་ཡིན་ཏེ། ཨ་རིའི་ནུབ་ཞི་བདེ་རྒྱ་མཚོ་སློབ་གྲྭ་ཆེན་མོའི་ཟས་བཅུད་རིག་པའི་རབ་འབྱམས་པ་དང༌། ཟས་བཅུད་དང་བདེ་ཐང་རིག་པའི་སྣེ་ཁྲིད་པ་དང༌། ཟས་བཅུད་རིག་པའི་ཆེད་ལས་པ་ལིན་ཡུན་ཏྲིང་(林殷正)ན་རེ། ཨ་རི་རྒྱལ་ཁབ་ཏུ་༡༩༠༠ལོར་མི་ཉེར་བདུན་ནང་ནས་གཅིག་ལ་ངན་འབྲས་ཀྱི་ནད་ཡོད། ༡༩༥༠ལོར་མི་བརྒྱད་ཀྱི་ནང་དུ་གཅིག་ལ་ངན་འབྲས་ཡོད། ༡༩༨༥ལོར་གསུམ་གྱི་ནང་ནས་གཅིག་ལ་ཡོད། ༢༠༠༢ལོར་མི་བརྒྱ་ཆ་བཞི་བཅུ་ཞེ་དགུ་ལ་ངན་འབྲས་ཡོད། ཐེ་ཝན་དུ་མི་གསུམ་རེའི་ནང་ནས་གཅིག་རེ་ལ་ངན་འབྲས་ཀྱི་ནད་ཡོད། མི་ཤི་བར་གྱུར་པ་རྣམས་ལས་མི་ལྔ་རེའི་ནང་ནས་གཅིག་རེ་ངན་འབྲས་ཀྱི་ནད་ཀྱིས་ཤི་བ་ཡིན།མཆན། ངན་འབྲས་ཞེས་པ་ནི་རང་རེའི་གསོ་རིག་ལས་གསུངས་པའི་འབྲས་དང་སྐྲན་གྱི་ནད་དང་མཚུངས་ཤིང་ཁྱད་པར་དུ་བཅོས་སུ་མེད་པའི་ནད་རྒྱ་ནག་གིས་ཨེ་ཏྲིན་(癌症)ཞེས་འབོད་པ་དེ་ཡིན།༽ ཨ་རིའི་མི་གཉིས་ཀྱི་ནང་ནས་གཅིག་སྙིང་གི་ཁྲག་རྩའི་ནད་ཀྱིས་ཤི་བར་གྱུར། བུད་མེད་གསུམ་གྱི་ནང་ནས་གཅིག་རུས་སོབ་ཀྱི་ནད་ཕོག མི་ཉི་ཤུ་རེའི་ནང་ནས་གཅིག་རེ་གཅིན་སྙིའམ་གཅིན་མངར་(糖尿病)གྱི་ནད་ཐེབས་ནས་ཤི་བར་གྱུར། གཞན་ཡང་གྲུམ་བུའི་ནད་དང་རྒས་པའི་གླེན་ནད་སོགས་ནད་སྣ་ཚོགས་པ་ཇེ་བས་ཇེ་མང་དུ་འགྲོ་བར་མ་ཟད། ནད་ཐེབས་པའི་ལོ་ཚད་ཀྱང་ཇེ་ཆུང་དུ་སོང་སྟེ། ཐ་ན་བྱིས་པ་ལའང་སྙིང་ནད་དང་མཁལ་མའི་ནད། གཅིན་སྙིའི་ནད་ཐེབས་པར་གྱུར། དེང་རབས་ཀྱི་གསོ་རིག་འཕེལ་རྒྱས་སུ་ཕྱིན་ཡང་དོན་འདི་རྣམས་ཐག་གཅོད་བྱེད་མི་ནུས་ཏེ། སྨན་གྱིས་མིའི་ལུས་ཀྱི་ཕྲ་ཕུང་གསོན་དུ་འཇུག་མི་ནུས་ཤིང་ཕྲ་ཕུང་ཞིག་གསོ་བྱེད་མི་ཐུབ་པའི་ཕྱིར་རོ།། གལ་ཏེ་ཕྲ་ཕུང་ཞིག་གསོ་བྱ་དགོས་ན་ལུས་ནང་གི་དུག་རྣམས་ཕྱིར་ཕུད་དགོས་ཤིང་དེ་ཡང་ལུས་པོ་རང་ཉིད་ཀྱིས་བྱེད་དགོས་ཏེ། ལུས་པོ་རང་ཉིད་ཆེས་རླབས་ཆེ་བའི་སྨན་པ་ཡིན། ལུས་པོ་རང་ལ་རང་གི་ཆ་ཤས་སླར་སོས་པར་བྱེད་པའི་ནུས་པ་ཡོད། འོན་ཀྱང་ལུས་ཀྱི་ནུས་ཚད་དྲག་པོའི་སྐབས་སུ་བྱ་བ་དེ་དག་བྱེད་ཐུབ་པ་ཡིན་གྱི། ནུས་ཚད་དམའ་བའི་སྐབས་སུ་བྱེད་མི་ཐུབ་སྟེ། ལུས་པོ་ཇེ་བས་ཇེ་ཞན་དུ་འགྲོ་བ་ཡིན། ཞེས་ཟེར་བ་ལྟ་བུའོ།། དེས་ན་ནད་འདི་རྣམས་ཀྱི་འབྱུང་ཁུངས་དེང་རབས་ཀྱི་ཁ་ཟས་དུག་ཅན་འགའ་ཞིག་བརྗོད་པར་བྱ་སྟེ། ཐོག་མར་ཐམས་ཅད་ཀྱི་ནང་ནས་ཤ་ནི་ཆེས་སྐྱོན་ཆེ་ཤོས་ཡིན་ཅིང་དེ་སྟེང་དུ་བྱ་སྒོང་དང་འོ་མ་སྟེ་གསུམ་པོ་འདི་ནི་ནད་རྣམས་འབྱུང་བའི་རྩ་བའི་ཟས་རིགས་གསུམ་ཞེས་བྱའོ།།

 དེ་ལས་དང་པོ་ཤའི་རིགས་ནི། ཤའི་ཁ་ཟས་འདི་མི་རྣམས་ཀྱི་ལུས་སེམས་གཉིས་ཆར་དང་ཚེ་འདི་ཕྱི་གཉིས་པོ་དང༌། རང་གཞན་གཉིས་ཀ་ལ་གནོད་པ་ཤིན་ཏུ་ཚབས་ཆེན་བྱེད་པ་ཞིག་ཡིན་ཏེ། དེ་ཡང་ལུས་ལ་གནོད་པ་ཆེ་བའི་རྒྱུ་མཚན་ནི། སྤྱིར་རང་རེ་མིའི་རིགས་ཀྱི་ལུས་ཆགས་ཚུལ་འདི་ཤ་ཟ་བའི་སེམས་ཅན་གྱི་ལུས་མ་ཡིན་ཞིང༌། འབྲུ་དང་ཚོད་མ་ཤིང་འབྲས་སོགས་ཤ་མ་ཡིན་པའི་ཟས་ཟ་བའི་རིགས་སུ་གནས་པའི་སེམས་ཅན་གྱི་ལུས་སུ་ཡོད་པས། ཤའི་ཁ་ཟས་འདི་རང་རེའི་ལུས་ལ་མི་འཕྲོད་པས་ནད་མང་པོ་སྐྱེད་པ་ཡིན། འདི་ལ་འདོད་པ་མི་མཐུན་པ་ཅུང་ཟད་རེ་ཡོད་མཆི་ཡང་མི་རྣམས་ཤ་ཟ་བའི་རིགས་མ་ཡིན་པ་ལ་རྒྱུ་མཚན་མང་པོ་ཡོད་དེ། གསོ་རིག་རབ་འབྱམས་པ་ལིན་ཡུན་ཏྲིང་ན་རེ། གདོད་མའི་དུས་སུ་མི་རྣམས་ཤ་མེད་ཀྱི་དཀར་ཟས་བཟའ་བའི་རིགས་ཡིན། དེའི་ཚེ་ན་སའི་གོ་ལ་འདིའི་ཐོག་ཏུ་ཤིང་ཏོག་དང་ཚོད་རིགས་དང༌། འབྲུ་རིགས་ཤིན་ཏུ་མང༌། འོན་ཀྱང་མེ་དང་ལག་ཆ་མེད་པས་སྲོག་ཆགས་ཀྱི་ཤ་མི་བཟའ། མིའི་སོ་ལ་རིང་ཐུང་མེད་པའི་མཉམ་པ་ཡིན། ཁམ་དུ་བཅད་པ་བལྡད་དེ་མིད་པར་བྱེད། ཤ་ཟའི་རིགས་ཀྱི་དུད་འགྲོ་རྣམས་ཀྱི་སོ་ཤིན་ཏུ་རྣོ་བ་ཡིན། ཟས་ལ་རྨུགས་ཏེ་ཁམ་དུ་གཅོད། བཅད་ནས་མིད་པར་བྱེད། ཕོ་བའི་སྐྱུར་ཤིན་ཏུ་དྲག་པས་ཟས་ཟོས་པ་ན་འཕྲལ་དུ་ཞུ། རྒྱུ་མ་ཡང་ཐུང་བས་སྙིགས་མ་རྣམས་མྱུར་དུ་ཕྱིར་འབུད་པར་བྱེད། མི་རྣམས་ནི་དེ་ལས་ལྡོག་སྟེ། ཕོ་བའི་སྐྱུར་ཞན་ཅིང༌། རྒྱུ་མའང་རང་ལུས་ཀྱི་རིང་ཚད་ལས་ལྡབ་ལྔ་དང་བཅུ་ཆ་དྲུག་ཙམ་སྟེ་རང་འདོམ་དྲུག་ལ་ཉེ་ཙམ་གྱིས་རིང་པོ་ཡོད། དེ་འདྲའི་རྒྱུ་མ་རིང་པོའི་ནང་དུ་བཞུ་བའི་ཟས་རིགས་ནི་རྒྱུས་རིགས་(纤维)མཐོ་བའམ་མང་བའི་ཟས་རིགས་ཤིག་ཡིན་དགོས་ཀྱི། རྒྱུས་མེད་པའི་ཟས་རིགས་ཕྱིར་གཏོང་མི་ནུས། དེས་ན་མིའི་ལུས་ཀྱི་གྲུབ་ཚུལ་ལ་ཤ་ཟ་བའི་ལུས་ཀྱི་གྲུབ་སྟངས་མི་འདུག མིའི་ལུས་ཀྱི་གྲུབ་ཚུལ་སྤྱིའི་དབང་དུ་བྱས་ན་སྣ་ཚོགས་ཟས་ཅན་དུ་གནས་ཤིང་དེའི་ནང་ནས་ལྡུམ་རིགས་ཀྱི་ཟས་བཟའ་བའི་ཕྱོགས་སུ་འདུག དེའི་ཕྱིར་མི་རྣམས་ཤ་བཟའ་བའི་ཕྱོགས་སུ་ལྷུང་བར་གྱུར་ན་ངེས་པར་དུ་གནོད་པ་མང་པོ་འབྱུང་བར་འགྱུར་ཏེ། ལུས་ཀྱི་ཆགས་ཚུལ་དང་མི་མཐུན་པར་བྱས་པའི་ཕྱིར་རོ།། ཞེས་ཟེར་རོ།།

གཞན་ཡང་སེན་མོ་རྣམས་གཅན་གཟན་གྱི་སྡེར་མོ་བཞིན་དུ་རྣོན་པོ་མ་ཡིན་པར་ལེབ་མོ་ཡིན་པ་དང༌། མཆིལ་མའི་ནང་དུ་ཐཱན་ཆུ་འདྲེས་རྫས་ཟས་འཇུ་ཕབས་རྩིའི་(碳水化合物消化酶)གྲུབ་ཆ་ཡོད་དེ་འདི་ནི་རྩྭ་ཟ་བའི་རིགས་ལས་གཞན་སྣ་ཚོགས་ཟས་ཅན་དང་ཤ་ཟ་བའི་རིགས་ལ་མེད་པ་ལ་སོགས་པའི་ཕྱིར་མི་རྣམས་དཀར་ཟས་ཟ་བའི་རིགས་ཁོ་ན་ཡིན་ཞེས་ཀྱང་འདོད་དོ།། དེས་ན་སྤྱིར་ཤའི་ཁ་ཟས་ཀྱིས་མིའི་ལུས་སྲོག་ལ་ཤིན་ཏུ་གནོད་པ་ཡིན་ལ། ཁྱད་པར་དུ་དེང་སང་རྒྱ་ནག་སོགས་ནས་ཐོན་པའི་ཕག་དང་བྱ་སོགས་ཀྱི་ཤ་ཟ་བ་ནི་ནད་མ་རུངས་པ་རྣམས་ཀྱི་འབྱུང་ཁུངས་ཏེ། སྨན་རམས་པ་ལིན་ཡུན་ཏྲིང་ན་རེ། ཤ་རིགས་རྣམས་ནི་དེ་བས་ཀྱང་ཚབས་ཆེ་སྟེ། སའི་གོ་ལ་ཧྲིལ་པོའི་ལོ་ཏོག་སུམ་ཆ་གཉིས་ཟོག་དང་ཕག་དང་བྱ་སོགས་བཤའ་རྒྱུ་རྣམས་གསོ་བྱེད་ཡིན་ལ། སུམ་ཆ་གཅིག་ཙམ་ཞིག་མིའི་ཁ་ཟས་ཡིན། བཤའ་ཟོག་སོགས་དེ་དག་ལ་ཤ་སྲང་གང་སྐྱེ་བ་ལ་དེའི་ལྡབ་བཅུ་ནས་བཅུ་བཞིའི་བར་གྱི་གཟན་ཆས་བཟའ་དགོས། གཟན་ཆས་དེ་རྣམས་ཀྱི་ནང་ན་རྫས་འགྱུར་གྱི་ལུད་དང་ཞིང་སྨན་དང་དུག་སྲིན་འགོག་སྨན་(抗生素)འབོར་ཆེན་ཡོད། ༡༩༨༥ལོ་ཨ་རིའི་ཧཱ་ཧྥོར་སློབ་གྲྭའི་གསོ་རིག་གླིང་གིས་བརྟག་དཔྱད་བྱས་པས། བརྒྱ་ཆ་བརྒྱད་ཅུ་གྱ་ལྔ་ཙམ་གྱི་དུག་སྲིན་འགོག་སྨན་དེ་བཤའ་ཟོག་སོགས་ཀྱི་གཟན་ཆས་ནང་དུ་བསྲེས་ནས་བཟར་འཇུག་རྒྱུ་ཡིན་པར་ཤེས། དེ་ཡང་བཤའ་རྒྱུའི་སེམས་ཅན་དེ་རྣམས་སྟོང་ཕྲག་མང་པོ་ཁང་པ་གཅིག་གི་ནང་དུ་བཙུད་དེ་གསོ་བ་ན་འགོས་ནད་ཐེབས་ཏེ་ཆུང་ངུའི་དུས་ནས་ཤི་བར་དོགས་ཏེ་སྨན་དེ་རྣམས་གཟན་ཆས་ཀྱི་ནང་དུ་བསྲེས་ནས་སྦྱིན་པ་ཡིན། གཟན་ཆས་ཀྱི་ནང་དུ་ད་དུང་སྐུལ་རྒྱུ་(激素)དང་ཤ་སྐྱེད་བྱེད་ཀྱི་(长肉剂)ཧོར་མོང་hormone 荷尔蒙)སྟེ་སྐུལ་རྒྱུ་མང་དུ་ཡོད། དེ་དག་ཐམས་ཅད་སེམས་ཅན་དེ་རྣམས་ཀྱི་ཤའི་ནང་དུ་བསགས་བསགས་ནས་མཐར་མིའི་ཁོག་པའི་ནང་དུ་འགྲོ་བར་འགྱུར། དཔེར་ན་བྱ་གསོ་ར་བར་ཡོད་པའི་བྱ་རྣམས་ཉིན་བཞི་བཅུའི་ཡུན་ལ་གསོས་ཏེ་ཁྲོམ་རར་འཚོང་བར་བྱེད། ཉིན་བཞི་བཅུའི་རིང་དུ་བསགས་པའི་དུག་རིགས་ཐམས་ཅད་མཐར་མིའི་ཁོག་པའི་ནང་དུ་འགྲོ་སྟེ། མིའི་ཁོག་པ་ནི་དུག་དེ་དག་གི་ཐ་མའི་གནས་ཡུལ་དུ་འགྱུར་རོ།།

