བོད་ཀྱི་སློབ་གསོ་རྗེས་ལུས་ཀྱི་རྩ་བ་གང་ལ་ཐུག་ཡོད།
ཤར་ཚང་བཀྲ་ཤིས་དབྱངས།
བོད་ཀྱི་སློབ་གསོ་དེ་རྣམ་པ་དང་གྲངས་འབོར་སོགས་ཀྱི་ཐོག་ནས་བཤད་ན། ཧ་ཅང་ཡར་རྒྱས་འགྲོ་བཞིན་པ་ནི། ཀུན་གྱིས་ཤེས་གསལ་རེད། ཡིན་ནའང། སློབ་གསོའི་སྤུས་ཚད་དེ། རང་རྒྱལ་གྱི་ཞིང་ལྗོངས་ཀུན་གྱི་གྲལ་མཐར་བཞུགས་ཡོད་པས། འཛམ་བུ་གླིང་གི་སློབ་གསོ་དར་ཆེ་བའི་རྒྱལ་ཁབ་དང་ནི། སྡུར་ཐབས་མེད་པ་ཞིག་ཡིན་མོད། ང་ཚོས་བསམ་བློ་བཅིང་བཀྲོལ་གྱིས་འཛམ་གླིང་དང༌། མ་འོངས། དེང་རབས་ཅན་ལ་ཁ་ཕྱོགས་ཏེ། སློབ་གསོ་དར་ཆེ་བའི་རྒྱལ་ཁབ་དག་གི་སློབ་གསོའི་ཐབས་ཇུས་ལ་མིག་དཔེ་ཡག་པོ་ཤེས་ན། ང་ཚོའི་སློབ་གསོ་ལ་ས་ཆོད་ཆེ་བའི་འགྲོས་ཤིག་ཆགས་ངེས་རེད།
ཡིན་ནའང༌། བླང་དོར་འབྱེད་པའི་བློ་མིག་བྲལ་བ་དག་ལ་ནི། དྲང་གཏམ་རྣ་ལམ་དུ་འགྲོ་དཀའ་བས། ང་ཚོའི་སློབ་གསོའི་ཞན་ཆ་མང་པོ་གླེང་ན། ཁོང་ཁྲོ་སློང་བྱེད་ཙམ་ལས་དོན་འབྲས་ཆུང་བས། རང་རེའི་སློབ་གསོའི་གནས་ཚུལ་གླེང་རྒྱུ་བཞག་ནས། འཛམ་གླིང་རྩེར་སོན་གྱི་སློབ་གསོ་ལྡན་པའི་ཧྥི་ལང་རྒྱལ་ཁབ་ཀྱི་སློབ་གསོའི་གནས་ཚུལ་ཅུང་ཞིག་བཀོད་རྒྱུ་ཡིན། ཚང་མས་འདི་དང་ང་ཚོའི་སློབ་གསོའི་གནས་ཚུལ་གཉིས་བསྡུར་བ་ཞིག་གྱིས་དང༌། རང་རེའི་སློབ་གསོ་རྗེས་ལུས་ཀྱི་རྩ་བ་གང་ལ་ཐུག་ཡོད་པ་ཤེས་བདེ།
ཧྥི་ལང་རྒྱལ་ཁབ་ལ་མི་གྲངས་ཁྲི་༥༥༠ལས་མེད་ཀྱང༌། འཛམ་གླིང་རྩེ་གྲྭའི་འགྲན་རྩོད་ནུས་པ་ལྡན་པ་དང༌། ལྷག་པར་འཛམ་གླིང་རྩེ་གྲྭའི་སློབ་གསོ་མངའོ། ཉེ་དུས་ལ། རྒྱལ་སྤྱི་མཉམ་ལས་འཕེལ་རྒྱས་རྩ་འཛུགས་(OECD) ཀྱིས་རྒྱལ་ཁབ་༤༡ཀྱི་སློབ་གསོ་ལ་ལྟ་བཤེར་བྱས། ཧྥི་ལང་གིས་བསྟུད་མར་ཐེངས་༦འཛམ་གླིང་གི་སློབ་གསོ་བཟང་བའི་གསེར་ཁྲི་འཛིན་ཡོད།
རྩ་འཛུགས་དེའི་རྒྱལ་སྤྱི་སློབ་མར་དཔྱད་སྡུར་ཚན་པའི་དབུ་འཛིན་གྱིས། ལྟ་ཀློག་དང༌། ཚད་མ། རྩིས་རིགརང་བྱུང་ཚན་རིག་བཅས་ཀྱི་ནུས་པ་གང་ནས་བརྗོད་ན། ཧྥི་ལང་གི་སློབ་མ་རྣམས་ཁྱད་དུ་འཕགས་རྐྱང་རེད། རྒྱལ་ཁབ་འདི་ནི། སློབ་གསོས་འཛམ་གླིང་ལས་རྒྱལ་བ་ཞིག་རེད། གསུངས་ཡོད།
