བསྟན་འཛིན་དགའ་བའི་གླུ་དབྱངས་ཆེད་སྒྲིག་གསར་པ། སྲོང་བཙན་སྒམ་པོ་ཁྲོམ་རྭར་ཐོན་ལ་ཉེ་བ།

བོད་ཀྱི་ན་གཞོན་གླུ་པ་བསྟན་འཛིན་དགའ་བའི་གླུ་དབྱངས་ཆེད་སྒྲིག་གསར་པ་སྲོང་བཙན་སྒམ་པོ་ཞེས་པ་མི་རིང་བར་ཁྲོམ་རྭར་ཐོན་ལ་ཉེ་ཡོད། ཆེད་སྒྲིག་འདིའི་གཞས་ཚིག་དང་གཞས་གདངས་རྩོམ་མཁན་ནི་སྐུ་ཞབས་སྨན་བླ་སྐྱབས་དང་། འཇམ་དབྱངས་བསྟན་འཛིན་ཡིན་ཞིང་། ད་དུང་གྲགས་ཅན་གླུ་མ་རིག་འཛིན་སྒྲོལ་མ་དང་ནོར་སྒྲོན་སྐྱིད་ཀྱིས་བཏང་བའི་གླུ་གཞས་ཀྱང་བསྡུས་ཡོད་འདུག གང་ལྟར་གླུ་གཞས་ཚང་མ་བོད་ཡིག་བོད་སྐད་ཀྱི་ལམ་ནས་བཏང་ཡོད་པས་བོད་གཞས་ངོ་མའི་སྙན་རོ་མཆོག་ཏུ་ལྡན་ཡོད་རྒྱུ་རེད།
བསྟན་འཛིན་དགའ་བ་ནི་ཁམས་རྫོགས་ཆེན་ནས་སྐྱེས་པའི་༨༠ལོ་རྗེས་ཀྱི་མི་རབས་གསར་པའི་ན་གཞོན་གཞས་པ་ཞིག་རེད། རྒྱ་ཆེ་བའི་རྩྭ་ཐང་དང་དྭངས་ཤིང་དྲི་མ་མེད་པའི་གཙང་པོས་ཁོང་ལ་གསང་ཞིང་འཇེབས་པའི་གླུ་ངག་དང་མཛེས་ཤིང་ཐང་བའི་གཟུགས་བྱད་ཅིག་བསྐྱེད་བསྲིང་བྱུང་ཡོད། ཁོང་གིས་ན་ཚོད་གཞོན་ནུའི་དུས་ནས་འགོ་བཙུག་ལྷད་མེད་དུངས་སེམས་ཀྱིས་བསྐུལ་བའི་རྡུང་ལེན་སྙན་པོ་མང་པོ་ཞིག་རྒྱ་ཆེའི་གླུ་དགའ་ཚོར་ལེགས་སྐྱེས་སུ་ཕུལ་ཡོད་པ་མ་ཟད། མང་ཚོགས་ཀྱིས་དགའ་མོས་ཆེན་པོ་བྱེད་པའི་གསར་རྒྱུགས་གླུ་གཞས་མང་པོ་ཞིག་བཏང་མྱོང་ཡོད་པ་བཅས། སྔ་ཕྱིར་༼བོད་ཀྱི་ལས་དབང་དང་། གངས་རིའི་འོག་གི་དུངས་སེམས། སྡེ་དགེ་ཁྲོ་ལའི་འོད་མདངས། མི་ཡུལ་ལ་ཕུལ་བའི་ལྷག་བསམ༽། སོགས་ཆེད་སྒྲིག་འགྲེམ་སྤེལ་བྱས་ཡོད།