སུའེ་ཏེན་Swedn 瑞典)གྱི་ཚན་རིག་པ་དག་གིས་ཚོད་བལྟ་ཞིག་བྱས་ཏེ། ཇི་ལྟར་ཞེ་ན། བྱ་རྣམས་ཉིན་བཞི་བཅུ་ཞེ་ལྔ་ཙམ་གྱི་རིང་ལ་གསོས་ན་ཕྱི་ནས་བལྟས་ཚེ་ལུས་ཀྱི་ཤ་གཙང་ཞིང་མཛེས་པ་ལྟ་བུར་སྣང༌། ཉིན་དྲུག་ཅུའི་བར་དུ་མུ་མཐུད་ནས་གསོས་ཚེ་བྱའི་ལུས་ལ་སྐྲང་འབུར་མང་པོ་འབྱུང༌། སྐྲང་འབུར་ཆུང་ངུ་དེ་དག་རེ་རེ་བཞིན་དུ་ནང་ན་ངན་འབྲས་སྐྱེད་པའི་ཕྲ་ཕུང་གནས། ཞག་དགུ་བཅུའི་བར་དུ་གསོས་ཚེ་ལུས་ལ་རྣག་བཅའ་བར་འགྱུར། དེས་ན་ཉིན་བཞི་བཅུ་ཞེ་ལྔའི་དུས་སུ་བྱའི་ལུས་ལ་ནད་དེ་ཡོད་ཀྱང་ཕྱི་རོལ་དུ་མི་མངོན་པ་ཙམ་སྟེ། ཡུན་རིང་བའི་ཚེ་རིམ་གྱིས་མངོན་པར་གྱུར་པ་ཡིན། དཔེར་ན། མི་ཞིག་གི་ལུས་ལ་བརྟག་དཔྱད་བྱས་ནས་ངན་འབྲས་ཀྱི་ནད་མ་མཐོང་ཡང་དེ་མེད་པ་མིན། ངན་འབྲས་དེ་ལོ་བཅུ་ནས་བཅོ་ལྔ་ཙམ་ན་གཟོད་མངོན་འོང་བ་ཡིན། དེ་བཞིན་དུ་བྱ་ཕག་ཟོག་ལུག་དག་ཀྱང་གཟན་ཆས་ཀྱི་ནང་དུ་དུག་ཡོད་པས་དུས་ཚོད་གང་མཚམས་སོང་ཚེ་མངོན་ནས་འོང་བ་ཡིན། དུག་དེ་དག་ནི་ཤིན་ཏུ་ཚབས་ཆེ་སྟེ།, , , , སྲོག་ལ་རྒོལ་བར་བྱེད་པ་ཤ་སྟག་ཡིན། མི་རྣམས་བྲོ་བ་ཙམ་ལ་ཆགས་ནས་ཤ་ཟ་བར་བྱེད་ཀྱི། ཤའི་ནང་དུ་འདི་འདྲའི་ཉེན་ཁ་ཡོད་པར་མི་ཤེས་སོ།། ཞེས་དང༌། སྤྱིར་སྣུམ་ལ་འཁེངས་པ་དང་མི་འཁེངས་པ་གཉིས་ཡོད་པ་ལས། སེམས་ཅན་གྱི་ལུས་ལས་བྱུང་བའི་ཚིལ་གྱི་སྣུམ་ནི་འཁེངས་པའི་རིགས་ཡིན། མི་རྣམས་ཀྱིས་ཆུང་ངུའི་དུས་ནས་ཚེ་གང་རིང་ཤ་ཟོས་ཚེ་སྣུམ་དེ་དག་ཁྲག་གི་ནང་དུ་སོང་ནས་ཁྲག་རྩ་རྣམས་རིམ་གྱིས་འཚངས་ནས་ལོ་བཞི་བཅུ་ལྔ་བཅུ་ཙམ་ལོན་པའི་དུས་སུ་ཁྲག་རྩ་མང་པོ་འགགས་པར་འགྱུར། ཁྱད་པར་དུ་ཀླད་པའི་ནང་གི་རྩ་རྣམས་ཤིན་ཏུ་ཕྲ་བས་འཚང་སླ་ཞིང༌། གལ་ཏེ་འཚངས་ན་ཀླད་རྩ་འགགས་ནས་ཀླད་པའི་ནང་དུ་ཁྲག་རྒྱུ་མི་ཐུབ་ཅིང༌། ཡང་ན་རྩ་ཕྲན་དེ་དག་བཀད་ནས་ཀླད་ཁྲག་ཤོར་བར་འགྱུར། ཀླད་པའི་ནང་དུ་ཁྲག་རྒྱུ་མ་ནུས་ན་ཟས་བཅུད་དང་འཚོ་དབུགས་ཐམས་ཅད་ཉམས་པར་འགྱུར་བ་ཡིན། ཀླད་པའི་ནང་གི་ཕྲ་ཕུང་འགའ་རེས་ལུས་ཀྱི་སྨད་ལ་བྱ་བ་བྱེད་དགོས་པས་ཕྲ་ཕུང་དེ་དག་ཉམས་ན་ལུས་ཀྱི་སྨད་ཀྱང་ཉམས་པར་འགྱུར། དེ་བཞིན་དུ་སྙིང་གི་ནང་ན་ཡན་ལག་གི་ཁྲག་རྩ་ཕྲ་བ་དག་ཡོད་ཅིང༌། དེ་དག་ཀྱང་ཚིལ་སྣུམ་གྱིས་རིམ་བཞིན་འགག་སྟེ། བརྒྱ་ཆ་ལྔ་བཅུ་ནས་བདུན་ཅུ་བར་དང་བརྒྱའི་བར་དུ་འགགས་པར་གྱུར་ནས་གྲིབ་ནད་ཐེབས་པར་འགྱུར་རོ།། གནས་ཚུལ་འདི་དག་ནམ་ཤེས་པ་ཡིན་ཞེ་ན། ཨ་རི་དང་ཁོ་རེ་ཡ་Korea 朝鲜)གཉིས་ཀྱི་གཡུལ་འགྱེད་སྐབས་ཨ་རིའི་དམག་ཤིན་ཏུ་མང་པོ་ཁོ་རེ་ཡ་རྒྱལ་ཁབ་ཏུ་སོང་ནས་གཡུལ་བཀྱེས་པས་ཕན་ཚུན་གཉིས་ཀར་མི་ཆེས་མང་པོ་བསད། དེའི་ཚེ་ཨ་རིའི་ཚན་རིག་པ་དག་གཡུལ་སར་སོང་ནས་ཨ་རིའི་དམག་མི་ན་གཞོན་ལོ་ཉི་ཤུ་ལྷག་ཙམ་ལོན་པ་ཁྲི་ཕྲག་གཉིས་ཀྱི་རོ་ལ་ཞིབ་དཔྱད་བྱས་པས་དེ་རྣམས་ཀྱི་ཁྲག་རྩའི་ནང་ཐམས་ཅད་སྣུམ་གྱིས་འཚངས་ནས་ཡོད་པར་མཐོང༌། དེ་བཞིན་དུ་ཁོ་རེ་ཡའི་དམག་གི་རོ་ལ་བརྟག་དཔྱད་བྱས་པས་ཐམས་ཅད་ཀྱི་ཁྲག་རྩའི་ནང་དུ་སྣུམ་མེད་པར་གཙང་སང་ངེ་ཡོད་པ་མཐོང་སྟེ། དེའི་རྒྱུ་མཚན་ཁོ་རེ་ཡའི་མི་རྣམས་དབུལ་བས་ཤ་མང་པོ་བཟའ་རྒྱུ་མེད་པ་དང༌། རགས་པའི་འབྲུ་རིགས་ཟོས་པའི་དབང་གིས་ཡིན་པར་གོ་སྟེ། དེའི་ཚེ་ན་ཨ་རིའི་ཚན་རིག་པ་དག་གིས་ད་གདོད་མི་རྣམས་ཀྱིས་ཤ་མང་དུ་ཟོས་པ་དེ་ལ་གནོད་སྐྱོན་ཤིན་ཏུ་ཆེན་པོ་ཡོད་པ་ཤེས་པར་གྱུར་ཏོ།། ཞེས་ཟེར་རོ།།

དེ་བཞིན་དུ་སྐད་གྲགས་ཅན་གྱི་གསོ་རིག་རབ་འབྱམས་པ་ལིན་ཀོང་ཁྲང་(林光常)གིས་ཤ་ཟོས་པས་མིའི་ལུས་ལ་གནོད་པ་ཤིན་ཏུ་ཆེ་བའི་རྒྱུ་མཚན་མང་པོ་སྨྲ་སྟེ་ཁོང་ན་རེ། ཤ་ཟོས་པས་ངན་འབྲས་སྐྱེད་པར་བྱེད་དེ། ཤ་ལ་དབྱེ་ན་ཤ་དམར་དང་ཤ་དཀར་གཉིས་ཡོད། ཤ་དམར་ཞེས་པ་གང་ཞེ་ན། ཕག་ཤ་དང༌། ཟོག་ཤ་དང༌། ར་ལུག་གི་ཤ་དང༌། བྱ་ངང་པའི་ཤ་དང༌། བྱ་གག་གི་ཤ་དང༌། རི་བོང་གི་ཤ་དང༌། དྲེལ་དང་ཁྱི་སོགས་ཀྱི་ཤ་ལ་ཟེར། ཤ་དཀར་པོ་ནི་བྱ་དེ་དང་ཉའི་ཤ་ཡིན། གང་དུ་ཤ་དམར་བཟའ་བ་ཇི་ལྟར་མང་བའི་ཡུལ་དེར་རྒྱུ་མའི་ངན་འབྲས་ཐེབས་པའི་མི་ཡང་དེ་ལྟར་དུ་མང་བར་གསོ་རིག་གི་ནད་ཐོག་བརྟག་དཔྱད་ཀྱིས་ཡང་ཡང་གསལ་བར་བྱས། རྒྱ་ཡུལ་དུ་༡༩༦༠ལོ་ཡས་མས་སུ་རྒྱུ་མའི་ངན་འབྲས་ཀྱི་ནད་ཐེབས་པ་ཤིན་ཏུ་ཉུང་སྟེ། གལ་ཏེ་རེ་འགའ་མཐོང་ཚེ་མཐོང་བར་དཀོན་པའི་ནད་དུ་བརྩིས་ནས་ཞིབ་འཇུག་བྱེད། དེ་ཅིའི་ཕྱིར་ཡིན་ཞེ་ན། དེའི་སྐབས་སུ་ཤ་བཟའ་རྒྱུ་མེད་པའི་རྐྱེན་གྱིས་ཡིན། ༡༩༨༠ལོའི་རྗེས་ནས་མཚོ་འགྲམ་གྱི་གྲོང་ཁྱེར་རྣམས་སུ་ནད་དེ་ཐེབས་པ་ཤིན་ཏུ་མང་སྟེ། ངན་འབྲས་ཀྱི་ནད་གཞན་ཡོངས་རྫོགས་ཀྱི་སྔོན་ཕྱོགས་ཀྱི་ཨང་གསུམ་པར་གྱུར། ཁྱད་པར་དུ་ཧྲང་ཧེ་(上海)གྲོང་ཁྱེར་ན་ཤིན་ཏུ་མང༌། དེའི་རྒྱུ་མཚན་ཁོང་ཚོས་ཉིན་གཅིག་གི་ཟས་ཐུན་གསུམ་པོ་རེ་རེ་བཞིན་དུ་ཤ་བཟའ་བར་བྱེད་པའི་རྒྱུ་མཚན་གྱིས་ཡིན། ཤའི་ནང་དུ་ཡོད་པའི་ཚིལ་སྣུམ་དང་སྤྲི་བཅུད་ཚད་མཐོན་པོ་དག་གིས་ཁྲག་རྩ་ཐམས་ཅད་འགག་པར་བྱེད། སྤྱིར་ཤ་བཟའ་བ་རྣམས་དང་ཁྱད་པར་ཕག་ཤ་བཟའ་བ་རྣམས་ཀྱི་གཤིས་རྒྱུད་ཤིན་ཏུ་རྩུབ་པར་འགྱུར་ཏེ། འཐབ་པ་ལ་ཆེས་དགའ་བར་འགྱུར་བ་ཞིབ་འཇུག་བྱས་པས་ཤེས། ཤ་འདི་དག་ཐམས་ཅད་ཀྱིས་ལུས་པོ་སྐྱུར་ཅན་ཚབས་ཆེན་དུ་སྒྱུར་བར་བྱེད་ཅིང་སྐྱུར་ཅན་གྱི་ལུས་པོ་ནི་ནད་ཀུན་གྱི་འབྱུང་ཁུངས་ཡིན་ནོ།། དེང་སང་བྱིས་པ་ལོ་བཅུ་གཅིག་བཅུ་གཉིས་ཅན་རྣམས་ཀྱི་ལུས་པོ་སྨིན་ཚད་ཆེས་སྔ་སྟེ། བུ་མོ་ཆུང་ངུ་དག་གི་ནུ་མ་སྨིན་པ་མྱུར་ཞིང༌། བུ་ཆུང་དག་གི་ཕོའི་མཚན་མ་སྨིན་པ་དལ་བར་འདུག་སྟེ། དེའི་རྒྱུ་མཚན་ནི་ཤ་དཀར་ལས་བྱ་དེའི་ཤ་མང་དུ་ཟོས་པས་ལུས་ལ་ལུས་བོངས་སྐྱེད་པའི་སྐུལ་རྫས་སམ་ཧོར་མོང་མང་དུ་གནས་པའི་དབང་གིས་ཡིན་པར་མཐོང་སྟེ། བྱ་དེའི་ཤ་ཟོས་པས་ཅིའི་ཕྱིར་དེ་ལྟར་དུ་གྱུར་ན། དེ་ཡང་སྤྱིར་བཏང་ལ་བྱ་དེའི་བོངས་ཚད་ཟླ་བ་དགུའམ་ལོ་གཅིག་གིས་རྫོགས་པར་འགྱུར་ཞིང༌། ད་ལྟ་བྱ་གསོ་ར་བར་བྱ་རྣམས་ལ་ལུས་བོངས་སྐྱེད་པའི་སྐུལ་རྫས་མང་པོ་བཟར་འཇུག་ཅིང༌། ཟས་བཟའ་བར་མི་འདོད་པའི་ཚེ་ན་ཡི་ག་འབྱེད་པའི་སྨན་(开胃剂)བྱིན་ནས་ཟས་མང་པོ་ཟོས་པས་ཤིན་ཏུ་མགྱོགས་ན་གཟའ་འཁོར་གསུམ་གྱིས་ཀྱང་ལུས་བོངས་རྫོགས་པར་འགྱུར། དེའི་རིང་དུ་དེ་ལ་ནད་མི་འབྱུང་བའི་ཕྱིར་དུ་སྲིན་འགོག་སྨན་(抗生素)དང༌། འགོས་ནད་འགོག་པའི་འགོག་སྨན་མང་པོ་གཏོང་བར་བྱེད། སྨན་མང་པོའི་ནུས་པ་དང་སྡུག་བསྔལ་སྣ་ཚོགས་ཀྱི་དབང་གིས་བྱ་རྣམས་སྨྱོས་ནས་ཕན་ཚུན་འཐབ་པར་བྱེད་པ་ན། དེ་ལ་འཇགས་སྨན་(镇定剂)གྱི་ཁབ་རྒྱག་པར་བྱེད། དེའི་དབང་གིས་བྱ་གསོ་ར་བའི་བྱ་ཐམས་ཅད་ཀྱང་རིག་པ་ལྐུགས་ནས་གླེན་སྒུར་རེ་སྡོད་པ་ཤ་སྟག་ཡིན། བྱ་གཅིག་གི་ལུས་ལ་དེ་འདྲའི་དུག་ཅན་གྱི་རྫས་མང་པོ་གནས་པས་དེ་མིས་ཟོས་ཚེ་ལུས་ཁམས་ལ་གནོད་ཚབས་ཤིན་ཏུ་ཆེ། འོན་ཀྱང་བྱ་ཤ་འཚོང་མཁན་རྣམས་ཀྱིས་དུག་དེ་དག་གི་དྲི་དང་རོ་ཡོངས་སུ་མི་མངོན་པར་བྱ་བའི་ཆེད་དུ་སྣུམ་སྲེག་བྱས་པས་རོ་ཞིམ་པ་ལྟ་བུར་མངོན་ནོ།། དེ་བཞིན་དུ་སྔར་ལོ་གཉིས་ཀྱི་རིང་ལ་ལུས་བོངས་རྫོགས་དགོས་པའི་སྡིག་སྲིན་ཙ་ཤེ་ཆེ་བ་(大闸蟹)ཞེས་པ་དེ་ད་ལྟ་ཟླ་བ་བརྒྱད་ཀྱིས་ལུས་བོངས་རྫོགས་པར་འགྱུར། དེ་གང་གི་ཕྱིར་ཡིན་ན། ལུས་བོངས་སྐྱེད་པའི་སྐུལ་རྫས་དང་སྲིན་འགོག་རྫས་མང་པོ་བཟར་བཅུག་པའི་རྒྱུ་མཚན་གྱིས་ཡིན། མན་ཡུས་(鳗鱼)ཞེས་པའི་ཉ་དེའི་ལུས་ཆེ་ཞིང་ཚོ་ལ་ཤ་སྙི་བ་ཡིན་མོད། དེ་ལྟར་ཡིན་པའི་རྒྱུ་མཚན་དེ་བུད་མེད་ཀྱི་མངལ་འཇིག་བྱེད་ཀྱི་སྨན་བཟར་བཅུག་པས་ཡིན། འདི་དག་རིན་གོང་ཤིན་ཏུ་ཆེ་ཞིང་མིས་ཟོས་ཚེ་རིམ་གྱིས་ལུས་འཐོར་ཞིག་ཏུ་འགྲོ་བར་འགྱུར། དེང་སང་གྲོང་ཁྱེར་དག་ན་གནས་པའི་བྱིས་པ་རྣམས་ཀྱིས་ཤ་འདི་དག་མང་དུ་ཟོས་པས་ལོ་བརྒྱད་དགུ་ཙམ་ནས་བུ་མོ་རྣམས་ལ་ཟླ་མཚན་འབབ་པར་གྱུར། ཟླ་མཚན་འབབ་པ་ཇི་ལྟར་སྔ་བ་དེ་ལྟར་མ་འོངས་པར་ངན་འབྲས་ཀྱི་ནད་ཐེབས་པའི་ཉེན་ཁ་ཆེ་བ་ཡིན་ནོ།། རྒྱ་མཚོའི་ནང་དང་གཙང་པོའི་ནང་དུ་གནས་པའི་ཉའི་རིགས་གཞན་དག་གི་ལུས་ལའང་ལྕི་ལྕགས་(重金属)ཀྱི་འབག་བཙོག་ཚབས་ཆེན་ཡོད་པས་ཟོས་ན་ལུས་ལ་ནད་སྐྱེད་པར་བྱེད་དེ། རྒྱུན་དུ་ཉ་ཤ་བཟའ་མཁན་རྣམས་ཀྱི་ལུས་ན་དངུལ་ཆུའི་གྲུབ་ཆ་ཤིན་ཏུ་མང་པོ་ཡོད་པར་མཐོང་སྟེ། དངུལ་ཆུས་ནི་མཁལ་མ་དང་ཀླད་རྩ་ལ་གནོད་པར་བྱེད་པ་ཡིན་ཞེས་ཟེར་རོ།། ལྕི་ལྕགས་ཞེས་པ་ནི་ཟངས་ལྕགས་ཞ་ཉེ་དང་དངུལ་ཆུ་སོགས་ཏེ་འདི་རྣམས་ཀྱིས་ཁོར་ཡུག་ལ་འབག་བཙོག་ཚབས་ཆེན་བྱེད་དོ།།

གཉིས་པ་བྱ་སྒོང་ནི། དེང་སང་མི་མང་པོས་བྱ་སྒོང་གིས་ལུས་གསོ་བར་འདོད་ནས་མང་དུ་བཟའ་བར་བྱེད་པ་མཐོང་སྟེ། སྤྱིར་བྱ་སྒོང་གི་ནང་དུ་ལུས་ལ་མཁོ་བའི་ཟས་བཅུད་ཡོད་མོད། ཟ་དྲགས་ན་ལུས་ལ་ཕན་པ་མེད་པས་མ་ཚད་གནོད་པ་ཆེ་བ་ཡིན་པ་དང༌། དེར་མ་ཟད་བྱ་གསོ་བ་རྣམས་ཀྱིས་རང་གི་དཔལ་འབྱོར་གྱི་ཁེ་ཕན་ལ་དམིགས་ཏེ། ལས་རྒྱུ་འབྲས་ལ་བརྩི་འཚོ་མེད་པའི་བྱ་བ་མང་པོ་བྱས་ཡོད་པ་དེ་དག་ཐམས་ཅད་མིའི་ལུས་ལ་ཤིན་ཏུ་འཛེམ་དགོས་ཏེ། གསོ་རིག་རབ་འབྱམས་པ་ལིན་ཡུན་ཏྲིང་ན་རེ། བྱ་སྒོང་ནི་དེ་བས་ཀྱང་ངན་ཏེ། བྱ་གསོ་ར་བ་ན་ཡོད་པའི་མོ་བྱ་རྣམས་ཚེ་གང་གི་རིང་ལ་གཟན་ཆས་བཟའ་བ་དང་སྒོ་ང་གཏོང་བ་གཉིས་པོ་ལས་གཞན་གྱི་དལ་ཁོམ་ཅི་ཡང་མེད། བྱ་གསོ་ར་བའི་ནང་གི་སྡོད་གནས་ཤིན་ཏུ་དོག་སྟེ། ཁ་འཁོར་སའི་གནས་ཙམ་ཡང་མེད། དེ་དག་གི་གཟན་ཆས་ནང་དུ་སྐུལ་བྱེད་ཀྱི་རྫས་མང་པོ་བླུགས་ཡོད་པས་མང་དུ་ཟོས་ཏེ་སྒོ་ང་མང་དུ་གཏོང༌། དེ་ལྟར་བྱ་རྣམས་ལ་སྡུག་བསྔལ་ཤིན་ཏུ་ཆེ་ཞིང་སེམས་ན་དངངས་འཚུབ་དང་བཅས་པ་ཁོ་ན་ཡིན་པས་ལུས་ཀྱི་ནང་དུ་དུག་མང་པོ་འབྱུང་སྟེ། སེམས་ལ་དངངས་འཚུབ་ཆེ་ན་དེས་ལུས་ལ་དུག་མང་པོ་སྐྱེད་པ་ཡིན་ནོ།། ཞེས་ཟེར་རོ།།