བསམ་བློ་ཞིག་ཐོངས་དང༌། ཧྥི་ལང་གི་སློབ་གསོ་དེ་འདྲ་དར་དོན་གང་ཡིན།
དགེ་རྒན་བསྡུ་རུག་གི་ལམ་ལུགས་ནན།
ཧྥི་ལང་དུ་མི་མང་པོ་དགེ་རྒན་བྱེད་འདོད་ཆེ། དེར་བརྟེན། སློབ་གསོ་ཚན་པས་མི་སྤུས་འདེམས་བྱེད་ཆོག་པའི་གོ་སྐབས་རྙེད་ཀྱི་ཡོད། ༢༠༡༡ལོར། ཧྥི་ལང་གི་སློབ་ཆེན་སློབ་ཐོན་སློབ་མ་༡༢༥༨ཀྱིས་སློབ་ཆུང་དགེ་རྒན་བྱ་བའི་རེ་དོན་ཞུས། མཇུག་ཏུ་མི་༡༢༣གོང་དུ་བུད། བསྡུ་ད་ 9.8% ལས་མི་ཟིན། འདི་ཙམ་གྱིས་ཁོང་ཚོ་ལས་ཞུགས་ཆོག་པའི་དོན་མིན། ད་དུང་ལོ་༥གསོ་སྦྱོང་དམ་ནན་བྱ ས་ཏེ། འབུམ་རམ་པའི་ཆོ་ལོ་ཐོབ་མཚམས་གཞི་ནས་དགེ་རྒན་གྱི་ཐོབ་ཐང་རགས། ཧྥི་ལང་གི་སློབ་གསོའི་དཔོན་པོ་ཞིག་གིས་གསུང་དོན། ལོ་༥སྤྱད་ནས་ཚད་ལྡན་གྱི་དགེ་རྒན་གསོ་སྦྱོང་བྱེད་པ་ལ་འགྲོ་གྲོན་ཆེ་ཡང༌། དེས་དགེ་རྒན་གྱི་ཆུ་ཚད་གོང་འདྲེན་བྱུང་ནས། དགའ་བཀུར་ཐོབ་ཀྱི་ཡོད།
དགེ་རྒན་གྱི་སྤྱི་ཚོགས་གོ་བབ་མཐོ།
ཧྥི་ལང་ལ་དགེ་རྒན་དུས་ཆེན་ཞིག་མེད་ནའང། དགེ་རྒན་གྱི་གོ་བབ་ཧ་ཅང་མཐོ། སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་གླ་ཕོགས་དེ་སྤྱི་ཞབས་པའི་གླ་ཕོགས་ཀྱི་ལྡབ་གཅིག་དང༌། སློབ་ཆེན་དགེ་རྒན་ནི་ལྡབ་གཉིས་ཡིན།
དགེ་རྒན་ལ་དུས་བཀག་གི་ལྟ་བཤེར་དང༌། རྒྱུགས་དཔྱད། བརྩིས་བསྡུར་མི་བྱེད་པའི་ཐོག རང་འདོད་ཀྱི་ཐོབ་དབང་ཆེས་ཆེར་ལོངས་སུ་སྤྱོད་རྒྱུ་ཡོད། སློབ་ཐབས་གང་སྤྱད་རང་འདོད་དང༌། བསླབ་ཚན་རང་དབང་བཀོད་སྤྱོད་ཆོག་པ། སློབ་དེབ་རང་འདོད་འདེམས་པའམ། ཡང་ན་གཏན་ནས་མི་སྤྱོད་ཀྱང་ཆོག་གོ།
ཤུགས་ཆེན་གྱི་ནོར་སྲིད་རྒྱབ་རྩ་ཡོད།
སློབ་ཆུང་ནས་སློབ་ཆེན་བར་ཚང་མ་སློབ་ཡོན་མི་དགོས། ༢༠༡༡ལོར། རྒྱལ་ཁབ་ཀྱིས་སློབ་གསོ་ཡར་རྒྱས་ཀྱི་འགྲོ་གྲོན་དུ། ཡོ་རོབ་སྒོར་དུང་ཕྱུར་༩༨བཏང་ཡོད། ༢༠༡༢ལོར། ཡོ་རོབ་སྒོར་དུང་ཕྱུར་༡༢༡བར་འཕར་སྣོན་གཏང་བརྩིས་འདུག།
