དཔལ་འབྱོར་རིག་པའི་ལམ་སྟོན།
བོད་ཕྲུག་ཁྱིམ་སྡེ་ལ་བསྩལ་བའི་བཀའ་སློབ་ལས། ཤིང་སྡོང་ཞིག་ལ་རྩ་བ་གཞིར་བྱས་ཏེ། ཡལ་ག་དང་ལོ་མ། མེ་ཏོག་དང་འབྲས་བུ་བཅས་ངེས་པར་ཡོད་དགོས་པ་བཞིན། ང་ཚོ་ལའང་སྲོལ་རྒྱུན་གྱི་རིག་གནས་གཞི་རྩར་བཟུང་ནས་དེང་སང་འཛམ་གླིང་ནང་དར་བཞིན་པའི་དངོས་རྫས་གསར་པ་དང་། རིག་འཕྲུལ་གསར་པ། ཚོང་ཇུས་གསར་པ་སོགས་མེད་ཐབས་མེད་པ་ལྟ་བུར་ཆགས་ཡོད་རེད། བྱས་ཙང་། དངོས་གནས་དྲང་གནས་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་མང་པོར་ང་ཚོས་མིག་རྒྱང་རིང་པོར་བསྐྱེད་དགོས་པ་ཧ་ཅང་གི་གལ་ཆེན་པོ་ཆགས་ཡོད་པ་རེད། ཞེས་དང་། ཡང་ཉེ་སྔོན་འཛམ་གླིང་ཡུལ་གྲུ་ཁག་གི་བོད་པའི་ཆེད་ལས་མི་སྣ་༨༠ཙམ་ལ་བསྩལ་བའི་བཀའ་སློབ་ལས། ཁྱེད་རང་ཚོས་སྤྱི་ཚོགས་ལ་ཕན་པ་བསྒྲུབ་པར་ངེས་པར་བཙན་བྱོལ་ནང་སྡོད་མི་དགོས་པར་འཛམ་གླིང་ས་ཆ་གང་སར་བོད་པའི་མིང་བཟོ་རྒྱུ་དང་མིང་ཐོན་པར་བྱ་རྒྱུ། དེ་བཞིན་དཔལ་འབྱོར་གྱི་ཕྱོགས་ནས་ལས་ཀ་བྱ་ཐུབ་མཁན་ཡོད་ཚེ། ག་ལེར་བོད་པ་སྒོར་ས་ཡའི་བདག་པོ་དེ་འདྲ་ཡོང་དགོས་པ་རེད། དེ་ཧ་ཅང་གལ་ཆེན་པོ་རེད། དངུལ་མེད་ན་བྱ་རྒྱུ་གང་ཡང་མེད། ངོས་ཀྱི་དུས་རྒྱུན་རྩེད་མོ་དང་སྦྲགས་ནས་ཤོད་ཀྱི་ཡོད། བོད་པར་ནོར་ལྷ་འཛམ་བྷ་ལ་སོགས་ཡོད་ན་ཡང་། བོད་པ་དངུལ་སྒོར་ས་ཡའི་བདག་པོ་དེ་འདྲ་གཅིག་ཀྱང་མཐོང་རྒྱུ་མེད། རྒྱ་མི་གུང་ཁྲན་ལ་ནོར་ལྷ་དེ་འདྲ་མང་པོ་མེད་ཀྱང་ས་ཡའི་བདག་པོ་མང་པོ་འདུག ཕྱི་རྒྱལ་བ་ཚོ་ཡང་དེ་བཞིན་རེད། ང་ཚོ་བོད་པ་ཚོའི་ཛམ་བྷ་ལ་གྲོད་པ་ལུག་པ་དེ་ལྷ་ཁོ་རང་ས་ཡ་བདག་པོ་དེ་འདྲ་ཡིན་ན་མ་གཏོགས་ང་ཚོ་ས་ཡའི་བདག་པོ་བཟོ་ཐུབ་ཀྱི་མེད། དེར་བརྟེན་དཀའ་ལས་བརྒྱབ་ནས་དངུལ་བཟོ་དགོས་པ་རེད་མ་གཏོགས་ལྷ་གསོལ་ནས་དངུལ་བཟོ་ཐུབ་ཀྱི་མེད་པས་ཁྱེད་རང་ཚོས་བྱེད་ཐུབ་ན་སྐྱག་རྫུན་དང་ཧམ་པ་མིན་པར་དྲང་པོ་དྲང་བཞག་ཐོག རང་ངོས་ནས་བཟོ་གྲྭ་དེ་འདྲ་བཙུག་སྟེ་གང་ཐུབ་ཐུབ་ཀྱིས་ཡར་རྒྱས་གཏོང་ཐུབ་པ་བྱུང་ན་ཡག་པོ་རེད། ང་ཚོ་བཙན་བྱོལ་དུ་ཡོད་པའི་སྤྱི་ཚོགས་ཀྱི་དཔལ་འབྱོར་བརྟན་པོ་ཆགས་རྒྱུ་དང་། ཤེས་ཡོན་ལ་མཚོན་ནའང་གཞི་རྩ་ཡག་ཐག་ཆོད་བཙུག་ཡོད། ད་དུང་དཔལ་འབྱོར་དང་ཤེས་ཡོན་གང་ཅིའི་ཐོག་ནས་ཡར་རྒྱས་གཏོང་རྒྱུ་ལྷག་ཡོད་སྟབས་ང་ཚོ་ཕྱར་གྲུ་མཉམ་འདེགས་དང་འཁུར་པོ་མཉམ་ལེན་བྱ་རྒྱུ་དེ་གལ་ཆེན་པོ་འདུག་ལ། ཁྱེད་ཚོས་ས་ཆ་གང་དུ་སོང་ཡང་བོད་པ་ཟེར་བའི་མིང་ཞིག་ཡོད་སྟབས། དེ་དང་འབྲེལ་བའི་བོད་པའི་ཡ་རབ་ཀྱི་གཤིས་ཀ་དེ་སྟོན་ཐུབ་དགོས།།