པཎ་ ཆེན་ སྐུ་ ཕྲེང་ བཅུ་ བའི་ མ་ ཡུམ་ བསོད་ ནམས་ སྒྲོལ་ མ་ མཆོག་ དེ་ རིང་ ཞོགས་ པར་ རྒྱ་ ནག་ གི་ རྒྱལ་ ས་ པེ་ ཅིན་ དུ་ སྐུ་ གཤེཊ་ འདུག

དེ་ རིང་ ཕྱི་ ཚེས་ ༢༩ ཉིན་ གྱི་ ཞོགས་ པའི་ ཆུ་ ཚོད་ ༨ པ་ ཡས་ མས་ སུ་ ༸ཀུན་ གཟིགས་ པཎ་ ཆེན་ སྐུ་ ཕྲེང་ བཅུ་ བ་ བློ་ བཟང་ འཕྲིན་ ལས་ ལྷུན་ འགྲུབ་ ཆོས་ ཀྱི་ རྒྱལ་ མཚན་ མཆོག་ གི་ མ་ ཡུམ་ བསོད་ ནམས་ སྒྲོལ་ མ་ མཆོག རྒྱ་ ནག་ གི་ རྒྱལ་ ས་ པེ་ ཅིན་ དུ་ སྐུ་ གཤེགས་ ཡོད་ པ་ དང་ ། ད་ ལོ་ དགུང་ ལོ་ ༩༧ ཡིན་ འདུག
དེ་ རིང་ ཞོགས་ པར་ གནས་ ཚུལ་ བྱུང་ རྗེས་ ཁོང་ གི་ སྐུ་ ཕུང་ པེ་ ཅིན་ ནས་ ཟི་ ལིང་ དུ་ གདན་ འདྲེན་ ཞུས་ ཡོད་ འདུག་ ལ། གནས་ ཚུལ་ གོ་ འཕྲལ་ ཁོང་ གི་ འཁྲུངས་ ཡུལ་ མཚོ་ སྔོན་ མཚོ་ ཤར་ ས་ ཁུལ་ ཡ་ རྫི་ རྫོང་ བིས་ མདོ་ ཞང་ མ་ རུ་ སྡེ་ བ་ དང་ བིས་ མདོ་ དགོན་ ཆེན། དེ་ བཞིན། རྡོ་ སྦིས་ དང་ བསེ་ ཆང་ ། ཀ་ རིང་ ། རྐང་ ཚ་ བཅས་ ཞང་ བཞིའི་ དགོན་ གྲོང་ གཉིས་ ཀྱིས་ བསྔོ་ སྨོན་ མཆོད་ འབུལ་ གནང་ བཞིན་ ཡོད་ འདུག
མ་ ཡུམ་ བསོད་ ནམས་ སྒྲོལ་ མ་ མཆོག་ གིས། ད་ ལྟའི་ བར་ རྒྱལ་ ཡོངས་ སྲིད་ གྲོས་ ཀྱི་ ཨུ་ ཡོན་ དང་ བོད་ རང་ སྐྱོང་ ལྗོངས་ ཀྱི་ འགན་ འཛིན་ གཞོན་ པ་ བཅས་ ཀྱི་ འགན་ བཞེས་ ཡོད་ པ་ མ་ ཟད། ༸པཎ་ ཆེན་ སྐུ་ ཕྲེང་ བཅུ་ བ་ མཆོག་ དང་ ཁོང་ གི་ ཡབ་ མགོན་ པོ་ ཚེ་ བརྟན་ རྣམ་ གཉིས་ དགོངས་ པ་ ཆོས་ དབྱིངས་ སུ་ འཐིམས་ རྗེས། ༸པཎ་ ཆེན་ སྐུ་ ཕྲེང་ བཅུ་ བ་ མཆོག་ གིས་ ཐུགས་ རྗེ་ བཀའ་ དྲིན་ ལ་ རྟེན་ ནས་ བོད་ ལྗོངས་ དང་ མཚོ་ སྔོན། ཟི་ ཁྲོན། ཀན་ སུའུ། ཡུན་ ནན་ བཅས་ སུ་ གསར་ འཛུགས་ གནང་ ཡོད་ པའི་ སློབ་ གྲྭ་ ཁག་ དང་ ། དགོན་ སྡེ་ ཁག དེ་ བཞིན། ཁོང་ གི་ འཁྲུངས་ ཡུལ་ (ཡ་ རྫི་ ) རྫོང་ ཞོན་ ཧྭ་ བོད་ ཡིག་ སློབ་ འབྲིང་ དང་ བིས་ མདོ་ དགོན་ ཆེན་ བཅས་ ཀྱི་ འཛུགས་ སྐྲུན་ དང་ ། ས་ གནས་ མང་ ཚོགས་ ཀྱི་ བདེ་ སྡུག་ སོགས་ ཕྱོགས་ ཡོངས་ ལ་ ཐུགས་ ཁུར་ ཟབ་ བཞེས་ གནང་ ཡོད་ འདུག
གསར་ འགོད་ པ། དོན་ གོ