སློབ་འབྲིང་ཞུགས་པའི་སྔོན་ལ་རྒྱུགས་མི་སྤྲད།
སློབ་མ་ལ་སློབ་འབྲིང་ཞུགས་པའི་སྔོན་ལ་རྒྱུགས་གཏན་ནས་མི་སྤྲད། སློབ་ཆེན་མ་ཞུགས་སྔོན་ལ་གཞི་ནས་ཆུ་ཚད་འཇལ་བའི་རྒྱུགས་སྤྲད་ཀྱི་ཡོད། སློབ་དུས་རེར་ཁྱིམ་བདག་ལ་སྙན་ཞུའི་ཡི་གེ་བཏང་བ་ཡང་སློབ་མའི་བློ་གྲོས་དང་བྱ་སྤྱོད་ལ་དཔྱད་བསྡུར་བྱས་པ་ཙམ་ཡིན།སློབ་གསོ་པུའུ་ཀྲང་ཧང་ཎ་ཝེར་ཁུ་ཎིས་གསུངས་དོན། དུས་རྒྱུན་གཅིག་འགྱུར་ཡིག་རྒྱུགས་སྤྲད་པར། ཡག་ས་གང་ཡོད། ང་ཚོ་ལ་ཡིད་ཆེས་མེད། སློབ་ཆུང་ནས་སློབ་འབྲིང་བར་གྱི་ལོ་༡༢ནང༌། ཡོད་ཚད་སློབ་སྦྱོང་གྲུབ་འབྲས་དང་འབྲེལ་བ་མེད། དེ་ནི་རྗེས་མའི་སློབ་སྦྱོང་དང་འབྲེལ་བའི་སྟ་གོན་བྱས་པ་ཙམ་ཡིན། རྒྱུགས་གཅིག་པུ་དེ་ཡང༌། སློབ་ཆེན་དུ་འཛུལ་ཁར་སྤྲད་པ་དེ་ཡིན།
རྒྱུགས་མེད་པས་དགེ་སློབ་གཉིས་ཀ་ལ། རང་ཉིད་སྦྱང་དགའ་ཡོད་པ་དང༌། སྦྱང་བསམ་པའི་ཤེས་ཡོན་སྦྱོང་བའི་དུས་ཚོད་མང་ཙམ་བྱུང་ཡོད། ང་ཚོའི་དགེ་རྒན་གྱིས་རྒྱུགས་ཀྱི་ཆེད་དུ་སློབ་ཁྲིད་བྱས་པ་གཏན་ནས་མིན་ལ། ང་ཚོའི་སློབ་མས་ཀྱང་རྒྱུགས་ཀྱི་དོན་དུ་སློབ་སྦྱོང་བྱས་པ་གཏན་ནས་མིན། ང་ཚོའི་སློབ་གྲྭ་དེ། བརྒྱ་ཆ་བརྒྱ་དགའ་བཞིན་སྐྱིད་བཞིན་དུ། སློབ་སྦྱོང་བྱེད་སའི་གནས་ཤིག་ཡིན།
ཆུང་དུས་ནས་ལྟ་ཀློག་གི་གོམས་གཤིས་གསོ།
ཧྥི་ལང་གི་ཕ་མས་ཕྲུ་གུ་ཆུང་ཆུང་དུས། ཁྱིམ་ནང་ཕྲུ་གུ་ལ་དཔེ་ཆ་དང་ཚགས་པར་བཀླགས་ནས། ཁོང་ཚོ་ལ་ཆུང་དུས་ནས་ལྟ་ཀློག་དགའ་བའི་ས་བོན་འདེབས། དཔེ་མཛོད་ཁང་དུ་འགྲོ་བ་ནི། འདི་འདྲའི་སོས་དལ་ལས་འགུལ་གྱི་གདམ་བྱ་དང་པོ་བརྩི། ཧྥི་ལང་ལ། སློབ་མ་ཁོ་ནའི་ཆེད་དུ། རིན་མི་དགོས་པའི་དཔེ་མཛོད་ཁང་ཆིག་སྟོང་ལྷག་ཙམ་བསྐྲུན་ཡོད། དེ་ཆ་སྙོམས་མི་༢༥༠ལ་རེ་རེ་ཡོད་པས་འཛམ་གླིང་གི་ཏོག་ཡིན།
སློབ་མ་ལ་རང་མོས་གང་མང་མང་སྤྲད།
སློབ་མས་ཉིན་རེའི་སློབ་ཚན་ཚོགས་པའི་ཐུན་གྲངས་ཧ་ཅང་ཐུང༌། མཐོ་འབྲིང་སློབ་མ་ཡིན་ཀྱང་ཕྱི་དྲོའི་ཆུ་ཚོད་གཉིས་པར་སློབ་ཚན་གྲོལ། ལྷག་མའི་དུས་ཚོད་དེ་སློབ་མ་རང་གིས་བཀོལ་དགོས། དབྱར་གསེང་དགུན་གསེང་ལ་སྦྱང་གཞི་མེད་ལ། ཟུར་ཁྲིད་ཀྱང་གཉེར་མི་སྲིད། སློབ་མས་གོ་སྐབས་འདི་སྤྱད་ནས་འཚོ་བའི་རྩལ་ནུས་སྣ་ཚོགས་སྦྱོང་བའམ། སྒོ་ཕྱིའི་ལས་འགུལ་ནང་ཞུགས་པ་སོགས་བྱེད།
སློབ་གྲྭ་ཐམས་ཅད་ལ་ལྟ་སྟངས་འདྲ་དྲང་པོ་མཛད།
སློབ་གསོ་པུའུ་ཡིས་སློབ་གྲྭའི་ཨང་རིམ་གཏན་ནས་མི་བསྒྲིགས། ཁོང་ཚོས་སློབ་གྲྭ་གང་ཡིན་ཚང་མ་ཡག་པོ་ཡོད་པའི་ངོས་འཛིན་གནང་གི་ཡོད། སློབ་གསོ་པུའུ་ཡི་དབུ་འཛིན་གདེང་སྤོབས་ལྡན་པའི་ངང་ནས། སློབ་གསོའི་དམིགས་བྱ་མགོ་མ་ནི། སྤྱི་ཚོགས་འདྲ་མཉམ་གྱི་ལག་ཆ་ཞིག་ཡིན་པའི་ངོས་ནས། དེ་ཡང་སྲིད་བློན་སྔ་མ་ཨ་ཧིར་ལགས་ཀྱིས། བུ་ཕྲུག་ལ་སློབ་གསོ་བཟང་བ་བཟང་བ་དང༌། འདྲ་དྲང་བ་གནང་རྒྱུ་དེ་ནི། ཁོང་ལ་མི་ཚེ་བཟང་བ་བཟང་བ་སྤྲད་རྒྱུ་དེ་རེད། ཅེས་གསུངས་པ་དང་གཅིག་མཚུངས་ཡིན། གཞི་དེའི་དབང་གིས། ང་ཚོའི་སློབ་གསོ་ལ་སྡུར་བ་མི་བྱེད། རྒྱུགས་སྐར་མི་དཔྱད། ཨང་རིམ་མི་བསྒྲིགས། ང་ཚོ་ལ་ང་ཚོའི་དགེ་རྒན་དང༌། སློབ་གྲྭ་ཚང་མ་འདྲ་འདྲ་ཡག་པོ་ཡོད་པའི་ཡིད་ཆེས་ཡོད་པས། ཨང་རིམ་བསྒྲིགས་པའི་དོན་སྙིང་གང་ན་ཡོད། གལ་སྲིད་ང་ཚོའི་དགེ་རྒན་དང༌། ང་ཚོའི་སློབ་གྲྭ་ལ་མ་མཐར་གྱི་ཡིད་རྟོན་ཙམ་ཡང་མེད་ན། ད་དུང་སློབ་གསོ་གང་འདྲ་ཞིག་གླེང་ངམ། ཞེས་གསུངས་སོ།།
ཧྥི་ལང་གི་སློབ་གསོ་དར་རྩ་དེ་འདྲ་ཡིན་འདུག ད་ང་ཚོས་གང་འདྲ་དགོས་པ་འདུག ང་ཚོའི་རྗེས་ལུས་ནི། ང་ཚོའི་ལྟ་བས་བཟོས་པ་རེད། ང་ཚོའི་ཐབས་ཇུས་ཀྱིས་བཟོས་པ་རེད། ང་ཚོའི་འཇོན་ཐང་གིས་བཟོས་པ་རེད།
ད་དུང་མུ་མཐུད་ནས་ཁྲོན་པའི་སྦལ་རྒན་གྱི་ལད་ཟློས་བྱེད་དམ། ལྟ་བ་བཅོས། ཐབས་བཟང་འཚོལ། ཇུས་བཟང་འདོན། འཇོན་ཐང་གསོ་ནས་རྗེས་ལུས་ཀྱི་འཁུར་པོ་ཕབ་ཐབས་བྱེད། གདམ་ཁ་ཡིན་ཨང༌།།
|