དེ་བཞིན་དུ་གསོ་རིག་རབ་འབྱམས་པ་ལིན་ཀོང་ཁྲང་ན་རེ། སྒོ་ང་ཟོས་ན་ལུས་ཀྱི་ནང་དུ་ཏན་ཀུའུ་ཁྲོན་(胆固醇)ཏེ་མཁྲིས་ཕྲུམ་འཕེལ་བར་འགྱུར། དེ་འཕེལ་ནས་ཚད་ལས་བརྒལ་ན་སྙིང་ནད་དང་ཀླད་ནད་འཐེབ་པར་འགྱུར། དེང་སང་གྲོང་ཁྱེར་ན་གནས་པའི་མི་རྣམས་ཐ་ན་བྱིས་པ་ཡན་ཆད་ཆེས་མང་པོ་ཞིག་མཁྲིས་ཕྲུམ་ཚད་བརྒལ་ཅན་ཡིན། དེའི་རྒྱུ་མཚན་སྒོ་ང་མང་དུ་ཟོས་པའི་རྐྱེན་གྱིས་རེད།

ཉི་ཧོང་གི་གསོ་རིག་པ་དག་གིས་ནད་ཐོག་བརྟག་དཔྱད་བྱས་པས་མི་རེས་ཉིན་རེ་ལ་སྒོ་ང་རེ་རེ་ཟོས་ན་འཆི་བའི་གྲངས་བརྒྱ་ཆ་ཉི་ཤུ་ཇེ་མང་དུ་འགྲོ་ཟེར། ཨ་རིའི་སྐད་གྲགས་ཅན་གྱི་གསོ་རིག་པས་མི་ཞིག་གིས་མའེ་ཏོང་ནོ་MeDonald 麦当劳)ཞེས་པའི་ཟས་ཤ་དང་བྱ་སྒོང་གིས་བཟོས་པ་དེ་མ་ཟོས་པའི་སྔོན་དང་ཟོས་པའི་རྗེས་ཀྱི་ཁྲག་ལ་བརྟགས་པས་དེ་ཟོས་རྗེས་སུ་ཁྲག་ཐམས་ཅད་རྙོག་རྙོག་པོར་གྱུར་པར་མཐོང་སྟེ། དེའི་རྒྱུ་མཚན་དེའི་ནང་དུ་ཤ་དང་བྱ་སྒོང་ཡོད་པས་ཡིན། དེས་ན་བྱ་སྒོང་གིས་ལུས་ལ་ནད་མང་པོ་སྐྱེད་པར་ཨ་རིའི་གསོ་རིག་པ་དག་གིས་མཐོང་ཞིང༌། ཁྱད་པར་དུ་བྱ་གསོ་ར་བ་ནས་བྱུང་བའི་བྱ་སྒོང་གིས་ལུས་ལ་ལྷག་པར་དུ་གནོད་ཚབས་ཆེ་སྟེ། བྱའི་ལུས་ལ་ཡོད་པའི་དུག་དེ་དག་བྱ་སྒོང་གི་ནང་དུའང་ཡོད་པའི་ཕྱིར་རོ།། ཞེས་ཟེར་རོ།།

གསུམ་པ་ཟོག་གི་འོ་མ་ནི། དེང་སང་མི་མང་པོ་ཞིག་གིས་ཟོག་གི་འོ་མས་ལུས་བཅུད་གསོ་བ་དང་ཁྱད་པར་དུ་བྱིས་པ་རྣམས་ལུས་བོངས་ཆེ་བའི་ཕྱིར་དུ་ཉི་མ་རེ་རེ་བཞིན་དུ་འོ་མ་མང་དུ་ལྡུད། འོན་ཀྱང་འོ་མའི་ནང་དུ་ཡོད་པའི་ཟས་བཅུད་ཚད་ལས་བརྒལ་བར་གྱུར་ཏེ། ལུས་ལ་མི་ཕན་པར་མ་ཟད་གནོད་པ་ཚབས་ཆེན་ཐེབས་པ་དང༌། ལྷག་པར་དུ་དེང་སང་ཟོག་རྣམས་ལའང་རྫས་འགྱུར་གྱི་རིགས་སྣ་ཚོགས་པ་བཟར་བཅུག་པས་འོ་མའི་ནང་དུ་དེ་དག་ཡོད། དེ་ནི་ལུས་ལ་དེ་བས་ཀྱང་གནོད་པའི་དུག་ཡིན་པས་འདི་ལའང་ཤིན་ཏུ་འཛེམ་པར་བྱ་དགོས་ཏེ། གསོ་རིག་རབ་འབྱམས་པ་ལིན་ཡུན་ཏྲིང་ན་རེ། ཟོག་གི་འོ་མ་ལའང་ཉེས་པ་ཆེན་པོ་ཡོད་དེ། ད་ལྟ་ཕྱི་གླིང་པ་དག་གིས་འོ་མ་འཐུང་བ་ལ་བསྔགས་པ་མི་བརྗོད་དེ། དེང་སང་གི་མི་རྣམས་ཀྱིས་ཉ་རིགས་དང༌། ཤའི་རིགས། སྒོ་ངའི་རིགས་མང་དུ་བཟའ་ཞིང་དེའི་སྟེང་དུ་ཟོག་གི་འོ་མ་མང་པོ་འཐུང་ན་དེ་ལ་ཉེས་པ་ཤིན་ཏུ་ཆེན་པོ་ཡོད། མིའི་འོ་མས་བྱིས་པ་ལེགས་པར་གསོ་ཐུབ་པ་ཀུན་གྱིས་ཤེས། འོན་ཀྱང་མིའི་འོ་མའི་ནང་དུ་སྤྲི་དཀར་བརྒྱ་ཆ་ལྔ་དང༌། སྣུམ་བརྒྱ་ཆ་བཞི་ལས་མེད། མིའི་གཟུགས་པོ་གསོ་བ་ལ་དེ་ཙམ་ལས་མི་དགོས་མོད། མི་རྣམས་ཀྱིས་དེ་ལས་ལྡོག་སྟེ། ཉིན་རེ་བཞིན་དུ་ཉ་ཤ་སོགས་མང་པོ་ཟ་བས་དེ་དག་གི་ནང་ནས་སྤྲི་དཀར་བརྒྱ་ཆ་ལྔ་བཅུ་ནས་བདུན་ཅུའི་བར་དུ་བཟའ་སྟེ། ལུས་གསོ་ཐུབ་པའི་སྤྲི་དཀར་གྱི་ཚད་ལས་ཡོངས་སུ་བརྒལ་བར་གྱུར་པས་གནོད་ཚབས་ཤིན་ཏུ་ཆེ། ཟོག་གི་འོ་མའི་སྤྲི་དཀར་གྱི་བཅུད་ཀྱི་ཚད་མིའི་འོ་མའི་སུམ་འགྱུར་གྱིས་ཆེ་ལ། སྤྲི་དཀར་དེ་ལ་ཞན་པའི་སྤྲི་དཀར་ཟེར་ཏེ་ཟོས་པའི་རྗེས་སུ་ཤིན་ཏུ་བཞུ་དཀའ་བ་ཡིན། མིའི་འོ་མའི་དེ་ལ་སྤྲི་དཀར་དྭངས་མ་ཟེར་ཏེ་ཅུང་ཟད་བཞུ་སླ་བ་ཡིན། དེང་སང་ཕ་མ་རྣམས་ཀྱིས་བྱིས་པ་དག་གཟུགས་བོངས་ཆེ་བར་རེ་ནས་ཉིན་རེ་ལ་ཟོག་འོ་ཕོར་བ་གསུམ་རེ་ལྡུད་པས་སྤྲི་དཀར་དགོས་ངེས་ཀྱི་ཚད་ལས་བརྒལ་བར་གྱུར། སྤྲི་བཅུད་ཚད་ལས་བརྒལ་ན་ལུས་ལ་ནད་མང་པོ་སྐྱེད་པས་སྐྱོན་ཤིན་ཏུ་ཆེ་བ་ཡིན་ནོ།། དེར་མ་ཟད་དེང་སང་འོ་མ་འཚོང་མཁན་རྣམས་ཀྱིས་འོ་མ་མང་དུ་འོང་བའི་ཕྱིར་དུ་ཟོག་ལ་འོ་མ་འཕེལ་རྫས་(催乳剂)མང་དུ་བཟར་བཅུག་པས་རང་བཞིན་གྱི་འོ་མ་ལས་བཅུ་འགྱུར་གྱིས་མང༌། གཟན་ཆས་ཀྱི་ནང་དུ་སྐུལ་རྫས་མང་པོ་བླུགས་ནས་ཟོག་ལ་བཟར་འཇུག སྐུལ་རྫས་དེ་དག་མཐར་མིའི་ཁོག་ཏུ་འགྲོ་བར་འགྱུར། དེང་སང་བུ་མོ་ལོ་བརྒྱད་དགུ་བཅུ་ཙམ་ལོན་པ་ནས་ཟླ་མཚན་འབབ། སྔོན་གྱི་དུས་སུ་ལོ་བཅུ་གསུམ་ཙམ་ལོན་པ་ན་གཟོད་འབབ་པ་ཡིན། ལོ་དེ་ཙམ་གྱིས་སྔར་འོང་བའི་རྒྱུ་མཚན་གང་ཡིན་ཟེར་ན། བཟའ་བཏུང་རྣམས་ཀྱི་ནང་དུ་ཡོད་པའི་སྐུལ་རྒྱུའམ་ཧོར་མོང་གི་མཐུས་ཡིན་ཏེ་གནོད་པ་ཤིན་ཏུ་ཆེ། འདི་དག་ཐམས་ཅད་མི་མངོན་པར་གནས་པའི་གནོད་པ་ཡིན། འོ་མ་འདི་འདྲ་མང་དུ་བཏུང་ཚེ་ལུས་ལ་ཕན་པ་ལས་གནོད་པ་ཆེའོ།། ཞེས་ཟེར་རོ།།

དེ་བཞིན་དུ་གསོ་རིག་རབ་འབྱམས་པ་ལིན་ཀོང་ཁྲང་ན་རེ། ཟོག་གི་འོ་མ་འཐུང་ན་ལུས་ཁམས་ལ་གནོད་པ་མང་པོ་འབྱུང་བ་ཡིན་ཏེ། ཇི་ལྟར་ཞེ་ན། ཟོག་གི་འོ་མའི་ནང་གི་སྤྲི་བཅུད་ནི་ཞོའི་སྤྲི་བཅུད་ཡིན། ཞོའི་སྤྲི་བཅུད་དེ་ལུས་ནང་ནས་བཞུ་དཀའ་བ་ཡིན། དེའི་རྐྱེན་གྱིས་ཟས་འཇུ་བའི་མ་ལག་གི་དོན་སྣོད་རྣམས་ལ་སྐྱོན་མང་པོ་འབྱུང་བར་འགྱུར་ཞིང༌། སྤྲི་བཅུད་དེ་དག་བཞུས་ཟིན་ཚེ་སྐྱུར་ཅན་གྱི་རྫས་དུ་མར་འགྱུར། དེའི་ཚེ་ན་ལུས་ཀྱི་རུས་པའི་ནང་ནས་ཚྭ་ཅན་གྱི་སྲ་བཅུད་མང་པོ་རང་ཤུགས་ཀྱིས་བྱུང་ནས་ལུས་ཀྱི་ཚྭ་སྐྱུར་གཉིས་སྙོམས་པར་བྱེད། དེ་ལྟར་མ་བྱས་ན་ལུས་པོ་སྐྱུར་ཅན་དུ་གྱུར་ནས་ནད་མང་པོ་འབྱུང་བར་འགྱུར། ཨ་རིའི་ཧཱ་ཧྥོར་སློབ་གྲྭ་ཆེན་མོས་ལོ་བཅུ་ཕྲག་འགའ་ཞིག་གི་རིང་ལ་མི་དགུ་ཁྲི་བརྒྱད་སྟོང་ལ་ནད་ཐོག་བརྟག་དཔྱད་བྱས་པས་ཟོག་འོ་བཏུང་སྟེ་སྲ་བཅུད་གསོ་བ་དང་རུས་སོབ་ཀྱི་ནད་སྔོན་འགོག་གཉིས་ལ་འབྲེལ་བ་ཅི་ཡང་མེད་པར་ཤེས། དེའི་ཕྱིར་ཨ་རིའི་རྒྱལ་ཁབ་མཉམ་འབྲེལ་ཁྲིམས་ཁང་གིས་ཟོག་འོ་ལས་གྲུབ་པའི་བཟའ་བཏུང་གིས་རུས་སོབ་ཀྱི་ནད་འགོག་ཐུབ་ཅེས་པའི་འགྲེམ་བརྡ་གཏོང་མཁན་ཞིག་ཡོད་ན་ཁྲིམས་འགལ་ཡིན་པའི་ཐག་བཅད་ཡོད། ཟོག་འོ་བཏུང་བ་ཇི་ལྟར་མང་བའི་ས་ཁུལ་དུ་རུས་སོབ་ཀྱི་ནད་ཀྱང་དེ་ལྟར་དུ་མང་སྟེ། ཨ་རིའི་བུད་མེད་སུམ་ཆ་གཅིག་ལ་རུས་སོབ་ཀྱི་ནད་ཡོད། སུམ་ཆ་གཉིས་ཟེར་བའང་འདུག སྲ་བཅུད་ཇི་ལྟར་ཚད་མཐོ་རུ་གྱུར་པ་དེ་བཞིན་དུ་ཕབས་རྩིའི་(酶)བཅུད་ཀྱི་ཚད་དམའ་རུ་འགྱུར། དེ་དམའ་བར་གྱུར་ཚེ་སྙིང་ནད་དང་སེམས་མི་སྐྱིད་པའི་ནད་འབྱུང་བར་འགྱུར། ཟོག་འོ་བཏུང་བས་ནུ་མའི་ངན་འབྲས་བསྐྱེད་པ་མང་དུ་མཐོང༌། དེར་མ་ཟད་དེང་སང་འོ་མའི་ནང་དུ་ཕྲ་སྲིན་གསོད་པའི་སྨན་བླུགས་ནས་འོ་མ་ཉམས་པར་བྱས་ཟིན་པས་ཤི་བའི་རོ་ལྟ་བུ་ཡིན། འོ་མ་འདི་བེའུ་ལ་བླུད་ན་བདུན་ཕྲག་དྲུག་གིས་འཆི་བར་འགྱུར་བ་ཡིན། དེས་ན་འོ་མ་དང་ཤ་དང་སྒོ་ང་ནི་དེང་རབས་དཔལ་ཡོན་ནད་རྣམས་ཀྱི་རྩ་བ་ཡིན། ཞེས་ཟེར་རོ།།

དེང་རབས་དཔལ་ཡོན་ནད་ཀྱི་བྱུང་རྐྱེན་གཙོ་བོ་གཅིག་ནི་གསོ་རིག་པ་དང་ཟས་བཅུད་རིག་པ་སྨྲ་བ་རྣམས་ཀྱིས་ནོར་འཁྲུལ་ཚབས་པོ་ཆེ་ཞིག་ཤོར་བ་དེ་ཡིན་ཏེ། དུས་རབས་ཉི་ཤུ་པའི་དཀྱིལ་དུ་ཨ་རིའི་གསོ་རིག་པ་དང་ཟས་བཅུད་རིག་པ་པ་དག་གིས་མི་རྣམས་ཀྱིས་ཉ་དང་ཤ་དང་སྒོ་ང་དང་འོ་མ་རྣམས་ཁ་ཟས་ཀྱི་གཙོ་བོ་བྱ་དགོས་ཤིང༌། ཚོད་མ་དང་ཤིང་འབྲས་དང་འབྲུ་རིགས་རྣམས་ཕལ་བ་བྱ་དགོས་ཞེས་སྨྲས། ལོ་བཞི་བཅུའི་རིང་ལ་དེ་ལྟར་བྱས་པས་མི་ཕྱེད་ཀ་ཙམ་ཞིག་སྙིང་ནད་ཀྱིས་ཤི་བ་སོགས་གོང་སྨོས་ཀྱི་སྐྱོན་དེ་དག་བྱུང༌། ༡༩༩༦ལོར་ད་གདོད་སྔོན་བཤད་པ་དེ་དག་ནོར་བར་ཤེས་ནས་བཟའ་བཏུང་བསྟེན་ཚུལ་གྱི་རྣམ་གཞག་གསར་བ་གསལ་བསྒྲགས་བྱས་ཏེ། སྔོན་གྱི་འདུ་ཤེས་དེ་དག་ཡོངས་སུ་སྤངས་པར་བྱས་སོ།། དེ་ལྟར་ཤ་དང་བྱ་སྒོང་དང་ཟོག་འོ་ནི་དེང་རབས་དཔལ་ཡོན་ནད་ཀྱི་རྩ་བ་གསུམ་ཡིན་པས་མི་རྣམས་ལ་ཚེ་ཕྱི་མ་མ་ཚད་ཚེ་འདིར་ཡང་ལུས་ལ་ནད་ངན་པ་ཤིན་ཏུ་མང་པོ་སྐྱེད་པའི་ཕན་མེད་གནོད་པ་དང་བཅས་པའི་ཁ་ཟས་ཡིན་མོད། འོན་ཀྱང་མི་རྣམས་ཀྱིས་ཤ་དང་སྒོ་ང་འོ་མ་གསུམ་པོ་འདིའི་ཕྱིར་དུ་སེམས་ཅན་དུང་ཕྱུར་མང་པོ་དམར་གསོད་གཏོང་བ་དང༌། མ་བསད་པ་རྣམས་ལའང་སྡུག་བསྔལ་གྱི་རྣམ་གྲངས་བརྗོད་ལས་འདས་པ་ཞིག་མྱོང་དུ་བཅུག་སྟེ་ཁ་ཟས་འདི་དག་སྒྲུབ་པར་བྱེད་དེ། ཤའི་ཕྱིར་དུ་སེམས་ཅན་གྱི་སྲོག་གཅོད་པས་སྡུག་བསྔལ་ལ་གཏོད་པ་སྨོས་མ་དགོས་ལ། སྒོ་ངའི་ཕྱིར་དུ་བྱ་རྣམས་ལ་གསོན་པ་ལས་ཤི་བས་དགའ་ངེས་པའི་སྡུག་བསྔལ་གྱི་རྣམ་གྲངས་མང་པོ་གཏོང༌། འོ་མའི་ཕྱིར་ཟོག་རྣམས་ལ་དཀའ་སྡུག་མང་པོ་མྱོང་དུ་བཅུག་སྟེ། ཉི་མ་རེ་རེ་བཞིན་འོ་མ་མང་དུ་བཞོས་པས་ལུས་ཀྱི་ཟུངས་ཟད་ནས་པགས་པ་སྟོང་བ་ལྟར་དུ་གྱུར་པ་ན་གསོད་པར་བྱེད། བོད་ཀྱི་ཡུལ་ན་སྒོ་ང་དང་འོ་མའི་ཕྱིར་དུ་སེམས་ཅན་ལ་མནར་གཅོད་གཏོང་བ་ཅུང་ཟད་ཉུང་ཡང༌། ཤའི་ཕྱིར་དུ་སེམས་ཅན་མང་པོ་རང་གིས་གསོད་པ་དང་གཞན་ལ་གསོད་དུ་འཇུག སེམས་ཅན་རྣམས་ལ་སྡུག་བསྔལ་བཟོད་བླག་མེད་པར་གཏད་ནས་སྲོག་བཅད་པའི་རིན་དུ་ཐོབ་པ་ནི་ཤའི་བྲོ་བ་ཙམ་མ་གཏོགས་གཞན་ལུས་ལ་གནོད་པ་ལས་ཕན་པ་ཅི་ཡང་མེད། བྲོ་བ་ནི་མིད་པ་སོར་གསུམ་བརྒལ་ཚེ་ཅི་ཡང་མེད་པ་མངོན་སུམ་ཡིན། དེས་ན་རང་དོན་ཆུང་ངུ་འདི་ལྟ་བུའི་ཕྱིར་དུ་གཞན་སྲོག་ཆགས་རྣམས་ལ་སྡུག་བསྔལ་ཆེན་པོ་དེ་འདྲ་གཏོད་པ་འདི་འོས་སམ་མི་འོས་མནོ་བསམ་ཞིབ་ཏུ་གཏོང་བར་བྱ་དགོས་སོ།།

