ཇ་ཡག་ཅིག་གི་ངོ་སྤྲོད།

སློབ་དཔོན་སྣ་ཚོགས་གཟུགས་ཅན།
དྲ་གྲོགས་རྣམ་པ། ང་ལ་མཚོན་ན་སེམས་སྐྱིད་སྐབས་དང་། སེམས་སྡུག་སྐབས། དཔེ་བལྟས་བྱེད་སྐབས། རྩོམ་འབྲི་སྐབས། ངལ་གསོ་སྐབས། མི་གཞན་དང་ཐུག་ནས་ཉམས་བསྟན་ཏེ་སྐད་ཆ་བཤད་སྐབས་སོགས་ལ་ཇ་ནི་མེད་དུ་མི་རུང་བ་ཞིག་ཏུ་གྱུར་ཡོད་པས། ངས་ཇ་འཐུང་བ་ནི་དུ་འཐེན་ཞིག་གིས་དུ་བ་འཐེན་རྒྱུ་དང་གཅིག་པ་གཅིག་ཀྱང་ཡོད་སྟབས་གྲོགས་པོ་ལ་ལས་ང་ལ་༼ཇ་དགའ་༽ཞེས་པའི་མིང་ཡང་བཏགས་མྱོང་། འོན་ཀྱང་མངར་ཇ་དང་། མར་ཇའམ...་བོད་ཇ་ལ་དེ་ཙམ་དགའ་གི་མེད། རྒྱུ་མཚན་ནི་མངར་ཇ་མང་པོ་འཐུང་ན་ལྕེ་ཐོག་ཏུ་མངར་སྙིགས་ཆགས་ཤིང་། བོད་ཇའི་ནང་དུ་མར་མང་བས་མང་པོ་འཐུང་ན་ཞེ་མེར་ལངས་ཤིང་མགོ་ཡུ་འཁོར། དེར་བརྟེན་ང་དགའ་ཤོས་ནི་ཨམ་ཇའམ་མགོ་ལོག་སོགས་ན་བེད་སྤྱོད་བྱེད་བཞིན་པའི་འོ་ཇ་ཡིན། རྒྱ་གར་དུ་སྡོད་སྐབས་བོད་ཇ་ཉོ་རྒྱུ་ཡོད་པས་ཨམ་ཇ་ཞིམ་པོ་འཐུང་རྒྱུ་ལ་ཐོགས་པ་མེད། འོན་ཀྱང་ཨ་རིར་སླེབས་རྗེས་བོད་ཇ་ཉོ་རྒྱུ་རག་དཀའ་བས་ཡུན་རིང་ཞིག་ལ་ཨམ་ཇ་ཞིམ་པོ་ཞིག་རག་མ་སོང་། ཨ་རིར་སླེབས་ནས་ལོ་བཅུ་གྲངས་འགོར་ཟིན་པའི་གྲོགས་པོ་༼ཇ་དགའ་༽སྐོར་ཞིག་གིས་ཇ་དུ་མ་ཞིག་ངོ་སྤྲོད་བྱས་སོང་མོད་། ཇ་དེ་ཚོ་ཡང་ཐབས་ཆག་སྡུག་ཐུག་ཏག་ཏག་རེད། རྒྱ་ནག་གི་ཚོང་ཁང་ཁག་ན་གནའ་སྔ་མོའི་གློ་རྡེབ་རྟགས་ཅན་གྱི་ཇ་མང་པོ་འཚོང་རྒྱུ་ཡོད་པར་མ་ཟད་གོང་ཡང་ཧ་ཅང་ཆེ་རུང་བྲོ་བ་དེ་ཙམ་མི་འདུག Wu long tea ཟེར་བ་དང་། Jesmin tea ཟེར་བའི་རྒྱ་ཇ་ཡག་པོ་སྐོར་ཞིག་འདུག་ཀྱང་ཨམ་ཇ་བཟོ་བྱེད་ཀྱི་རྒྱུ་ཆ་ལ་ཡག་པོ་མེད་པ་གོང་གི་དེ་དག་དང་མཚུངས། རྒྱ་གར་ནས་ཐོན་པའི་ Taj mahal tea དང་། Teany དང་། Tata tea སོགས་ལ་ཇ་ཁུ་ཡག་པོ་འབུད་རྒྱུ་ཡོད་རུང་ཇ་ལ་རྒོད་དྲི་མི་བྲོ་བས་ཨམ་ཇ་ངོ་མ་ཞིག་གི་བྲོ་བ་མེད། དེར་བརྟེན་ངས་ཡུན་རིང་ཞིབ་འཇུག་བྱས་པའི་ཐ་མར་ཨམ་ཇ་དང་མཚམས་ཤོས་ཀྱི་ཇ་ཡག་པོ་འདྲ་ཞིག་རྙེད་པ Lipton ཟེར་བ་འདི་ཡིན་ཞིང་། Black tea དང་། English Black tea ཟེར་བ་གཉིས་ཀྱང་ཤུབ་མི་འདྲ་བ་ལས་དོན་ལ་ Lipton དང་གཅིག་པ་འདྲ་བོ་རེད། འོན་ཀྱང་ཉེ་ཆར་རྒྱ་གར་དང་བོད་ལ་ཡུན་རིང་སྡོད་མྱོང་བའི་མགོ་སེར་མ་ཞིག་གིས་ངོ་སྤྲོད་བྱས་པ་བརྒྱུད་ནས་ཨམ་ཇ་བཟོ་བྱེད་ལ་ཇ་ཡི་རྒྱལ་པོ་གཅིག་རག་སོང་། ཇ་དེ་ནི་པར་འདིའི་ནང་དུ་ཡོད་པའི་ Pu Erh Tea ཟེར་བ་དེ་རེད། ཇ་ཁུ་ཧ་ཅང་ཡག་པོ་འབུད་རྒྱུ་ཡོད་པར་མ་ཟད་རྒོད་དྲི་བྲོ་བས་ཇ་མིད་པར་ཕྱིན་པའི་རྗེས་སུ་ཡང་ཁ་ནང་དུ་རྒོད་དྲི་འཁྱིལ་ཞིང་། ཇ་སྐོལ་སྐབས་ཐབ་ཚང་ནང་དུ་ཡང་ཇ་དྲི་ཞིམ་པོ་འཁྱིལ། འཐུང་གིན་འཐུང་གིན་ཞིམ་དུ་ཞིམ་དུ་འགྲོ་བས་མཚམས་འཇོག་མི་ཤེས། ཇ་འདི་རྒྱ་ནག་གི་ཚོང་ཁག་ནས་བདེ་བླག་ཏུ་རྙེད་ཐུབ་པས་དྲ་གྲོགས་ཨམ་ཇ་ལ་འགའ་མཁན་ཚོས་ཚོད་བལྟ་ཐེངས་གཅིག་བྱོས་དང་། ཕ་ཡུལ་གྱི་སྤང་ལྗོངས་སྟེང་ན་གུར་ཕུབ་ཅིང་། ནོར་གནག་གི་ངུར་སྒྲ་ལ་ཉན་བཞིན་འོ་ཇ་མངར་མོར་ཧུབ་འཐུང་བྱེད་པའི་ཚོར་སྣང་ཞིག་ཡོང་ངེས།