དཔལ་འབྱོར་རིག་པའི་ལམ་སྟོན་གྱི་སྔོན་དུ་འགྲོ་བའི་གཏམ།
ཉེ་བའི་དུས་རབས་འདིར་འཛམ་གླིང་ཤར་ནུབ་གྱི་རྒྱལ་ཁབ་རྣམས་དང་། ཡུལ་སོ་སོའི་མིའི་རིགས་ཀྱི་ལྟ་བ་དང་བསམ་བློ། ཚན་རིག་དང་ལག་རྩལ། དཔལ་འབྱོར་འཚོལ་ཐབས་ཀྱི་ལས་རིགས་སྣ་ཚོགས་ཉིན་རེ་ལས་འཕེལ་རྒྱས་སུ་འགྲོ་བཞིན་པར་མ་ཟད། ནམ་མཁའི་ཟླ་བ་དང་རྒྱུ་སྐར་ལའང་བགོ་བཤའི་འགྲན་རྩོད་བྱེད་བཞིན་ཡོད་པ་རེད། རང་ཅག་གི་མི་རིགས་ལ་མཚོན་ན། བསམ་བློའི་འགུལ་སྐྱོད་གུ་དོག་དང་ཐེ་ཚོམ་གྱི་དྲ་བར་འཐུམས་ཤིང་། སྣང་ཚད་དགྲ་རུ་མཐོང་བའི་སྟབས་ཀྱིས་རང་མི་རིགས་ཀྱི་ཁེ་ཕན་དང་། འཚོ་གནས་ཀྱི་ཆ་རྐྱེན། ཚོང་ལས་ཀྱི་ཁེ་སྤོགས་གྲུབ་འབྲས་སོགས་ནི་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་འཕེལ་རྒྱས་ཀྱི་རེ་བ་ཟད་ཀྱིན་ཡོད། དེ་ཡང་ཤེས་ཡོན་དང་ཆ་རྐྱེན་ཞན་པའི་དབུལ་པོ་རེ་ཟུང་གིས་ནི་ཐབས་ཟད་འུ་ཐུག་གི་འཚོ་བར་འབད་པ་སྟེ། རིན་ཐང་འགྲན་ཟླ་བྲལ་བའི་ནང་བསྟན་ཆོས་ལུགས་དང་། ལྷག་པར་དགེ་བཅུའི་ལུགས་སྲོལ་སོགས་ཡ་རབ་ཀྱི་སྤྱོད་ཚུལ་དང་འགལ་བའི་བཤས་ཉོ་བཤས་ཚོང་དང་། དུག་དང་མཚོན་ཆ་ཉོ་ཚོང་སོགས་བྱས་ཏེ། འདི་མེད་ཕྱི་སྡུག་ཏུ་འགྱུར་་བའི་འཚོ་ཐབས་ཀྱིས་མི་ཚེ་སྐྱེལ་བཞིན་ཡོད་པ་དང་། ཡང་ཁམས་ཕྱོགས་ཀྱི་སྒེར་གཅོད་པ་ཁ་ཅིག་གིས། དགེ་བཅུའི་ལུགས་སྲོལ་ལ་ཁ་གཡར་ནས་རང་འདོད་ཀྱི་བཅའ་ཁྲིམས་མང་པོ་གསར་བཟོ་བྱས་ཏེ། མི་ཆོག་པ་དང་མི་འགྲིག་པའི་འཇིགས་སྐུལ་དང་སྦྲེལ་ནས། ཆོས་ལུགས་ཀྱི་ལས་རིམ་ནི་མང་ཚོགས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལག་ཆ་ཞིག་ཏུ་བཙན་གྱིས་བསྒྱུར་བཞིན་ཡོད་པ་རེད། ཡང་བོད་མི་ཕལ་མོ་ཆེ་ཞིག་གིས་ནི་ནོར་རྫས་ལ་སྙིང་པོ་ལེན་ཚུལ་མི་ཤེས་པར། དོན་མེད་འགྲོ་སོང་ཆེ་བའི་ཡོ་བྱད་སྣ་ཚོགས་ཉོ་ཚོང་བྱེད་པ་དང་། སྐུ་གསུང་ཐུགས་རྟེན་ཚོང་བསྒྱུར་བྱེད་པ་དང་། མི་ཚེ་གྲོང་ཆོག་ལ་འབད་པ་སོགས་ལོག་པའི་འཚོ་བ་འབའ་ཞིག་གཉེར་བཞིན་ཡོད་པ་རེད། དེ་ལས་ཀྱང་རོང་འབྲོག་བླུན་པོ་ཁ་ཅིག་གིས་དེང་རབས་དཔལ་འབྱོར་གྱི་ལྟ་ཚུལ་དང་དེང་གི་དུས་རབས་དང་མཐུན་པའི་ཚོང་ལས་རྣམ་གཞག་གི་ཤེས་བྱ་གཅིག་ཀྱང་ཤེས་མེད་པར་མ་ཟད། ཚོང་ཇུས་གསར་པ་ཁག་ལ་ཆོས་འགལ་དང་གཡོ་ཚོང་སོགས་སུ་བསྙད་དེ་ངོས་འཛིན་ཡག་པོ་མེད་པ་དང་། བཟང་ངན་དབྱེ་འབྱེད་ཅུང་ཟད་མེད་པ་བཅས་ཀྱིས་བོད་རང་གི་འཚོ་གནས་བྱེད་སྟངས་ལ་དཀའ་ཁག་རབས་དང་རིམ་པ་བཟོ་བཞིན་ཡོད་པ་རེད། ང་ཚོ་བོད་ཀྱི་འདས་པའི་ལོ་རྒྱུས་ནང་ཁ་ཕྱིར་འཁོར་ནས་བལྟས་པ་ཡིན་ན། རྒྱལ་སྲས་སྙིང་རྗེའི་དབང་ཕྱུག་གིས་མཛད་པའི་དཔལ་འབྱོར་ལམ་སྟོན་དང་། ཉེ་སྔོན་བོད་མི་ལྷག་བསམ་ཅན་ཁ་ཅིག་གིས་རྩོམ་སྒྲིག་བྱས་པའི་དཔལ་འབྱོར་ལོ་དེབ་དེ་གཉིས་ཙམ་མ་གཏོགས་དཔལ་འབྱོར་གཞུང་ལུགས་དང་། དཔལ་འབྱོར་རིག་པའི་ཐབས་ལམ་གཙང་མ་ཞིག་ད་བར་བོད་དུ་དར་མྱོང་ཡོད་པ་མ་རེད་ཅེས་བཤད་ཀྱང་མི་ཆོག་རྒྱུ་མི་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་ང་ཚོས་ཀྱང་ལྷག་བསམ་དག་པ་ཙམ་གཙོ་བོར་བཟུང་སྟེ། ད་ལྟའི་བོད་ཀྱི་དཔལ་འབྱོར་བསམ་བློ་དང་། འཚོ་བའི་ཐབས་ལམ་གོང་དུ་བསྐྱོད་པའམ་ཇེ་ཡག་ཏུ་གཏོང་ཚུལ་སོགས་ལ་ཆེད་དུ་དམིགས་ནས་ཚད་མར་གྱུར་པའི་མཁས་དབང་གྲགས་ཅན་དག་དང་། བོད་མི་ཤེས་འཇོན་ཅན་ཁ་ཅིག་གིས་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་སློང་དང་། འཚོ་གནས་ཀྱི་ཆ་རྐྱེན་འཚོལ་སྒྲུབ་ཐད་ཁེ་ཉེན་འཇུག་ལྡོག་གི་རིམ་པར་བླང་དོར་ལམ་སྟོན་གྱི་བཀའ་སློབ་བསྩལ་བ་རྣམས་དང་། དེང་རབས་ཤོག་དངུལ་འཚོལ་ཐབས་འགའ་རེ་ངོ་སྤྲོད་དང་། དེ་དོན་ལེགས་ཉེས་དཔྱད་བརྗོད་གླེང་བྱའི་གཙོ་བོར་བཟུང་སྟེ། རྩོམ་པ་པོ་ཁ་ཅིག་གིས་མཛད་པའི་རྩོམ་ཡིག་དག་བསྡུས་ཤིང་དེབ་ཅིག་དཔར་ཁུལ་བྱས་པ་ཙམ་ཡིན། འདི་ཡི་ནང་དུ་བསྡུས་པའི་རྩོམ་ཡིག་དག་ལས་རེ་ཟུང་ཞིག་ཡུལ་དུས་ཀྱི་དབང་གིས་རྩོམ་པ་པོར་དགོངས་ཞུ་བྱེད་ལམ་མ་རྙེད་པས་འདིར་ཁོང་རྣམ་པར་སྙིང་ཐག་པ་ནས་དགོངས་དག་ཞུ་རྒྱུ་ཡིན། ཞེས་དཔལ་འབྱོར་རྩོམ་སྒྲིག་ཁང་གིས་ཕུལ།