བཞི་པ་མགྱོགས་ཐུག་(方便面)ནི། རང་རེའི་ཡུལ་གྱི་རོང་འབྲོག་གང་སར་འདི་ལ་ཞིམ་ཟས་ལྟ་བུར་བརྩིས་ཏེ་མང་དུ་བཟའ་བ་དང༌། ཉིན་མང་པོར་ཟས་གཞན་མི་བཟའ་བར་འདི་ཁོ་ན་བཟའ་བ་ཡོད་འདུག་ཀྱང༌། འདི་ཕོར་བ་གང་གི་ནང་ན་ངན་འབྲས་སྐྱེད་པའི་དུག་རིགས་ཤིན་ཏུ་མང་པོ་ཡོད་པས་ཉེན་ཁ་ཤིན་ཏུ་ཆེ་བའི་ཁ་ཟས་ཤིག་ཡིན་པར་འདུག་སྟེ། གསོ་རིག་རབ་འབྱམས་པ་ལིན་ཀོང་ཁྲང་ན་རེ། མགྱོགས་ཐུག་ཟོས་ན་ངན་འབྲས་སྐྱེད། གང་གི་ཕྱིར་ཞེ་ན། སྣུམ་བསྲེགས་བྱས་པའི་གྲོ་རྗེན་སོགས་ཀྱིས་ངན་འབྲས་སྐྱེད་པར་བྱེད་པ་ཡིན་ཏེ། ༢༠༠༢ལོའི་ཟླ་པར་སུའེ་ཏེན་རྒྱལ་ཁབ་ཀྱི་ཚན་རིག་པས་སྙིགས་ཕྱེའི་(淀粉)རིགས་སྣུམ་ཚ་བོའི་ནང་དུ་བསྲེགས་ཚེ་ངན་འབྲས་སྐྱེད་པའི་རྒྱུར་འགྱུར་ཞེས་ཟེར། ༢༠༠༢ལོའི་ཟླ་པར་ཨ་རིའི་སྨན་ཟས་དོ་དམ་ཅུས་དང་དབྱིན་ཇིའི་ཚན་རིག་པས་ཀྱང་དེ་ལ་བདེན་དཔང་བྱས་པར་མ་ཟད། ཁ་ཟས་གང་ཡིན་ཡང་སྣུམ་ཚ་བོར་བསྲེགས་ཚེ་ངན་འབྲས་སྐྱེད་བྱེད་དུ་འགྱུར་ཞེས་ཟེར། དེས་ན་ཞོག་ཁོག་སྣུམ་བསྲེགས་བྱས་པའི་རིགས་དག་གིས་ཀྱང་ངན་འབྲས་སྐྱེད་དོ།། དེ་མི་རུལ་བའི་ཕྱིར་དུ་རུལ་འགོག་རྫས་(防腐剂)བླུགས་ཡོད་ལ། ད་ལྟ་རུལ་འགོག་རྫས་དེ་ཕལ་ཆེར་གྱིས་མི་བླུག་མོད། འོན་ཀྱང་དེ་བས་ཆེས་སྐྱོན་ཆེ་བའི་སྙོམ་སྨན་(安定剂)བྱ་བ་བླུགས་ཡོད། དེས་ནི་ཐད་ཀར་ངན་འབྲས་སྐྱེད་པར་བྱེད་པ་ཡིན། དེ་བཞིན་དུ་མགྱོགས་ཐུག་དེའི་ནང་དུ་ལྡུག་རྒྱུའི་བྲོ་བའི་ནང་དུ་ཚྭ་དང་བྲོ་རྩི་མང་བ་དང༌། དེ་རྣམས་མི་རུལ་བའི་ཆེད་དུ་དབྱང་འགྱུར་རྫས་(抗氧化剂)ཞེས་པ་ཡོད་ཅིང་དེ་ནི་བརྒྱུད་ནས་ངན་འབྲས་སྐྱེད་བྱེད་ཡིན། དེར་མ་ཟད་དེའི་སྣོད་ཕོར་བ་དེ་འགྱིག་ལས་གྲུབ་པ་ཡིན་ཞིང༌། དེ་ཚ་ཚད་ཏུའུ་བརྒྱ་ཡན་ཆད་དུ་གྱུར་པའི་ཚེ་ངན་འབྲས་སྐྱེད་པའི་རྒྱུ་འབོར་ཆེན་འབྱུང་བར་འགྱུར། དེས་ན་མགྱོགས་ཐུག་ཕོར་བ་གང་ཙམ་གྱི་ནང་དུ་ངན་འབྲས་སྐྱེད་པའི་རྒྱུ་དེ་འདྲ་མང་པོ་ཞིག་ཡོད་པས་འདི་ཤིན་ཏུ་སྐྱོན་ཆེ་བའི་ཟས་རིགས་ཡིན་ཏེ། གལ་ཏེ་བྱི་བ་ཞིག་ལ་ཉིན་ཉེར་གཅིག་གི་རིང་ལ་མགྱོགས་ཐུག་བཟར་བཅུག་ན་དུག་གིས་འཆི་བར་འགྱུར་བ་ཡིན་ནོ།། ཉི་ཧོང་གི་གསོ་རིག་ཆེད་ལས་མཁས་པ་རྣམས་ཀྱིས་བརྟག་དཔྱད་བྱས་པས་མགྱོགས་ཐུག་ཕོར་བ་གང་གི་ནང་དུ་དུག་ཤིན་ཏུ་མང་བས་དུག་དེ་དག་ཐམས་ཅད་མཆིན་པས་སེལ་བར་བྱེད་དགོས། མཆིན་པས་ཉིན་སུམ་ཅུ་སོ་གཉིས་ཀྱི་རིང་ལ་ཉིན་མཚན་ཀུན་ཏུ་དུག་དེ་སེལ་བར་བྱས་ན་ད་གདོད་མགྱོགས་ཐུག་ཕོར་གང་གི་དུག་སེལ་བར་བྱེད་ནུས་སོ།། ཞེས་ཟེར་རོ།།

ལྔ་པ་དམ་ཟས་རྣམས་ཡིན་ཏེ། དམ་ཟས་(罐头)ཞེས་པ་ནི་ཤེལ་སོགས་དམ་བུ་དང་ལྕགས་དམ་སོགས་ཀྱི་ནང་དུ་བླུགས་པའི་ཤ་དང་ཤིང་འབྲས་སོགས་ཟས་རིགས་རྣམས་ལ་ཟེར། དེ་དག་མི་རུལ་བའི་ཕྱིར་དུ་རུལ་འགོག་གི་རྫས་འགྱུར་སྣ་ཚོགས་པ་བསྲེས་ཡོད་པས་ལུས་ལ་ཤིན་ཏུ་གནོད་པས་འཛེམ་དགོས་པ་ཡིན་ཏེ། གསོ་རིག་རབ་འབྱམས་པ་ལིན་ཀོང་ཁྲང་ན་རེ། དམ་ཟས་སོགས་ཀྱི་ནང་དུ་རུལ་འགོག་རྫས་མང་དུ་ཡོད་ཅིང་རུལ་འགོག་རྫས་དེས་ངན་འབྲས་སྐྱེད་པ་ནི་སྔར་ནས་བདེན་དཔང་རྙེད་ཟིན་པ་ཡིན། འོན་ཀྱང་མི་རྣམས་ཀྱིས་དམ་ཟས་སོགས་བཟའ་བའི་ཞོར་ལ་རུལ་འགོག་རྫས་མང་དུ་ཟོས་པར་གྱུར། དཔེར་ན་ཐའེ་ཝན་གྱི་ཡུལ་སྲོལ་ལ་མི་ཤི་བའི་ཚེ་རོ་ས་འོག་ཏུ་བཅུག་ནས་ལོ་བདུན་ཙམ་སོང་བ་ན་རུས་པ་རྣམས་སླར་བླངས་ཏེ་ཉར་ཚགས་བྱེད། འོན་ཀྱང་ཉེ་བའི་ལོ་བཅུ་ཉི་ཤུ་ཙམ་གྱི་རིང་ལ་ལོ་བདུན་སོང་རྗེས་དུར་དུ་བཅུག་པའི་རོ་ད་དུང་མ་རུལ་བ་ཤིན་ཏུ་མང་པོ་བྱུང་སྟེ། དེ་ཅིའི་ཕྱིར་ཞེ་ན། གསོན་པའི་དུས་སུ་རུལ་འགོག་རྫས་མང་དུ་ཟོས་པའི་དབང་གིས་ཤི་རྗེས་རོ་ཡང་རུལ་མི་ཐུབ་པ་སྟེ། ཤིན་ཏུ་ཡ་ང་བའི་གནས་ཡིན་ནོ།། ཞེས་དང༌། རབ་འབྱམས་པ་ལིན་ཡུན་ཏྲིང་གིས་ཀྱང༌། དམ་ཟས་དང་དམ་བུའི་ནང་དུ་བླུགས་པའི་བཏུང་བ་ཐམས་ཅད་ཀྱི་ནང་དུ་རུལ་འགོག་གི་རྫས་འདི་ཡོད། ཡུན་དུ་བཞག་ཀྱང་རུལ་བར་མི་འགྱུར་བའི་བཟའ་བཅའ་བཏུང་བ་འདི་དག་གི་ནང་དུ་རུལ་འགོག་རྫས་ཡོད་པས་མི་རུལ་བ་ཡིན་ནོ།། ཞེས་ཟེར་རོ།།

དྲུག་པ་ནི་བུར་ཆུའི་སྐོར་གྱི་བཏུང་བ་རྣམས་ཡིན་ཏེ། བཏུང་བ་འདི་རྣམས་རང་རེ་བོད་རྣམས་ཀྱིས་ཤིན་ཏུ་མང་པོ་འཐུང་བར་འདུག་ཀྱང༌། འདི་ལ་གཟབ་པར་མ་བྱས་ན་འདིས་ནད་སྐྱེད་པ་ཡིན་ཏེ། གསོ་རིག་རབ་འབྱམས་པ་ལིན་ཀོང་ཁྲང་ན་རེ། ཁུ་ནག་(可乐)ལ་སོགས་པའི་མངར་ཆུའི་བཏུང་བ་དེ་རྣམས་འཐུང་བ་ན་ལུས་ཀྱི་ནང་གི་ཤིན་ཏུ་གལ་ཆེ་བའི་བཅུད་གཉིས་ཕྱིར་འབུད་པར་བྱེད་དེ། འཚོ་རྩི་ཁ་པ་དང་པོ་དང་གཉིས་པ་དང་དྲུག་པ་དང་བཅུ་གཉིས་པ་(维生素B12612སོགས་དང༌། ཀལ་(钙)ལམ་ལྷ་བ་སྟེ་སྲ་བཅུད་གཉིས་སོ།། མི་འགའ་རེས་སྲ་བཅུད་དེ་ཇི་ལྟར་གསོས་ཀྱང་སོར་ཆུད་མི་ཐུབ་པ་ནི་སྲ་བཅུད་ཟགས་པའི་དབང་གིས་ཡིན། དེས་ན་དེ་གསོ་བ་ལས་མངར་ཟས་དང་བུར་ཆུའི་བཏུང་བ་དེ་རྣམས་མ་འཐུང་ན་དེ་ཉིད་བཟང༌། བཏུང་བ་འདི་དག་གིས་གཅིན་སྙིའི་ནད་ཀྱང་སྐྱེད་པར་བྱེད་ཅེས་ཟེར་རོ།།

བདུན་པ་ནི་སྣུམ་ཚ་བོའི་ནང་དུ་བསྲེགས་པའི་ཟས་རིགས་རྣམས་ཡིན་ཏེ། ཕྱེའི་རིགས་ཀྱི་ཁ་ཟས་རྣམས་སྣུམ་ཁོལ་བའི་ནང་དུ་བསྲེགས་པར་བྱས་ན་ངན་འབྲས་སྐྱེད་པའི་རྫས་སུ་འགྱུར་ཞེས་ཟེར་ཏེ། གསོ་རིག་རབ་འབྱམས་པ་ལིན་ཡུན་ཏྲིང་ན་རེ། རྩི་ཏོག་གི་སྣུམ་ལའང་སྐྱོན་ཆེན་པོ་གཅིག་ཡོད་དེ། ཧ་ཅང་ཚ་བོར་གྱུར་ཚེ་འཚོ་དབུགས་དང་འཕྲད་ནས་ངན་འབྲས་སྐྱེད་པའི་རྫས་སུ་འགྱུར་བ་ཡིན། དེས་ན་རྩི་ཏོག་གི་སྣུམ་བསྲེགས་ནས་དེའི་ནང་དུ་སྔོ་ཚོད་བརྔོས་ཚེ་ངན་འབྲས་སྐྱེད་རྫས་སུ་གྱུར་ཟིན་པ་ཡིན། ཉ་ཤ་སོགས་ཤ་སྣུམ་བསྲེགས་བྱས་པ་ནི་དེ་བས་ཀྱང་ཚབས་ཆེ། བསྐོལ་ཟིན་པའི་སྣུམ་ཡང་ཡང་བསྐོལ་ན་ནུས་པ་ལྡབ་འགྱུར་ཅན་གྱི་ངན་འབྲས་སྐྱེད་རྫས་སུ་འགྱུར། དེས་ན་སྣུམ་བཙོས་ཀྱི་ཟས་རིགས་ཐམས་ཅད་ལ་སྐྱོན་འདི་ཤིན་ཏུ་ཆེ་བས་མང་དུ་བཟའ་མི་རུང༌། ཚོད་མ་ཆུ་ནང་དུ་བཙོས་ནས་དེའི་ནང་དུ་སྣུམ་ཅུང་ཟད་བསྲེས་ན་དེས་ཆོག་པ་ཡིན། མི་རྣམས་ཀྱིས་ཆེད་དུ་སྣུམ་མ་ཟོས་ཀྱང་སྔོ་ཚོད་དང་ལོ་མ་སོགས་ཀྱི་ནང་དུ་སྣུམ་གྱི་ཆ་ལྷན་སྐྱེས་སུ་ཡོད་དེ། དཔེར་ན་ཟོག་དང་གླང་པོ་ཆེ་སོགས་དུད་འགྲོ་མང་པོས་རྩྭ་དང་ལོ་མ་བཟའ་བ་ལས་སྣུམ་ཆེད་དུ་ཟོས་པ་མེད་ཀྱང་ལུས་ཚིལ་གྱིས་ཁེངས་ནས་ཡོད་པ་ལྟ་བུ་ཡིན་ནོ།། ཞེས་དང༌། གསོ་རིག་རབ་འབྱམས་པ་ལིན་ཀོང་ཁྲང་ན་རེ། བུད་མེད་རྣམས་ཀྱི་ནང་ན་ཐ་མག་འཐེན་པ་ཉུང་ཡང་གློ་བའི་ངན་འབྲས་ཀྱིས་ཐེབས་པ་མང༌། རྒྱུ་མཚན་གང་ཞེ་ན། སྣུམ་མང་པོས་ཚོད་མ་རྔོད་ཚེ་སྣ་བུག་ནས་སྣུམ་རླངས་མང་པོ་བརྔུབས་པས་ཡིན་ཞེས་སོགས་ཟེར་རོ།།

བརྒྱད་པ་ནི་ཞིང་སྨན་བཏབ་ཡོད་པའི་སྔོ་ཚོད་སོགས་ཡིན་ཏེ། སྤྱིར་སྔོ་ཚོད་དང་ཤིང་འབྲས་ནི་བདེ་ཐང་གི་ཁ་ཟས་ལེགས་པོ་ཡིན་མོད། འོན་ཀྱང་དེང་སང་ཤིང་འབྲས་དང་སྔོ་ཚོད་ལའང་རྫས་འགྱུར་གྱི་ལུད་དང་སྨན་གྱི་མིང་ཅན་གྱི་དུག་མང་དུ་བཏབ་པས་ལུས་ཁམས་ལ་གནོད་པ་འབྱུང་བས་འདི་ལའང་བླང་དོར་ལེགས་པོ་བྱ་བ་གལ་ཆེ་སྟེ། སྨན་རམས་པ་ལིན་ཡུན་ཏྲིང་ན་རེ། དེང་སང་གི་ཚོད་རིགས་ཐམས་ཅད་ཞིང་སྨན་བཏབ་སྟེ་རྨོས་པ་རེད། ལོ་བརྒྱའི་གོང་རོལ་དུ་འཇར་མན་གྱི་ཚན་རིག་པ་ལའེ་པུའུ་Justusvn Lieblg 莱比1803-1873ཞེས་པས་རྫས་འགྱུར་གྱི་ལུད་གསར་མཐོང་བྱུང་སྟེ། རྫས་འགྱུར་གྱི་ལུད་བླུགས་ནས་རྨོས་པའི་ཚོད་རིགས་སོགས་ཕྱི་རོལ་ནས་བལྟས་ན་ཤིན་ཏུ་རྒྱས་པ་དང་མཛེས་པར་སྣང༌། འོན་ཀྱང་དེ་དག་ཕྱི་ཚུལ་ཙམ་ཞིག་ཡིན་གྱི། ནང་ཐམས་ཅད་གསོག་གསོབ་ཀྱི་རང་བཞིན་ཅན་ཞིག་ཡིན། རྫས་འགྱུར་གྱི་ལུད་བླུགས་པས་ས་ཞིང་ཉམས་རྒུད་དུ་འགྲོ། དེའི་དབང་གིས་ལོ་ཏོག་ལའང་ཟས་བཅུད་ཤིན་ཏུ་ཉུང་བར་གྱུར། རྩི་ཤིང་ལོ་ཏོག་གི་བཅུད་ཉུང་བར་གྱུར་པ་ན་གནོད་འགོག་ནུས་པའང་ཤིན་ཏུ་ཞན་པས་འབུ་སྲིན་གྱི་གནོད་པ་འབྱུང༌། དེའི་དབང་གིས་ཞིང་སྨན་འདེབས་དགོས་པར་གྱུར་ཏོ།། འོ་ན་ཞིང་སྨན་ཞེས་པ་ཅི་ཞེ་ན། འཛམ་གླིང་གཡུལ་ཆེན་གཉིས་པའི་སྐབས་སུ་གཡུལ་དུ་སྤྱད་རྒྱུའི་འགད་རྫས་ཡིན། གཡུལ་མཚམས་བཞག་ཚེ་འགད་རྫས་དེ་དག་བཀོལ་ས་མེད་པར་གྱུར་པས་ཞིང་སྨན་བཟོ་བའི་རྒྱུ་བྱས། དེས་ན་ཞིང་སྨན་བཏབ་པའི་ཚོད་མ་དང་ཤིང་འབྲས་དག་ཟོས་ཚེ་འགད་རྫས་ཀྱི་ནང་ན་ཡོད་པའི་གནོད་པ་དང་བཅས་པའི་རྫས་འགྱུར་གྱི་རིགས་དག་བཟའ་བར་འགྱུར། བཟའ་མི་རུང་བའི་དངོས་པོ་དེ་དག་ཟོས་པས་ལུས་ཁམས་ལ་གནོད་པ་མང་པོ་འབྱུང༌། ཞིང་སྨན་གྱི་ནང་དུ་ཟེ་སྐྱུར་ཚྭ་(硝酸盐)ཞེས་པའི་རྫས་ཤིག་ཡོད་པ་དེ་ལོ་ཏོག་གི་ནང་དུ་སོང་ནས་མཐར་མིའི་ལུས་ཀྱི་ནང་དུ་ཟེ་སྐྱུར་དམན་པ་(亚硝酸)ཞེས་པའི་རྫས་སུ་འགྱུར། དེ་མིའི་ལུས་ཀྱི་ཨེམ་གཞི་སྐྱུར་(氨基酸)དང་འདྲེས་ན་ཟེ་ཨེམ་དམན་པ་(亚硝氨)ཞེས་པའི་རྫས་སུ་འགྱུར། འདི་ཤིན་ཏུ་ཚབས་ཆེ་བའི་ངན་འབྲས་སྐྱེད་པའི་རྫས་ཤིག་ཡིན། རུལ་འགོག་རྫས་ཉིད་ཀྱང་ཟེ་སྐྱུར་དམན་པ་ཡིན། ཐའེ་ཝན་གྱི་སྙན་ཞུ་ཞིག་ལས། ཐའེ་ཝན་གྱི་མི་རེས་ལོ་རེ་ལ་རུལ་འགོག་རྫས་སྤྱི་རྒྱ་ལྔ་རེ་བཟའ་བར་འདུག་ཟེར། ཞེས་དང༌། དེང་སང་ས་ཞིང་ལ་རྫས་འགྱུར་གྱི་ལུད་དང་ཞིང་སྨན་གྱིས་གནོད་པ་ཆེན་པོ་བྱས་པས་འབྲུ་ཚོད་ཤིང་འབྲས་དང་ཤ་རིགས་སོགས་ཐམས་ཅད་ཀྱི་བཅུད་ཉམས་པར་གྱུར་ཏེ། དཔེར་ན། ལ་ཕུག་སེར་པོ་གཅིག་གི་བཅུད་ལ་མཚོན་ན། ༡༩༤༨ལོར་ལ་སེར་རྡོག་པོ་གཅིག་གི་བཅུད་ལ་རྒྱལ་སྤྱིའི་སྡེ་ཚན་ཉི་ཁྲི་ལྔ་སྟོང་ཡོད། ༡༩༩༡ལོར་གོང་གི་དེ་དང་ལྗིད་མཉམ་པའི་ལ་སེར་གཅིག་ལ་བཅུད་རྒྱལ་སྤྱིའི་སྡེ་ཚན་དགུ་བཅུ་གོ་གཅིག་ལས་མེད། དེས་ན་གང་ལྟར་བྱས་ཀྱང་ཟས་བཅུད་ཕུན་སུམ་ཚོགས་པ་རྙེད་དཀའ་བའི་གནས་སུ་གྱུར་ཡོད་པས་ལུས་ཟུངས་གསོ་བའི་ཚད་ལྡན་གྱི་སྨན་གྱི་བཅུད་ལེན་རེ་ལ་བསྟེན་ཀྱང་མི་ལེགས་པ་མེད་པར་མ་ཟད་ཕན་པ་ཡོད། ཁྱད་པར་དུ་ཟས་རིགས་དཀོན་པའི་ས་ཁུལ་དུ་དགོས་པ་དང་བཅས་པ་ཡིན་ནོ།། ཞེས་ཟེར་རོ།།

དགུ་པ་ནི་ཆུ་སྟེ་ཆུ་བཟང་ངན་གྱིས་ལུས་ལ་ཕན་གནོད་རྒྱ་ཆེན་པོ་ཡོད་པར་རང་རེའི་གསོ་རིག་ལས་ཀྱང་གསུངས་ཤིང༌། ཁྱད་པར་དུ་དེང་སང་ཆུའི་ནང་དུ་རྫས་འགྱུར་གྱི་རིགས་བཏབ་ཡོད་པས་ལུས་ཁམས་ལ་གནོད་པ་ཡིན་ཏེ། གསོ་རིག་རབ་འབྱམས་པ་ལིན་ཡུན་ཏྲིང་ན་རེ། དེང་སང་གྲོང་ཁྱེར་ན་ཡོད་པའི་མི་ཐམས་ཅད་ཀྱིས་སྦུག་འདྲེན་བཏུང་ཆུ་ལ་ལོངས་སྤྱོད་པ་ཡིན། འོན་ཀྱང་སྦུག་ཆུ་འདི་ལའང་སྐྱོན་ཆེ་སྟེ། ཆུ་འདིའི་ནང་དུ་སྲིན་ཕྲ་གསོད་པའི་ཕྱིར་དུ་ཁིལ་(氯)ཞེས་པའི་རྫས་བཏབ་ཡོད། རྫས་དེ་དང་སྲིན་ཕྲའི་རོ་གཉིས་ཚོགས་པ་ན་ཁིལ་གསུམ་ཀ་ལོན་(三氯甲烷)ཞེས་པའི་རྫས་སུ་འགྱུར་ཞིང༌། དེའང་ངན་འབྲས་སྐྱེད་པའི་རྫས་ཡིན་པས་སྦུག་ཆུ་འཐུང་བ་འདི་དུག་འཐུང་བ་དང་འདྲའོ།། ཞེས་ཟེར་རོ།།

བཅུ་པ་ནུས་པ་ཞན་པའམ་སྐྱུར་ཅན་གྱི་ཁ་ཟས་ཀྱི་རིགས་དག་ཡིན་ཏེ། ནུས་པ་ཞན་པའི་ཁ་ཟས་ཞེས་པ་ནི། ཟས་དེ་ལ་མིའི་ལུས་ལ་ཕན་པའི་ནུས་པ་ཆེན་པོ་མེད་པའི་རིགས་ཡིན་ལ། སྐྱུར་ཅན་ཞེས་པའང་རོ་སྐྱུར་པོ་ཅན་ལ་གོ་རྒྱུ་མ་ཡིན་ནོ།། འོ་ན་ཇི་ལྟ་བུ་ཞིག་ཡིན་ཞེ་ན། གསོ་རིག་རབ་འབྱམས་པ་ལིན་ཡུན་ཏྲིང་ན་རེ། ནུས་ཚད་དྲག་ཞན་ཞེས་པ་ཅི་ཞེ་ན། ཁ་ཟས་རྣམས་རིགས་གཉིས་སུ་དབྱེ་སྟེ། ནུས་པ་དྲག་པོ་ཅན་དང་ནུས་པ་ཞན་པའོ།། དེ་ལ་ནུས་པ་དྲག་པོ་ཅན་ནི། སྔོ་ཚོད་དང༌། ཤིང་འབྲས་དང༌། འབྲུ་རིགས་རྣམས་ཀྱི་ནང་ནས་ཇི་ལྟར་རགས་པའམ་རྩུབ་པ་དེ་ལྟར་ནུས་པ་དྲག་པོ་ཅན་ཡིན། ནུས་པ་ཞན་པའི་ཟས་རིགས་ནི། ཤ་དང༌། སྒོ་ང་དང༌། འོ་མ་དང༌། སྣུམ་དང༌། བུ་རམ་དང༌། ལན་ཚྭ་དང༌། རྗེན་དཀར་དང༌། འབྲས་དཀར་དང༌། རྗེན་སྒོང་དཀར་པོ་སོགས་ཕྲ་ཞིང་ཞིབ་པའི་ཟས་རིགས་རྣམས་ཡིན། ཇི་ལྟར་ཕྲ་ཞིབ་ཡིན་པ་དེ་ལྟར་ནུས་པ་ཞན་པ་ཡིན་ནོ།། སུའུ་ལེན་གྱི་ཚན་རིག་པས་ཁྱི་ཕྲུག་གི་ཕོ་བའི་ནང་དུ་ཟས་རིགས་འཇུ་ཡུན་ལ་ཞིབ་འཇུག་བྱས་ཏེ། ཁྱི་ཕྲུག་རྣམས་ཁག་ལྟར་བསྒོས་ཏེ། ཁག་དང་པོ་ལ་རྗེན་སྒོང་དཀར་པོ་བྱིན། ཁག་གཉིས་པ་ལ་བྲ་བོའི་(荞麦)རྗེན་སྒོང་བྱིན། ཁག་གསུམ་པ་ལ་སྔོ་ཚོད་དང་ཤིང་འབྲས་བྱིན། ཁག་བཞི་པ་ལ་ཤ་བྱིན། ཁག་ལྔ་པ་ལ་ཤ་དང་རྗེན་སྒོང་དཀར་པོ་གཉིས་ཀ་བྱིན་ནས་བཟར་བཅུག་སྟེ་བརྟགས་པས། རྗེན་སྒོང་དཀར་པོ་ཕོ་ཁའི་ནང་ནས་བཞུ་བ་ལ་དུས་ཚོད་གཉིས་ཕྱེད་ནས་གསུམ་བར་འགོར། བྲ་བོའི་རྗེན་ལ་དུས་ཚོད་གཅིག་ནས་གཅིག་ཕྱེད་བར་འགོར། སྔོ་ཚོད་དང་ཤིང་འབྲས་ལ་དུས་ཚོད་ཕྱེད་འགོར། ཤ་ལ་དུས་ཚོད་བཞི་འགོར། ཤ་དང་རྗེན་སྒོང་དཀར་པོ་གཉིས་ཀ་ལ་དུས་ཚོད་བརྒྱད་འགོར་བར་གྱུར། དེས་ན་ཤའི་རིགས་དང་རྗེན་དཀར་ལྟ་བུ་ཕོ་ཁའི་ནང་ནས་འཇུ་བ་ལ་དུས་ཚོད་ཡུན་རིང་དགོས་པས་ཕོ་བའི་ནུས་ཤུགས་ཆེན་པོ་སྤྱད་ནས་བཞུ་དགོས། འོན་ཀྱང་དེ་དག་གི་ནང་ནས་ཟས་བཅུད་ཚུར་འཐོབ་རྒྱུ་ཅི་ཡང་མེད་དེ་ཐཱན་ཆུ་འདྲེས་རྫས་(碳水化合物)ཙམ་ཞིག་ཡིན། འབྲས་དཀར་ཞེས་པ་ཅི་ཞེ་ན། འབྲས་རྩིང་གི་ཕྱི་ན་ཡོད་པའི་ཤུན་པ་སེར་པོ་དེ་མེད་པར་བྱས་ནས་འབྲས་དཀར་པོ་ཁོ་ནར་བྱས་པ་ལ་ཟེར། འབྲས་ཀྱི་ཟས་བཅུད་བརྒྱ་ཆ་དགུ་བཅུ་གོ་བདུན་དེ་ཤུན་པ་དེ་རྣམས་ཀྱི་ནང་དུ་ཡོད། བྲ་བོ་དང་འབྲས་རྩིང་(糙米)སོགས་རགས་ཤིང་རྩུབ་པའི་བཟའ་བཅའ་རྣམས་ཁོག་པའི་ནང་ནས་དུས་ཚོད་ཕྱེད་ཙམ་གྱིས་བཞུ་ཐུབ་སྟེ་ཤིན་ཏུ་མྱུར། ཕར་ཕོ་བའི་ནུས་ཤུགས་མང་པོ་ཕྱུང་མི་དགོས། ཚུར་ཟས་བཅུད་མང་པོ་འཐོབ། འབྲུ་རིགས་དང་ཤིང་འབྲས་ནི་དེ་བས་ཀྱང་བཟང་བ་ཡིན། ཤའི་ཁ་ཟས་བཞུ་བ་ལ་དུས་ཚོད་བཞི་དགོས་ཤིང༌། སྲོག་ཆགས་ལས་བྱུང་བའི་སྤྲི་དཀར་ཡིན་པས་ཟོས་པའི་རྗེས་སུ་ཨེམ་གཞི་སྐྱུར་གྱི་རྫས་ཆུང་ངུར་འགྱུར། དེ་དང་མཉམ་དུ་གཅིན་སྐྱུར་(尿酸)དང་ལིན་སྐྱུར་(磷酸)དང་ཟངས་སྐྱུར་(铜酸)སོགས་སྐྱུར་དུག་གི་རིགས་དུ་མར་འགྱུར། དུག་རིགས་དེ་དག་ཕྱིར་འཕུད་དགོས་ཤིང༌། དེའང་མཁལ་མས་འཕུད་ལ། མཆིན་པས་དག་གཙང་བྱེད་དགོས། བཟའ་བ་ཅི་ཙམ་མང་བ་དེ་ཙམ་དུ་ཕྱིར་འཕུད་དགོས་པའང་མང་བས་མཁལ་མའི་ཁུར་ཇེ་ལྕིར་འགྲོ་སྟེ། དེའི་ཕྱིར་བྱིས་པ་ཤ་བཟའ་བར་དགའ་བ་རྣམས་ཆུང་ངུའི་དུས་ནས་མཁལ་མའི་ནུས་པ་ཉམས་ནས་དུག་དེ་དག་ཕྱིར་འཕུད་མ་ནུས་ནས་དུག་དེ་དག་ཁྲག་གི་རྒྱུན་གྱི་ནང་དུ་འགྲོ་སྟེ། དེ་ནས་ལྷུ་ཚིགས་དང་ཕྲ་ཕུང་དག་གི་ནང་དུ་བསགས་ནས་སྐྱུར་རྫས་སུ་འགྱུར། དེ་དག་ཐམས་ཅད་དུག་རིགས་ཡིན་པས་ཡུན་རིང་སོང་ཚེ་ནད་མང་པོ་འབྱུང་སྟེ། དཔེར་ན་ཤའི་ཁ་ཟས་ཀྱི་ནང་ན་སྐྱུར་རྫས་འབོར་ཆེན་ཡོད་པས་ནད་འདི་རྣམས་འདྲེན་པར་བྱེད། ཤའི་རིགས་རྣམས་དང་པོ་བཞུ་བའི་ཚེ་དུས་ཚོད་བཞིའི་ཡུན་གྱི་ཕོ་བའི་ནུས་ཤུགས་གཟད། དེར་མ་ཟད་སྐྱུར་རྫས་འབོར་ཆེན་འབྱུང༌། ལུས་ཀྱིས་དུག་འབོར་ཆེན་ཕྱིར་འཕུད་དགོས་པས་ཕར་འགྲོ་བ་ཆེ་ལ། ཟས་བཅུད་ཅུང་ཟད་ཙམ་ལས་འཐོབ་རྒྱུ་མེད་པས་ཚུར་འོང་བ་ཉུང་བའི་ཟས་རིགས་ཡིན། དེས་ན་རྒྱུན་དུ་ཟས་འདི་རིགས་ཟོས་ཚེ་ལུས་ཀྱི་ནང་དུ་ཟས་ལས་བྱུང་བའི་དུག་མང་པོ་བསགས་ཏེ་ཕྱིར་འཕུད་མི་ནུས་ཤིང་ཕྲ་ཕུང་རྣམས་ཉམས་གསོ་བྱེད་མི་ནུས་པར་མ་ཟད། བར་མ་ཆད་དུ་ཉམས་རྒུད་དུ་སོང་ནས་མཐར་ནུས་ཉམས་ཀྱི་ནད་མང་པོ་ཞིག་འདྲེན་པར་བྱེད། ནད་དེ་དག་སྨན་གྱིས་བཅོས་ཐབས་མེད་པས་ཇེ་བས་ཇེ་ངན་དུ་སོང་སྟེ་མཐར་ཚེ་དུས་ལས་འདས་པར་འགྱུར་རོ།། དེ་ལས་ལྡོག་སྟེ་ནུས་པ་མཐོ་བའི་ཟས་རིགས་རྣམས་ཟོས་ན་ལུས་རང་ཉིད་ཀྱིས་ནད་འདི་དག་ཐག་གཅོད་བྱེད་ཐུབ། གལ་ཏེ་ལུས་པོ་མི་བཟང་བ་ཞིག་ཡིན་ཡང་ཟས་རིགས་འདི་རྣམས་བསྟེན་ན་རིམ་གྱིས་ལུས་པོ་བཟང་བར་འགྱུར། ཁྲེ་དང་ཞོག་མངར་རྣམས་ནི་ཤིན་ཏུ་བཟང༌། སྔོ་ཚོད་རྣམས་འཚེད་པར་མི་བྱ་ཞིང༌། ཁྱད་པར་དུ་སྣུམ་བླུགས་ནས་འཚེད་མི་རུང༌། རྗེན་པའམ་གསོན་པོར་བཟའ་དགོས་ཏེ། བཙོས་ན་ཟས་ཀྱི་ནུས་བཅུད་ཉམས་པར་བྱེད་པའི་ཕྱིར། གསོན་པོར་ཟོས་ན་ཟས་ཀྱི་བཅུད་ཕབས་རྩིའམ་enzyme 酶)རུ་མ་(酵素)དག་ཉམས་པར་མི་བྱེད་དེ། འདི་དག་ཤིན་ཏུ་གལ་ཆེ་བ་ཡིན། འོན་ཀྱང་བཙོས་པའི་ཚེ་འདི་དག་ཀུན་ཉམས་པར་བྱེད། ཆུས་བཞུ་བའི་རིགས་ཀྱི་ཟས་བཅུད་རྣམས་བཙོས་ན་ཕལ་མོ་ཆེ་ཞིག་འཇིག་པར་འགྱུར། ཕབས་རྩི་མེད་པར་གྱུར་ཚེ་མིའི་ལུས་ཤིན་ཏུ་མྱུར་བར་རྒ་བར་འགྱུར་རོ།། ད་ལྟ་ཕྱི་གླིང་པ་དག་གིས་རང་བྱུང་གི་གསོ་ཐབས་ཞེས་པ་འདི་ལ་ཤིན་ཏུ་གཙིགས་ཆེན་བྱེད། དེ་གང་ཞེ་ན། འབྲུ་རིགས་དང་ཚོད་མ་སོགས་མི་བཙོ་བར་གསོན་པོར་བཟའ་བ་ལ་བྱ་སྟེ། མི་རྣམས་འབྲུ་དང་ཚོད་རིགས་བཟའ་བ་དང་དེ་ཡང་གསོན་པོར་བཟའ་བའི་རིགས་ཡིན་པས་རང་བྱུང་ཁམས་ཀྱི་ཚུལ་ལུགས་དང་མཐུན་པ་ཡིན། སྤྱིར་ཟས་བཟའ་བ་མང་བ་དང་ཁྱད་པར་དུ་ནུས་ཞན་ཟས་རིགས་བཟའ་བ་མང་ན་ལུས་དང་སྲོག་ལ་གནོད་ཅིང་ཉུང་ན་ཕན་པ་ཡིན་ཏེ། ༡༩༦༦ལོར་ཨ་རིར་སྨན་པ་ཞིག་གིས་ཚོད་བལྟ་བྱ་ཕྱིར་བྱི་བ་རྣམས་ཁག་བསྒོས་ཏེ་ཟས་རིགས་མི་མཐུན་པ་བཟར་བཅུག དེའི་ནང་ནས་ཁག་གཅིག་ལ་ཟས་ཕལ་བ་བྱིན་ཅིང་ཉིན་ལྔ་རེ་ལ་ཟས་ཟོས་རྗེས་ཉིན་གཉིས་རེ་ལ་ངལ་གསོ་རུ་བཅུག་པས་བྱི་བ་འདི་རྣམས་ཀྱི་ཚེ་གཞན་པ་རྣམས་ལས་ཉིས་འགྱུར་གྱིས་རིང་བར་གྱུར་ཏོ།། ཞེས་དང༌། སྤྱིར་ཟས་ཚྭ་ཅན་གྱི་རིགས་དང་སྐྱུར་ཅན་གྱི་རིགས་གཉིས་ཡོད། དང་པོ་ནི། སྔོ་ཚོད་དང༌། ཤིང་འབྲས་དང༌། ཁྲེ་དང༌། ཡུང་དམར་རམ་ཞོག་མངར་སོགས་ཡིན་ལ། གཉིས་པ་ནི། ཤ་དང༌། སྒོ་ང་དང༌། འོ་མ་དང༌། སྣུམ་དང༌། ལན་ཚྭ་དང༌། ཀ་ར་དང༌། རྗེན་དཀར་དང༌། འབྲས་དཀར་སོགས་ཡིན་ནོ།། བ་དམ་མམ་ས་སྟར་ག་(花生)དང་སྲན་མ་དང་ཁུ་ནག་རྣམས་ནི་སྐྱུར་དྲག་པོ་ཡིན་པས་ཉུང་བཟའ་བྱ་དགོས། ཁུ་ནག་གིས་ལུས་ལ་ཤིན་ཏུ་གནོད་པ་ཡིན། སྐྱུར་རིགས་དང་ཚྭ་རིགས་ཞེས་པ་འདི་བྲོ་བ་སྐྱུར་པོ་དང་ལན་ཚྭའི་བྲོ་བ་ལ་གོ་མི་རུང༌། མིའི་ལུས་ཀྱི་ཁྲག་ནི་ཞན་པའི་ཚྭ་ཅན་དུ་གཏོགས་པས་ཁ་ཟས་ཀྱང་ཚྭ་ཅན་བསྟེན་དགོས་པ་ཡིན། མི་རྣམས་ཀྱིས་སྐྱུར་ཅན་གྱི་ཟས་ཤ་དང་སྒོ་ང་དང་འོ་མ་དང་སྣུམ་སོགས་ཟོས་ནས་ཁོག་པའི་ནང་དུ་ཞུ་བའི་ཚེ་ན་མུ་ཟིའི་སྐྱུར་(硫酸)དང་ཟངས་སྐྱུར་སོགས་སྐྱུར་ཅན་གྱི་དངོས་པོ་འབོར་ཆེན་འབྱུང་བར་འགྱུར་ཏེ། དེའི་ཚེ་རུས་པ་དག་ལས་སྲ་བཅུད་ཀལ་མང་དུ་ཕྱུང་ནས་སྐྱུར་རྫས་དེ་དག་སྙོམས་པར་བྱ་དགོས་པས་འོ་མས་སྲ་བཅུད་མི་གསོ་བར་མ་ཟད་འོ་མ་ཇི་ཙམ་མང་དུ་བཏུང་བ་དེ་ཙམ་དུ་སྲ་བཅུད་འཛད་པར་འགྱུར་བ་ཡིན་ནོ།། ཚན་རིག་པ་དག་གིས་ཨ་རིར་བརྟག་དཔྱད་བྱས་པས་ཨ་རི་ནི་བུད་མེད་ལ་རུས་སོབ་ནད་ཀྱིས་ཐེབས་པ་ཆེས་མང་བའི་མི་རིགས་ཤིག་ཡིན་པར་མཐོང་སྟེ། ཁོང་ཚོ་ལོ་དྲུག་ཅུ་རེ་ལྔ་ལ་སོན་སྐབས་རུས་པའི་ཕྱེད་དམ་བརྒྱ་ཆ་དོན་ལྔ་ཙམ་ཞིག་སྲབ་པར་གྱུར། དེའི་རྒྱུ་མཚན་བཟའ་བཏུང་སོགས་དངོས་པོའི་ལོངས་སྤྱོད་ཤིན་ཏུ་འབོལ་བོ་ཡོད་པས་ཟོག་འོ་མང་དུ་འཐུང༌། ཤ་མང་དུ་ཟོས། མངར་རིགས་མང་པོ་ཟོས་པས་མཐར་དེ་ལྟར་དུ་གྱུར་པ་རེད། ཨ་རིའི་ཚན་རིག་པ་དག་གིས་ཨ་ཧྥེ་རི་ཁའི་དབུལ་ཕོངས་ས་ཁུལ་གྱི་བུད་མེད་ལ་བརྟག་དཔྱད་བྱས་པས་ཡུལ་དེ་གའི་བུད་མེད་རྣམས་ལ་ཚེ་གང་རིང་ཕྲུ་གུ་བཅུ་ཙམ་རེ་བཙའ་ཡང་ཕྲུ་གུ་ཐམས་ཅད་ཀྱི་རུས་པ་ཤིན་ཏུ་སྲ་བར་མ་ཟད། བུད་མེད་དེ་དག་ལོ་རེ་ལྔར་སོན་པ་ན་ད་དུང་རུས་པ་ཤིན་ཏུ་སྲ་སྟེ་རུས་སོབ་ཀྱི་ནད་མཐོང་རྒྱུ་མེད། དེའི་རྒྱུ་མཚན་དེ་རྣམས་ལ་འོ་མ་མང་པོ་འཐུང་རྒྱུ་དང༌། ཤ་བཟའ་རྒྱུ་མེད་ཅིང༌། འབྲུ་རིགས་རགས་པ་དག་དང་ཚྭ་ཅན་གྱི་ཟས་རིགས་རྣམས་ཟོས་ནས་རུས་པའི་སྲ་བཅུད་མ་ཉམས་གནས་པའི་དབང་གིས་ཡིན། ཞེས་ཟེར་རོ།།

བཅུ་གཅིག་པ་ནི་ཟས་ཀྱི་བྲོ་བ་འབྱིན་པའི་རྫས་འགའ་ཞིག་སྟེ། བྲོ་བའི་རྫས་འདི་དག་གི་ནང་དུ་རྫས་འགྱུར་གྱི་རིགས་སོགས་ངན་འབྲས་སྐྱེད་པའི་དུག་རིགས་མང་པོ་ཡོད་པས་ཤིན་ཏུ་གཟབ་དགོས་པར་མངོན་ཏེ། གསོ་རིག་རབ་འབྱམས་པ་ལིན་ཀོང་ཁྲང་ན་རེ། ཚྭ་དང༌། ཁྱད་པར་དུ་ཚྭ་དཀར་(白盐)དང༌། བྲོ་རྩི་(味精)དང༌། སྲན་སྣུམ་(酱油)བཅས་ནི་ངན་འབྲས་ཀྱི་མཐུན་ཟས་ཡིན། དེས་ན་བྲོ་བ་གར་མོ་ལ་དགའ་བ་རྣམས་ལ་ངན་འབྲས་ཀྱི་ནད་འབྱུང་ཉེ་ཞིང༌། ཆང་ངན་པས་ཀྱང་མཆིན་པའི་ངན་འབྲས་སྐྱེད་པར་བྱེད། ཅེས་ཟེར་ཏེ། ཚྭ་མང་དུ་ཟོས་ན་ལུས་པོ་སྐྱུར་ཅན་དུ་འགྲོ་སྟེ། ལུས་པོ་སྐྱུར་ཅན་ནད་ཀུན་འབྱུང་བའི་གཞི།། ཞེས་ཟེར་བ་བཞིན་དུ་ངན་འབྲས་སོགས་སྐྱེད་པར་བྱེད་པ་ཡིན། བྲོ་རྩི་ཟོས་ན། མགོའི་སྐྲ་བྱི་བ་དང༌། མགོ་ཡོམ་འཁོར་བ་དང༌། ངལ་ཞིང་དུབ་པ་དང༌། སེམས་རྩེ་གཅིག་ཏུ་མི་གནས་པ་རྣམས་འབྱུང་བར་འགྱུར། སྲན་སྣུམ་གྱིས་ཁྲག་ཤུགས་ལ་གནོད་པར་འགྱུར། བུ་རམ་གྱིས་ལུས་ཀྱི་སྲ་བཅུད་ཀལ་སོགས་ཉམས་པར་བྱེད། འོན་ཀྱང་བུ་རམ་མ་ཟོས་ཐབས་མེད་ཡིན་ན་བུར་དམར་ཅུང་ཟད་རེ་ཟོས་ཆོག་ཅེས་ཟེར་རོ།།

 དེ་རྣམས་ལས་གཞན་པའི་ལུས་ཁམས་ལ་གནོད་པའི་དངོས་པོ་འགའ་ཞིག་བརྗོད་པར་བྱ་སྟེ།

དང་པོ་ཐ་མག་འཐེན་པ་ནི། ཐ་མག་འཐེན་ན་ལུས་ཁམས་ལ་ཤིན་ཏུ་གནོད་པས་ཅིས་ཀྱང་སྤང་བར་བྱ་དགོས་ཏེ། འདིས་འཐེན་མཁན་རང་ལ་གནོད་པར་མ་ཟད་ཉེ་འཁོར་ན་ཡོད་པའི་མི་གཞན་རྣམས་ལའང་གནོད་དེ། ཐ་མག་གིས་གློ་བའི་ངན་འབྲས་སྐྱེད་པ་དང༌། ཁྲག་རྩ་སྲ་རེངས་སུ་གྱུར་ནས་སྙིང་གི་ནད་སྐྱེད། ཀླད་པའི་གྲིབ་ནད་སོགས་ནད་མང་པོ་སྐྱེད། ཐ་མག་གི་ནང་དུ་ངན་འབྲས་སྐྱེད་པའི་དུག་རིགས་ཉི་ཤུ་ཙམ་ཞིག་ཡོད་ལ། སྤྱིར་དུ་བ་རྐང་གཅིག་གི་ནང་དུ་དུག་རིགས་སྟོང་ཕྲག་གཅིག་ཙམ་ཞིག་ཡོད་ཟེར། ཐ་མག་འཐེན་མཁན་གྱི་ཁོང་དུ་ཐ་མག་གི་དུ་བ་བརྒྱ་ཆའི་བཅུ་ཙམ་ཞིག་འགྲོ་ཞིང༌། ཉེ་འཁོར་ན་ཡོད་པ་རྣམས་ཀྱི་ཁོང་དུ་བརྒྱ་ཆ་དགུ་བཅུ་ཐམ་པ་འགྲོ་བར་འགྱུར། དབྱིན་ཇིའི་ཚན་རིག་པས་ཚོད་བལྟ་བྱས་པས། ཐ་མག་རྐང་གཅིག་འཐེན་ན་ཚེ་སྲོག་དུས་ཚོད་སྐར་མ་བཅུ་གཅིག་གིས་ཇེ་ཐུང་དུ་འགྲོ་ཞེས་ཟེར། དེས་ན་ཉིན་གཅིག་ལ་ཐ་མག་སྒམ་ཆུང་གང་འཐེན་ན་ཚེ་ཚུ་ཚོད་གསུམ་དང་སྐར་མ་བདུན་གྱིས་ཇེ་ཐུང་དུ་འགྲོའོ།། བུད་མེད་སྦྲུམ་མའི་ཁོང་དུ་གཞན་གྱིས་འཐེན་པའི་ཐ་མག་སོང་ན། བྱིས་པ་མངལ་ནས་འཆི་བ་དང༌། བཙའ་མ་རན་གོང་ནས་བཙའ་བ་དང༌། ཤེས་པ་གླེན་པ་དང༌། ལུས་བོངས་མ་སྨིན་པ་སོགས་སྐྱོན་མང་པོ་འབྱུང་བར་འགྱུར་ཞེས་ཟེར་ཏེ། གསོ་རིག་རབ་འབྱམས་པ་ལིན་ཡུན་ཏྲིང་ན་རེ། མཁའ་དབུགས་ཀྱི་ནང་དུ་དུག་རིགས་མང་དུ་གནས་ཏེ། གྲོང་ཁྱེར་ཆེན་པོ་རྣམས་ཀྱི་བར་སྣང་ན་རླངས་འཁོར་གྱི་དུད་རླངས་སོགས་ཀྱིས་ཁྱབ་ནས་ཡོད་པ་དེ་དག་ཐམས་ཅད་དུག་འབའ་ཞིག་ཡིན། ཁྱད་པར་དུ་ཐ་མག་གི་དུག་ནི་ཤིན་ཏུ་ཚབས་ཆེ་སྟེ། ཐ་མག་རྐང་གཅིག་གི་ནང་དུ་དུག་རིགས་སྟོང་ཕྲག་གཅིག་ཙམ་རེ་ཡོད། དེ་ཐམས་ཅད་ཁོང་དུ་སོང་ན་ཤིན་ཏུ་མི་འཕྲོད་ཅིང་གནོད་པ་ཆེ་བས་གཟབ་པར་བྱ་དགོས་སོ།། ཞེས་སོགས་ཟེར་རོ།།

དེ་རྣམས་ལས་གཞན་པའི་ལུས་ཁམས་ལ་གནོད་པའི་དངོས་པོ་འགའ་ཞིག་བརྗོད་པར་བྱ་སྟེ།

གཉིས་པ་གློག་ཆས་ཀྱི་ཁྱབ་འཕྲོ་ནི། ༡༩༩༦ལོའི་ཟླ་ཚེས་༡༤ཉིན་དབྱིན་ཇིའི་དངོས་ཁམས་རིག་པ་པ་རྣམས་ཀྱིས་ཁྱིམ་སྤྱད་གློག་ཆས་ལས་བྱུང་བའི་གློག་སྡུད་རླབས་ཁྱམས་ཀྱིས་ངན་འབྲས་སྐྱེད་པར་བྱེད་ཅེས་ཐོག་མར་གསལ་བསྒྲགས་བྱས། དེ་ཡང་ཁྱིམ་སྤྱད་གློག་ཆས་ཐམས་ཅད་ཀྱི་གློག་ལམ་ལས་རོད་རླངས་(氡气)སྤྲོ་བར་བྱེད་ཅིང༌། རོད་རླངས་ཞེས་པ་དེ་ནམ་རྒྱུན་རླངས་པའི་གཟུགས་སུ་གནས་ཤིང་མདོག་མེད་དྲི་མེད་པ་ཞིག་སྟེ། དེས་ངན་འབྲས་ནད་བཞི་བཅུ་ལྷག་ཅིག་སྐྱེད་པར་ད་ལྟ་ཤེས་ཟིན་པ་ཡིན། རོད་རླངས་འདི་མིའི་ཁ་སྣ་བརྒྱུད་དེ་ཁོང་དུ་སོང་ན་གློ་བའི་ངན་འབྲས་སྐྱེད་པར་བྱེད། ད་ལྟ་ཁྱིམ་ཚང་ཐམས་ཅད་ཀྱིས་ཁྱིམ་སྤྱད་གློག་ཆས་རྣམས་མེད་ན་འཚོ་ཐབས་མེད་པ་ལྟ་བུར་བརྩིས་ཏེ། ཁྱིམ་གློག་མང་པོ་བེད་སྤྱོད་གཏོང་བཞིན་ཡོད་མོད། བརྙན་འཕྲུལ་དང༌། རྩིས་འཕྲུལ་དང༌། ལག་འཕྲིན་ནམ་ལག་འཁྱེར་ཁ་པར་དང༌། གློག་སྒྲོན་སོགས་མདོར་ན་གློག་ཆས་ཡོངས་རྫོགས་ཀྱི་ནང་དུ་གློག་ཡོད་ཕྱིན་དེའི་ཉེ་འཁོར་ན་གློག་དང་ཁབ་ལེན་ནམ་སྡུད་ལྕགས་ཀྱི་ཁྱབ་འཕྲོ་(辐射)ཡོད་ལ། གློག་སྡུད་ཀྱི་ཁྱབ་འཕྲོ་ཞེས་པ་དེར་མདོག་དང་དྲི་མེད་ཅིང་མིའི་ལུས་སོགས་དངོས་པོ་རྣམས་ཐལ་བྱུང་དུ་བརྟོལ་ནས་འགྲོ་སྟེ། དེས་མིའི་ལུས་ཀྱི་ཕྲ་ཕུང་རྣམས་རྨས་པ་དང་གསོད་པར་བྱེད་ཅིང༌། ངན་འབྲས་སྐྱེད་པར་བྱེད་པས་གནོད་ཚབས་ཤིན་ཏུ་ཆེ་སྟེ། ༡༩༩༧ལོའི་ཟླ་ཚེས་༢༩ཉིན་གྱི་འཛམ་གླིང་གླེང་སྟེགས་ཀྱི་སྙན་ཞུ་ལས། རྩིས་འཕྲུལ་གྱི་མདུན་དུ་དུས་ཚོད་ལྔའི་རིང་ལ་བྱ་བ་བསྒྲུབས་ན། དེའི་ཁྱབ་འཕྲོའི་ནུས་པས་མི་དེ་ཉི་མ་གཅིག་ཚེ་ཇེ་ཐུང་དུ་གཏོང་བར་བྱེད་ཅེས་ཟེར་རོ།།

དེ་རྣམས་ལས་གཞན་པའི་ལུས་ཁམས་ལ་གནོད་པའི་དངོས་པོ་འགའ་ཞིག་བརྗོད་པར་བྱ་སྟེ།

གསུམ་པ་གློག་སྡུད་ཀྱི་རླབས་ནི། དབྱིན་ཇིའི་རྒྱལ་ཁབ་ཁྱབ་འཕྲོ་སྲུང་སྐྱོབ་བསྐོས་མི་ཚོགས་པས་༡༩༩༨ལོ་ནས་ལག་འཕྲིན་གྱིས་མིའི་དྲན་པ་མི་གསལ་བ་དང༌། ཤེས་པ་རྩེ་གཅིག་ཏུ་མི་གནས་པའི་ཉོབ་པོར་འགྱུར་བར་བཤད་ཅིང༌། གཞན་ཡང་མགོ་འཐོམ་པ་དང༌། གཉིད་རྨུགས་པ་སོགས་འབྱུང་སྟེ། ཀླད་པར་གནོད་ཚབས་ཆེ་བ་ཡིན་འདུག དབྱིན་ཇིའི་གཟད་སྤྱོད་པའི་རྩ་འཛུགས་ཀྱིས་ལག་འཛིན་ཁ་པར་སྐེད་པར་འདོགས་པ་འདི་ལ་དུས་འཁེལ་འགལ་རྫས་ཞེས་པའི་མིང་འདོགས་ཏེ། འདི་སྐེད་པར་བཏགས་ན་ལུས་ལ་ཤིན་ཏུ་གནོད་དེ། ལག་འཕྲིན་རྒྱུན་དུ་གཡས་ཕྱོགས་སུ་བཏགས་ན་མཆིན་པ་ལ་གནོད་པར་འགྱུར་བ་དང༌། རྒྱབ་ཕྱོགས་སུ་བཏགས་ན་མཁལ་མ་ལ་གནོད་པ་དང༌། གཡོན་ཕྱོགས་སུ་བཏགས་ན་མཚེར་བ་ལ་གནོད་པ་དང༌། མདུན་ཕྱོགས་སུ་བཏགས་ན་དོན་སྣོད་ཐམས་ཅད་ལ་གནོད་པར་འགྱུར་ཏེ། ཁྱབ་འཕྲོའི་གནོད་པ་ནི་ཤིན་ཏུ་ཚབས་ཆེ་བ་ཡིན། སུའེ་ཏེན་གྱི་ཚན་རིག་པ་རྣམས་ཀྱིས་མི་ཁྲི་གཅིག་དང་སྟོང་གཅིག་ལ་བརྟག་དཔྱད་བྱས་པས་ལག་འཕྲིན་ཡུན་རིང་སྤྱད་ན་མགོ་ན་བ་དང༌། ལུས་པོ་ངལ་དུབ་ཏུ་འགྱུར་བ་དང༌། སྦྲུམ་མ་ཡིན་ན་མངལ་གནས་ཀྱི་ལུས་སྐྱོན་ཅན་དུ་འགྱུར་བར་བཤད་དོ།།

བཞི་པ་གློག་སྡུད་ཀྱི་ཁྱབ་འཕྲོ་ནི། ཤུགས་མཐོའི་གློག་སྐུད་ཀྱི་ཉེ་འགྲམ་དང༌། གློག་སྐུད་ཕལ་བའི་ཉེ་འགྲམ་ནའང་གློག་རླབས་ཡོད་ཅིང་དེས་ལུས་ལ་གནོད་པ་ཡིན་པས་མཐོ་ཤུགས་གློག་སྐུད་དམ་གློག་སྒྱུར་ཆས་སོགས་ཀྱི་ཉེ་འགྲམ་དུ་ཁང་པ་སྐྲུན་པ་སོགས་མི་རུང་ལ། མལ་ཁང་དང་འདུག་གནས་ཀྱི་ཉེ་སར་གློག་སྐུད་དང་གློག་གི་གཏོང་འཛིན་ཡོད་ན་ལུས་ལ་གནོད། དབྱི་ཐ་ལིར་(意大利)བྱིས་པ་བཞི་བརྒྱ་ལ་ཁྲག་དཀར་ནད་ཀྱིས་ཐེབས་པ་དང༌། ཧྥིན་ལན་(芬兰)དུ་མི་ཆིག་ཁྲི་ཉིས་སྟོང་ལ་སེམས་རྒྱུད་མི་བརྟན་པའི་ནད་བྱུང་སྟེ། དེ་དག་ཐམས་ཅད་ཀྱང་མཐོ་ཤུགས་གློག་སྐུད་དང་ཉེ་ཆེས་པའི་དབང་གིས་ཡིན་པར་ཤེས། གནོད་པ་འདི་དག་ཀྱང་རིམ་པར་ལུས་ཀྱི་ནང་དུ་བསགས་ཏེ་མཐར་ཡོངས་སུ་སྨིན་ནས་སྲོག་ལ་རྒོལ་བར་བྱེད་པ་ཡིན། འདི་རྣམས་ཀྱི་གནོད་ཡུལ་གཙོ་བོ་མིག་དང་སྙིང་དང་དབང་པོ་རྣམས་ཡིན་ཞེས་ཟེར་རོ།།

ལྔ་པ་ནི། དྲོད་སྙོམ་ལས་བྱུང་བའི་རླུང་གིས་ཀྱང་མིའི་ལུས་ལ་གནོད་པ་ཡིན་ཏེ། མཁའ་དབུགས་གསར་བ་རྔུབ་མི་ཐུབ་ཅིང༌། མཁའ་དབུགས་ཀྱི་ནང་དུ་གྱེས་རྡུལ་མོ་ཞེས་པ་ཞིག་ཡོད་པ་མིའི་རྔུབ་རྒྱུའི་དབུགས་ཀྱི་ནང་དུ་མེད་མི་རུང་བ་ཞིག་ཡིན་ཡང་དྲོད་སྙོམ་གྱིས་དེ་ཉིད་མེད་པར་བྱས་ཟིན་པས་མིའི་རྐང་པ་ན་ཞིང་ཤུགས་མེད་པ་དང༌། མགོ་ན། མགོ་འཐོམ། གཉིད་ཡལ། ལུས་དུབ། ཁྲག་ཤུགས་མཐོ། སྙིང་འཕར་མགྱོགས། ཁ་སྐམ་པ་སོགས་ནད་རྟགས་མང་པོ་འབྱུང་བར་འགྱུར་རོ།། གཞན་ཡང་རླངས་འཁོར་སོགས་འཕྲུལ་འཁོར་རྣམས་ཀྱིས་ཕྱིར་ཕུད་པའི་རླངས་པ་མཁའ་དབུགས་དང་འདྲེས་པ་དང༌། ཁོར་ཡུག་ལ་གཏོར་བརླག་སྣ་ཚོགས་པ་བྱས་པའི་དབང་གིས་བྱུང་བའི་དུག་རིགས་ཀྱིས་བར་སྣང་དང་ཆུ་དང་རྒྱ་མཚོ་དང་ས་འོག་ལ་སོགས་པ་ཐམས་ཅད་ཁྱབ་ནས་ཡོད་དེ་ཞིབ་པར་གཞན་ནས་ཤེས་པར་བྱ་དགོས་སོ།།

ཉིས་པ་བླང་བྱ་ཕན་བཅས་གནོད་མེད་ཀྱི་བཟའ་བཏུང་བཤད་པ་ནི།

འོ་ན་གོང་དུ་སྨྲས་པའི་ཟས་དེ་རྣམས་བཟའ་མི་རུང་ན་ཅི་ཞིག་བཟའ་བར་བྱ་དགོས་ཤེ་ན། མིའི་ལུས་དང་ཤིན་ཏུ་འཕྲོད་པའི་བདེ་ཐང་གི་ཁ་ཟས་ནི་འབྲུའི་རིགས་དང༌། སྔོ་ཚོད་ཀྱི་རིགས་དང༌། ཤིང་འབྲས་ཀྱི་རིགས་དང༌། ཤིང་འབྲས་ཀྱི་ཁུ་བའི་བཏུང་བ་སོགས་ཡིན་ཏེ། གསོ་རིག་རབ་འབྱམས་པ་ལིན་ཡུན་ཏྲིང་ན་རེ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁ་ཟས་འཕྲོད་པ་བསྟེན་པ་ལ་བཞི་ཉུང་གཅིག་མང་བྱ་དགོས་ཞེས་བཞེད། དེའང་བཞི་ཉུང་ཞེས་པ་ནི། སྣུམ་ཉུང་བ་དང༌། ཚྭ་ཉུང་བ་དང༌། མངར་ཆ་ཉུང་བ་དང༌། སྤྲི་དཀར་ཉུང་བ་ཡིན། དེས་ན་ཤ་བཟའ་མི་རུང་ཞིང་སྤྲི་དཀར་ཡང་རྩི་ཏོག་ལས་བྱུང་བའི་སྤྲི་དཀར་གྱིས་འདང་བས་གཞན་ཞིག་མི་དགོས། གཅིག་མང་ཞེས་པ་ནི། རྒྱུས་རིགས་མང་བའི་ཟས་རིགས་ཡིན། དེ་གང་ཞེ་ན། འབྲུ་སྣ་ལྔ་དང༌། སྔོ་ཚོད་དང༌། ཤིང་འབྲས་དག་ཡིན་ཏེ། མིའི་ལུས་ལ་མཁོ་བའི་ཟས་བཅུད་མ་ལུས་པ་འདི་རྣམས་ཀྱི་ནང་དུ་ཚང་བར་ཡོད་པས་ཤ་མ་ཟོས་ན་ལུས་ཟུངས་མི་འདང་སྙམ་པ་ནི་དོན་མེད་ཀྱི་སེམས་ཁྲལ་དང་ནོར་བ་ཁོ་ན་ཡིན་ཏེ། དུད་འགྲོ་རྩྭ་ཟན་དག་ལ་ལྟོས་དང༌། ཚིལ་དང་སྣུམ་ཅི་འདྲའི་མང་པོ་འདུག སྣུམ་དེ་དག་གི་འབྱུང་ཁུངས་རྩྭ་དང་ལོ་མ་ཁོ་ན་ཡིན་གྱི། ཤ་མིན་ཏེ་དེ་རྣམས་ཀྱིས་ནམ་ཡང་ཤ་ཟོས་པ་མེད་པའི་ཕྱིར་དང༌། མིའང་འབྲུ་རིགས་དང་ཚོད་མ་དང་ཤིང་འབྲས་སོགས་ཤ་མེད་ཀྱི་ཟས་བཟའ་བའི་རིགས་ཀྱི་སེམས་ཅན་ཡིན་པའི་ཕྱིར་རོ།། ཤ་མ་ཟོས་པས་ལུས་ལ་གནོད་པ་མེད་པར་མ་ཟད་ཤ་མང་དུ་ཟོས་ན་ཤའི་ནང་གི་སྤྲི་དཀར་གྱིས་ལུས་ལ་གནོད་པ་མཐའ་ཡས་པ་འབྱུང་བ་ཡིན་པར་ཤེས་དགོས་སོ།། ཞེས་དང༌། གསོ་རིག་རབ་འབྱམས་པ་ལིན་ཀོང་ཁྲང་ན་རེ། དེས་ན་ཁ་ཟས་ལ་ཚོད་མའི་རིགས་དང་ཤིང་ཏོག་གི་རིགས་དང་འབྲུའི་རིགས་བསྟེན་པར་བྱ་དགོས།

དེའང་ཡུལ་དེ་ཉིད་དུ་སྐྱེས་པ་དང༌། དུས་དེ་ཉིད་དུ་སྐྱེས་པ་དང༌། འབོར་ཆེན་སྐྱེས་པ་གསུམ་པོ་བསྟེན་པར་བྱ་དགོས། དང་པོ། ས་དེ་ཉིད་ཅེས་པ་ནི་བཟའ་མཁན་གྱི་མི་དེ་གང་དུ་གནས་པའི་ས་ཆ་དེ་ཉིད་ནས་སྐྱེས་པའི་འབྲུ་རིགས་སོགས་ཡིན་ན་ལུས་ཁམས་དང་འཕྲོད་པས་ཤིན་ཏུ་བཟང་བ་ཡིན་གྱི། ཡུལ་གཞན་ནས་སྐྱེས་པ་གཞན་དུ་ཁྱེར་ནས་ཟོས་ན་དེ་ཙམ་མི་བཟང༌། གཉིས་པ་ནི། བཟའ་བའི་དུས་ཚོད་དེའི་སྐབས་སུ་སྐྱེས་པ་ཡིན་ན་བཟང་གི་དེ་བས་བརྒལ་ན་དེ་ཙམ་མི་བཟང༌། ཤིང་ཏོག་སོགས་བཟའ་བའི་ཚེ་པགས་པ་དང་བཅས་པ་བཟའ་དགོས། ཟས་བཅུད་ཕལ་མོ་ཆེ་པགས་པའི་ནང་དུ་ཡོད་པ་དང༌། ཤིང་ཏོག་དང་ཚོད་མའི་རིགས་ཀྱི་པགས་པ་རྣམས་ཕལ་ཆེར་ཚྭ་ཅན་གྱི་ཟས་རིགས་ཡིན་ལ། ནང་རྣམས་སྐྱུར་ཅན་གྱི་རྫས་ཡིན་པས་པགས་པ་བཤུས་ནས་ཟོས་ན་ཟས་བཅུད་མང་པོ་ཆུད་ཟོས་སུ་འགྱུར་བ་ཡིན། དཔེར་ན་ཀུ་ཤུ་(苹果)དང༌། ལབ་དཀར་(白萝卜)དང༌། ལབ་དམར་(红萝卜)དང༌། ཞོག་མངར་(红薯)དང༌། ཆུ་ཀུབ་(西瓜)དང༌། ངང་ལག་(香蕉)སོགས་ཀྱི་བཅུད་ཕལ་ཆེར་པགས་པའི་ནང་དུ་ཡོད། ལྕ་ཚོད་(芹菜)ཀྱི་བཅུད་ལོ་མ་དང༌། ཚོད་སྣག་(菠菜)གི་བཅུད་ཡུ་བ་ན་གནས་པ་ཡིན། འོན་ཀྱང་མི་རྣམས་ཀྱིས་འདི་དག་ནམ་རྒྱུན་དོར་ནས་མི་བཟའ་མོད། འདི་དག་མ་ཟོས་ཚེ་ཚོད་མ་དང་ཤིང་འབྲས་ཇི་ལྟར་ཟོས་ཀྱང་ཕན་འབྲས་ཆེན་པོ་མེད་པ་ཡིན། ཟས་བཟའ་བའི་གོ་རིམ་ཡང་གལ་ཆེ་སྟེ། མི་ཕལ་ཆེར་གྱིས་ཟས་ཟོས་པའི་རྗེས་སུ་ཤིང་ཏོག་བཟའ་བར་བྱེད་མོད། ཤིང་ཏོག་དེ་རྒྱུ་ནག་གི་ནང་ནས་བཞུ་བར་བྱ་དགོས་ཤིང༌། གལ་ཏེ་དང་པོ་ཟས་གཞན་ཟོས་ན་ཟས་དེ་དག་གིས་ཤིང་ཏོག་རྣམས་ཕོ་ཁའི་ནང་དུ་བཀག་ནས་ཡུན་རིང་སྡོད། རྒྱུ་ནག་གི་ནང་དུ་བབ་ཚེ་བཅུད་ཉམས་པར་གྱུར་ཟིན་པས་རྒྱུ་མ་སོགས་ཀྱི་ནད་སྐྱེད་བྱེད་དུ་འགྱུར་རོ།། དེའི་ཕྱིར་ཟས་བཟའ, ་བའི་ཐོག་མར་རམ་ཡང་ན་སྔ་ཕྱིའི་ཟས་ཀྱི་བར་བར་དུ་ཟོས་ན་བཟང༌། བཏུང་བ་ནི། ཤིང་འབྲས་ཆ་གཅིག་དང༌། ཚོད་རིགས་ཆ་གཉིས་བཅས་ཁུ་བར་བྱས་ནས་བཏུང་ན་ཤིན་ཏུ་བཟང་སྟེ། དཔེར་ན་ཀུ་ཤུ་སུམ་ཆ་གཅིག་དང་ལྕ་ཚོད་སུམ་ཆ་གཅིག ལབ་དམར་སུམ་གཅིག་བཅས་ཁུ་བར་བྱས་ནས་དུས་ཚོད་སྐར་མ་བཅོ་ལྔའི་ནང་དུ་སྙིགས་དང་བཅས་པ་བཏུང་ན་ནད་མང་པོ་ལ་ཕན་པ་ཡོད། ཅེས་ཟེར་རོ།། དེས་ན་བཤད་རྒྱུད་ལེའུ་བཅུ་དྲུག་པ་ལས། ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང༌།། དམན་ལྷག་ལོག་གྱུར་ནད་སྐྱེད་འཕྲལ་སྲོག་འཇོམས།། དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པ་གཅེས།། ཞེས་གསུངས་པ་བཞིན་དུ་ལུས་བདེ་ཐང་ཅན་ཞིག་འོང་བར་འདོད་ན་བཟའ་བ་དང་བཏུང་བ་ལ་ལེགས་པར་བརྟགས་ནས་བླང་དོར་བྱེད་པ་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། བཟའ་བཏུང་ཚུལ་བཞིན་དུ་མ་སྤྱད་ན་ལུས་ལ་ནད་སྐྱེད་ལ། ཁྱད་པར་དུ་དེང་སང་མི་རྣམས་ལས་རྒྱུ་འབྲས་ལ་ཡིད་མི་ཆེས་པ་འདིས་ཚེ་ཕྱི་མ་ལྟ་ཅི་སྨོས། ཚེ་འདིར་ཡང་ཐ་ན་ཁ་ཟས་ཡིད་རྟོན་ཕེར་བ་ཞིག་བཟའ་རྒྱུའང་རྙེད་ཤིན་ཏུ་དཀའ་བའི་གནས་སུ་གྱུར་འདུག་སྟེ། གོང་དུ་གསོ་རིག་རབ་འབྱམས་པ་རྣམས་ཀྱིས་བཤད་པ་བཞིན་དུ་བཟའ་བཏུང་ཐམས་ཅད་རྫས་འགྱུར་གྱི་འབག་བཙོག་གིས་ཡོངས་སུ་བསླད་ནས་དུག་ཏུ་བསྒྱུར་ཟིན་པ་ཡིན། དེར་མ་ཟད་དུག་ལ་སྨན་ཡོད་མོད། ཤ་སོགས་ཁ་ཟས་འདི་དག་གི་ནང་དུ་སྲིན་འགོག་རྫས་སྨན་མང་པོ་བླུགས་ཡོད་པ་མིའི་ཁོང་དུ་སོང་ནས་དེ་དག་གིས་སྨན་དྲེད་དུ་གྱུར་ནས་སྨན་གྱི་ནུས་པའང་འགོག་པས་ནད་ལ་སྨན་ཇི་ལྟར་བཏང་ཡང་སྨན་གྱི་ནུས་པ་ཐོན་མི་ཐུབ་པས་བཅོས་རྒྱུ་མེད་པའི་ནད་དུ་འགྱུར། སྔོ་ཚོད་དང་ཤིང་འབྲས་སོགས་རྫས་འགྱུར་གྱིས་བསྐྱེད་པས་ཕྱི་ནས་བལྟས་ན་མདོག་ལེགས་ཤིང་བོངས་ཆེ་ལ་ཤིན་ཏུ་མཛེས་པ་ཡིན་ཡང་དོན་ལ་ཟས་བཅུད་མེད་ཅིང་དུག་དང་བཅས་པ་ཡིན། ཚོང་ཁྲོམ་ཕལ་བ་ནས་ཐོན་པའི་ཚོང་རྫས་འབོར་ཆེན་ཞིག་ཧ་ཅང་ཐལ་ཆེས་པའི་སྒོ་ནས་རྫུན་བཟོ་བྱེད་ཀྱིན་འདུག་སྟེ། དཔེར་ན་ཕག་གི་ཚིལ་ཞག་འབོར་ཆེན་ཞིག་ཕག་ཚིལ་དངོས་བཞུས་པ་མ་ཡིན་པར་བཤས་ཁང་གི་གད་སྙིགས་སུ་བོར་བའི་ཕག་གི་ལུས་ཀྱི་སྙིགས་རོ་རྣམས་བསྐོལ་ནས་བཟོས་པ་དང༌། ཁྲོམ་གྱི་ཟས་ཁང་ཆུང་ངུ་དག་གིས་ཁ་ཟས་ཀྱི་ལྷག་སྙིགས་མང་པོ་ཟོམ་དུ་བླུགས་པ་བསྐོལ་ནས་དེའི་ཁར་ཆགས་པའི་སྣུམ་གྱིས་ཚོད་མ་རྔོད་པར་བྱེད་པ་སོགས་ཤིན་ཏུ་ཡ་ང་བའི་བྱ་བ་དག་བྱེད་དེ། འདི་རྣམས་གསར་འགོད་པ་དག་གིས་ཐེངས་མང་པོར་རྫུན་རྐུབ་བརྟོལ་བས་མི་ཕལ་ཆེ་བས་ཤེས་པར་ཟད་ལ། ཆུ་གནས་ཀྱི་སྲོག་ཆགས་རྣམས་ཀྱང་དེང་སང་ཕལ་ཆེར་མིས་གསོས་པ་ཡིན་ཞིང༌། དེ་ཡང་མི་གཙང་བའི་རྫས་སྣ་ཚོགས་ཀྱིས་གསོ་བར་བྱེད། དེས་ན་ཆུ་གནས་འདི་དག་བཟའ་བ་ནི་དལ་བུར་རང་གིས་རང་, ཉིད་གསོད་པའི་སྦྱོར་བ་བྱེད་པ་ཡིན་ཞེས་ཟེར་རོ།། དེའི་ཕྱིར་ན་ལྷ་ས་སོགས་གྲོང་ཁྱེར་འགའ་རེ་ན་གནས་པའི་བོད་ཀྱི་ལས་བྱེད་པ་དང་ཚོང་པ་འགའ་རེས་སྡིག་སྲིན་སོགས་ཆུ་གནས་དག་མི་ཟ་མཁན་རྣམས་ལ་མཐོང་རྒྱ་དང་ཤེས་རྒྱ་མེད་པའི་མིར་བརྩིས་ཏེ་མཐོང་ཆུང་བྱེད་ཅེས་ཐོས་པ་ནི་ཤིན་ཏུ་ཡིད་མུག་པའི་གནས་ཏེ། ཁོག་ན་གནའ་དེང་གི་རིག་གནས་སྣ་གཅིག་ཀྱང་མེད་བཞིན་དུ་འབུ་སྲིན་ཟ་ཐུབ་པ་ཙམ་གྱིས་ཤེས་རྒྱ་ཅན་དུ་འགྲོ་བར་འདོད་པ་ནི་རང་ཉིད་ཀྱིས་གླེན་རྟགས་མཐར་ཕྱིན་པར་བསྟན་པ་ཡིན་ཏེ། ཐ་ན་ཆུ་གནས་འདི་རྣམས་རྫས་འགྱུར་སྣ་ཚོགས་པས་དུག་གི་ཕུང་པོར་བྱས་ཟིན་པས་དེ་ཟ་བ་ནི་འགད་རྫས་ལྟོ་བར་གཏོང་བ་དང་འདྲ་བ་ཙམ་ཡང་མ་ཤེས་བཞིན་དུ་ད་དུང་གཞན་ཚུལ་མཐུན་གྱི་བཟའ་བཏུང་བསྟེན་པ་རྣམས་ལ་བརྙས་ཁུལ་བྱེད་པའི་ཕྱིར་རོ།། བོད་རྣམས་ཀྱིས་རི་བོང་ཅལ་འདྲོགས་མི་བྱེད་པར་བསམ་བློ་ཞིབ་ཏུ་ཐོངས་དང༌། དེང་སང་མི་རིགས་གཞན་པ་མང་པོ་ཞིག་གི་འཕྲོད་བསྟེན་དང་གཙང་སྦྲ་ཐམས་ཅད་ཕྱི་རོལ་གྱི་རྣམ་པ་ཙམ་ལས་ཅི་ཡང་མི་འདུག རང་རེའི་ཕ་མེས་གོང་མའི་གནས་སྐབས་ཀྱི་གཙང་སྦྲ་དེ་དོན་གྱི་གཙང་སྦྲ་དངོས་དེ་རེད་འདུག ཕྱི་ཚུལ་གྱི་གཙང་སྦྲ་དེ་ཇེ་ལེགས་སུ་བཏང་ན་བོད་ཀྱི་གཙང་སྦྲ་དེ་ཕུན་སུམ་ཚོགས་པ་ཞིག་ཡིན་འདུག་པས་གོ་བ་མ་འཛོལ་བ་གལ་ཆེའོ།། དུས་ཡུན་རིང་མོ་ཞིག་ནས་བཟུང་མི་རྣམས་ཀྱིས་ཤོག་སྒོར་ཁོ་ན་མ་གཏོགས་གཞན་མི་ལུགས་ཀྱི་ཁྲེལ་གཞུང་དང་ལྷ་ལུགས་ཀྱི་རྒྱུ་འབྲས་སོགས་ཡ་རབས་ཀྱི་བསམ་སྤྱོད་ཐམས་ཅད་ལ་མཐོང་ཆུང་གིས་རྡོག་བརྫི་བྱས་བྱས་པའི་མཇུག་འབྲས་ལ་ད་ལྟ་ཟས་གཙང་མ་ཁམ་གཅིག་བཟའ་འདོད་ཀྱང་མི་རྙེད་པའི་དུས་འདི་ལྟ་བུ་ལ་ཐུག་པ་ཡིན། བཟའ་བྱ་དུད་འགྲོ་རྣམས་ཀྱི་གཅེས་པའི་ཚེ་སྲོག་ཤོག་སྒོར་གྱི་ཆེད་དུ་གཏོང་དགོས་པར་མ་ཟད། ཟ་བ་པོ་མི་ཕལ་མོ་ཆེའི་ཚེ་སྲོག་ཀྱང་མི་འགའ་རེའི་ཤོག་སྒོར་གྱི་ཁེ་ཕན་ཆེད་དུ་གཏོང་དགོས་པར་གྱུར་ཏོ།། དཔེར་ན་བྱ་གཅིག་གི་རང་བཞིན་གྱི་ཚེ་ཚད་ལོ་བདུན་ཡིན། འོན་ཀྱང་ད་ལྟ་བྱ་ཕྲུག་སྐྱེས་མ་ཐག་པ་ནས་བྱ་གསོ་ར་བར་བཅུག་སྟེ། རྫས་འགྱུར་གྱི་སྐུལ་རྒྱུ་འབའ་ཞིག་བཟར་བཅུག་སྟེ་ཉིན་བཞི་བཅུའམ་ཉི་ཤུ་ཙམ་གྱིས་བསད་དེ་བྱའི་ཚེ་ཐུང་ངུར་བྱས། དེ་མི་རྣམས་ཀྱིས་ཟོས་ནས་ངན་འབྲས་སུ་གྱུར་ནས་མི་རྣམས་ཀྱི་ཚེ་ཐུང་ངུར་བྱེད། དེ་ཐམས་ཅད་ཀྱང་སྨྱོན་པ་ལྟ་བུའི་མི་འགའ་རེའི་ཁེ་ཕན་ཆུང་ངུ་ཙམ་གྱི་ཕྱིར་ཡིན་པ་བཞིན་ནོ།། དེ་ལྟར་རྩི་ཤིང་ལོ་ཏོག་ཐམས་ཅད་ཀྱི་བཅུད་རྣམས་ལོ་རེ་ལས་ལོ་རེ་ཇེ་རྒུད་དུ་བཏང༌། མི་རྣམས་ལ་ནད་སྣ་ཚོགས་པ་ལྡང་བའི་རྒྱུ་བསྐྲུན། དེའི་དབང་གིས་ཆ་མཉམ་གྱི་ཚེ་ཚད་ཇེ་ཐུ, ང་དུ་སོང༌, ། སྐྱེ་བོ་རྣམས་ལ་སྡུག་བསྔལ་སྐྱེད་པའི་ལྟ་བ་སྣ་ཚོགས་པ་ཁ་དར། ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་སོགས་རབ་ཏུ་བདོ། དེའི་དབང་གིས་འཛམ་བུ་གླིང་མི་བདེ་བར་བྱེད་པའི་འཁྲུག་པ་ཆེ་ཆུང་སྣ་ཚོགས་པ་རྒྱུན་མ་ཆད་པར་བྱེད་པ་འདི་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དུས་ངན་སྙིགས་མ་ལྔ་ཞེས་གསུངས་པ་དེ་ཡང་འདི་ལས་གཞན་པ་ནི་ཅི་ཡང་ཡོད་པར་མ་མཐོང་ངོ༌།། དེང་སང་ཚན་རིག་ལག་རྩལ་ལ་བརྟེན་ན་ཕྱིའི་དངོས་རྫས་ཀྱི་འཚོ་བ་ཇེ་བཟང་དུ་འགྲོ་བ་ལྟ་བུར་སྣང་ཡང༌། མི་རྣམས་ཀྱི་ལུས་ཁམས་དང་སེམས་ཁམས་དང་ཀུན་སྤྱོད་ཐམས་ཅད་ཇེ་བས་ཇེ་རྒུད་དུ་འགྲོ་ཞིང༌། ཕྱི་རོལ་གྱི་དགྲ་དང་མཚོན་ཆ་སྣ་ཚོགས་པ་ལྟ་ཅི། ཐ་ན་ཁ་ཟས་ཡན་ཆད་ཀྱིས་ལུས་དང་སྲོག་ལ་ཡང་ཡང་རྒོལ་བར་བྱེད་པ་ཤིན་ཏུ་འཇིགས་པའི་གནས་ཏེ། འདི་རྣམས་ལ་ཞིབ་པར་བསམས་ན་མིའི་རིགས་ཡར་རྒྱས་སུ་འགྲོ་བ་ཡིན་ནམ་གཡང་སར་མཆོང་བ་གང་ཡིན་ཤིན་ཏུ་འཆད་དཀའ་བར་སྣང་ངོ༌།། དེས་ན་དེང་སང་འཛམ་བུ་གླིང་གི་བཟའ་བཏུང་ཡོད་དོ་ཅོག་ལས་ཆེས་གཙང་གྲས་དེ་རང་རེ་བོད་ཀྱི་ཟ་མ་འདི་དག་རེད་འདུག་སྟེ། དེ་ཡང་ཤ་ཁྲག་གི་བཟའ་བཏུང་རྣམས་ལ་ནི་འབག་བཙོག་ཆེན་པོ་མེད་ལ། བཤད་རྒྱུད་ལེའུ་བཅུ་དྲུག་པ་ནས་གསུངས་པ་བཞིན་སྐབས་འགར་ལུས་ཀྱི་ནད་འགའ་རེ་ལ་ཕན་པའང་ཅུང་ཟད་རེ་ཡོད་ཀྱང་རང་གི་ངོ་བོ་ཉིད་ཀྱིས་མིའི་ལུས་ལ་གནོད་པ་ཅན་ཡིན་པས་སྤྱིར་སྐྱོན་ཤིན་ཏུ་མང་པོ་ཡོད་པས་ཕར་ཕུད། དེ་མིན་བོད་ཀྱི་ས་ཆ་ནས་སྐྱེས་པའི་ནས་དང༌། གྲོ་དང༌། སྲན་མ་དང༌། མ་རྨོས་ལོ་ཏོག་གམ་ཨ་ཤོམ་(玉米)དང༌། འབྲས་རྩིང་སོགས་འབྲུའི་རིགས་རྣམས་ནི་རོ་བཅུད་བཟང་ཞིང་འབག་བཙོག་མེད་པས་ཤིན་ཏུ་ལེགས། དེ་བཞིན་དུ་གྲོ་ཤུན་དང་བཅས་པ་བཏགས་པའི་བོད་རྗེན་ནི་རྗེན་དཀར་རམ་བཙགས་རྗེན་ལས་བཟང་ཞིང༌། ནས་རྗེན་པའམ་གསོན་པོར་བཏགས་པའི་ནས་རྗེན་དང་ནས་ཅུང་ཟད་བརྔོས་ནས་བཏགས་པའི་རྩམ་པ་ནི་འབྲས་དཀར་ལས་བཟང་བ་ཡིན་པས་རྒྱུན་དུ་ཟོས་ན་ཕན་པ་ཆེ། ལི་(梨)དང་ཀུ་ཤུ་ལ་སོགས་པའི་ཤིང་འབྲས་རྣམས་དང༌། ཚོད་དཀར་(白菜)ཆེ་ཆུང་དང༌། གླང་རྔ་(莴笋)དང༌། ཚོད་མ་མེ་ཏོག་དཀར་པོ་(白菜花)དང༌། ཚོད་སྣག་དང༌། ལྡུམ་སྒོང་(西红柿)དང༌། ཞོག་ཁོག་དང༌། ལ་ཕུག་དཀར་དམར་དང༌། ཀུ་བའི་(瓜)རིགས་ལ་སོགས་པའི་ཚོད་མ་བོད་ཡུལ་ལས་ཐོན་པ་རྣམས་ནི་རྫས་འགྱུར་གྱི་ལུད་དང་ཞིང་སྨན་གྱི་འབག་པ་ཆེར་མེད་པར་གཙང་མ་ཡིན་པས་འབྲུ་རིགས་དང་ཚོད་མ་འདི་རྣམས་བོད་ཡུལ་གྱི་ས་རང་གི་འབྲུ་ཞིང་དང་ཚོད་ཞིང་དུ་བཏབ་སྟེ། ཟོག་དང་ར་ལུག་དང་རྟ་སོགས་ཀྱི་ལུད་ཀྱིས་བསྐྱེད་ན་ཤིན་ཏུ་བཟང་བས་དེ་ལྟར་བྱེད་པ་གལ་ཆེ་སྟེ། གཞན་དུ་རྫས་འགྱུར་གྱི་ལུད་ཀྱིས་ས་ཞིང་ཡང་ཉམས་པར་བྱེད་པས་འདེབས་མི་རུང་ཞིང༌། ཞིང་སྨན་ཡང་འདེབས་མི་རུང་བར་གོང་དུ་བཤད་པ་ལྟ་བུ་ཡིན། ས་གཞན་ནས་འོང་བའི་ཟས་དང་ཚོད་མ་སོགས་ལས་རང་ཡུལ་གྱི་ས་ཞིང་ལས་སྐྱེས་པ་ཉིད་བཟང་བ་ཡིན་པར་གོང་བཤད་ལྟར་ལགས་པས་ཅིས་ཀྱང་ལག་ལེན་ལ་འདེབས་དགོས་སོ།། ལར་དེང་སང་གི་བྱ་བ་གང་ཡིན་ཡང་ཕར་བལྟ་སར་ཕྱི་ཚུལ་ལེགས་པ་དང་ཐོན་ཚད་མང་བ་ལྟ་བུ་ཡིན་ཡང༌། དོན་ལ་ཐམས་ཅད་ཀྱི་རྒྱབ་ན་གཞན་གྱིས་ཤེས་སུ་མི་རུང་བའི་གཏམ་རྒྱུད་སྐྱི་གཡའ་བ་རེ་དང༌། སྣོད་དང་བཅུད། འདི་དང་ཕྱི་མར་བཅས་པ་བརླག་པའི་རྗེས་འབྲས་ཡིད་མུག་པ་རེ་འདུག་པས་ཡིད་རྟོན་ཕེར་བ་ནི་ཤིན་ཏུ་དཀོན་པས་གཟབ་པར་བྱ་དགོས་སོ།། དེ་བས་ན་ལོ་ཏོག་སྨིན་ཚུལ་འདི་རང་བྱུང་ཁམས་ཀྱི་རྒྱུ་རྐྱེན་རྟེན་འབྲེལ་དང་མཐུན་པར་བྱེད་དགོས་པ་ཡིན། དེ་ལྟར་བྱས་ཚེ་ཕྱི་ཚུལ་མཛེས་པ་དང་བོངས་ཆེན་པོ་མེད་དུ་ཆུག་ཀྱང་ཟས་བཅུད་བཟང་ཞིང་ལུས་ལ་གནོད་པ་མེད་པས་བདེ་ཐང་གི་ཁ་ཟས་སུ་འགྱུར་བ་ཡིན་ལ། ཁ་ཟས་འདི་རྣམས་ནི་འབག་བཙོག་མེད་པའི་ཁོར་ཡུག་ལས་འབྱུང་དགོས་པ་ཡིན་པས་ཁོར་ཡུག་གཏོར་བརླག་དང་བཙོག་པར་བྱས་ན་མིའང་བདེ་བར་གནས་ཐབས་མེད་དེ། ཆུ་མ་བདེ་ན་ཉ་མི་བདེ་བ་ལྟ་བུ་ཡིན་པས་ཁོར་ཡུག་སྲུང་སྐྱོབ་ལེགས་པོ་བྱ་བ་ནི་མི་རབས་ནས་མི་རབས་བར་གྱི་དོན་ཤིན་ཏུ་ཆེན་པོ་ཡིན་པ་ཤེས་པར་བྱས་ཏེ་འབད་དགོས་སོ།། འོན་ཀྱང་འཛམ་གླིང་གི་གནས་ཀྱི་དྭངས་རྩེ་ཡུལ་གྱི་ཕུན་ཚོགས་ཉམས་པ་མེད་པ་གངས་ཅན་གྱི་ལྗོངས་སུ་འཚོ་ཞིང༌། འབག་བཙོག་དང་བྲལ་བའི་རང་བྱུང་ཁམས་ལས་འོང་བའི་མཁའ་དབུགས་གཙང་མ་འཐུང་སྟེ། གཡོ་སྒྱུ་དང་ངན་སྤྱོད་སྤངས་པའི་ངང་རྒྱུད་བཟང་པོས་བདེ་བར་འཚོ་བ་ནི་འདས་པའི་ལོ་རྒྱུས་ཡིན་ནོ།། འདིར་སྨྲས་པ་འདི་དག་ནི་དེང་རབས་ཀྱི་ཆེས་གསར་བའི་ཟས་བཅུད་རིག་པའི་མཁས་པ་དག་གི་གཏམ་ལ་གཞི་བྱས་ནས་བྲིས་པ་ཡིན་ཡང༌། རང་རེ་བོད་ཀྱི་ཡུལ་ནི་ས་མཐོ་ཞིང་གྲང་ངར་ཆེ་བ་ཡིན་པས་སྡིག་པ་མེད་ཅིང་དུག་དང་བྲལ་བའི་ཟས་བསྟེན་པ་ལ་དམིགས་བསལ་གྱི་བླང་དོར་ཅི་དགོས་ཆེད་ལས་ཀྱི་མཁས་པ་དག་གིས་ཞིབ་འཇུག་དང་མཛུབ་སྟོན་གནང་བར་ཞུའོ།། ཞེས་པ་འདི་ནི་རང་ཅག་གིས་ཀྱང་འདི་ཕྱི་གཉིས་ཆར་ལ་མི་གནོད་པའི་ཁ་ཟས་ལེགས་པོ་ཞིག་བསྟེན་ཐུབ་པ་གལ་ཆེ་སྙམ་སྟེ། ཚུལ་ཁྲིམས་བློ་གྲོས་སུ་འབོད་པས་རབ་རྒྱན་མེ་ཁྱི་ལོའི་སྟོན་ཟླ་ར་བའི་ཚེས་བཅུ་གཅིག་ཉིན་གྲོང་ཁྱེར་པདྨ་ཅན་དུ་བྲིས་པ་དགེ་ལེགས་སུ་གྱུར་ཅིག།  །།

·གསར་འགྱུར་གོང་མ:མཐོང་ཐོས་རེག་གྲོལ་གྱི་གཟུངས་སྔགས།
·གསར་འགྱུར་འོག་མ:སོ་རྩིའི་འཕྲལ་མཁོ། །
འདྲ་ཕབ། 】 【 པར་འདེབས།
  འབྲེལ་ཡོད་གསར་འགྱུར།
·མི་རྒས་སླ་བའི་དོན་རྐྱེན་འདི་རེད། 2014/9/4 19:19:22
·གནམ་ཁབ་རྒྱག་པ་ལ་འཛེམ་དགོས། 2014/7/28 22:52:32
·ཉི་མ་རེ་ལ་ཀུ་ཤུ་རེ། 2014/5/25 20:00:39
·ཆུའི་གསོ་བཅོས་ཀྱི་ཁེ་ཕན། 2014/5/11 22:11:00
·བོད་ཀྱི་སྤྱི་ཚོགས་འཕྲོད་བསྟེན་དྲ་བ་ 2014/5/11 22:07:04
ཆེད་ཞུ།:དྲ་ཚིགས་འདིའི་ནང་གི་རྒྱུ་ཆ་ཚང་མ་ནི་ངེད་ཀུང་ཟིས་འཚོལ་བསྡུ་དང་ལེགས་བསྒྲིགས་བྱས་པ་ཡིན་པས། ངེད་ཀུང་ཟིས་དགོངས་འཁྲོལ་མེད་ཚེ་གང་དུ་པར་བཤུས་བརྒྱབ་མི་ཆོག གལ་སྲིད་སྐུ་ཉིད་ཀྱི་ཁེ་ཕན་ལ་གནག་པའི་ཆ་ཡོད་ཚེ། ཁྱེད་ཀྱིསའབྲེལ་གཏུགས་གནང་རོགས།
  འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 15:51:04 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 20:15:28 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/17 6:30:57 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 44 ཡོད། མིག་སྔར་གསར་འགྱུར当前显示最新的 3 འདུག   [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS