ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> ཚངས་དབྱངས་ཞིབ་འཇུག
 རྩོམ་ཡིག་ཀློག་པ།

ཚངས་མགུར་གྱི་དཔྱད་གཏམ་དང་རྩོམ་རིག་དཔྱད་བརྗོད་ཚད་གཞི།

  རྩོམ་པ་པོ:བློ་བཟང་ཆོས་སྒྲོན།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:8978ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/8/1 8:35:23ཚོགས་ཡར་སྤྲོད:admin
༄༅། །ཚངས་མགུར་གྱི་དཔྱད་གཏམ་འགའ་ཞིག་ལས་འཕྲོས་ཏེ་
         རྩོམ་རིག་དཔྱད་བརྗོད་ཀྱི་ཚད་གཞིའི་སྐོར་གླེང་བ།
 
                                                   བློ་བཟང་ཆོས་སྒྲོན།
 
ནང་དོན་གནད་བསྡུས།  དཔྱད་རྩོམ་འདིའིནང་ཚངས་མགུར་རྐྱང་པ་གཅིག་གི་དཔྱད་འབྲས་མི་འདྲ་བ་ཁག་གསུམ་དམིགས་སུ་བཀར་ནས་དབྱེ་ཞིབ་བྱས་ཐོག རྩོམ་རིག་རོལ་མྱོང་གི་ཚད་་གཞིའི་མཐོ་དམའ་དེ་དཔྱད་བརྗོད་ཀྱི་འབྲས་བུ་མི་འདྲ་བ་ཐོན་པའི་རྒྱུ་གཙོ་བོ་ཡིན་པ་ལས་རོལ་མྱོང་དང་དཔྱད་བརྗོད་ནི་ཡོངས་སུ་མི་གཅིག་པ་ཡིན་ཚུལ་གཞུང་ལུགས་དང་རིག་པ་ཟུང་འབྲེལ་གྱིས་བརྡར་ཤ་རགས་ཙམ་བཅད་ཡོད།
 
བརྡ་ཆད་གཙོ་བོ། ཚངས་མགུར། རྩོམ་རིག་རོལ་མྱོང། རོལམྱོང་གི་ཚད་གཞི། དཔྱད་འབྲས།
 
     རྩོམ་རིག་རོལ་མྱོང་གི་བརྒྱུད་རིམ་ནི་རྩོམ་པ་པོས་གསར་རྩོམ་བྱས་པའི་རྩོམ་རིག་གི་བསམ་བློ་དང་ཀློག་པ་པོའི་བསམ་བློ་གཉིས་ཟུང་འབྲེལ་བྱེད་པའི་ལྕགས་ཐག་ལྟ་བུར་གྱུར་ཡོད་པས། རྩོམ་རིག་རོལ་མྱོང་གི་བརྒྱུད་རིམ་ཁོ་ན་ནི་བརྩམས་ཟིན་པའི་རྩོམ་རིག་གང་དེ་གསོན་པོར་གནས་ཐུབ་མིན་ནམ་ཡང་ན་བེམ་པོར་ལུས་མ་ལུས་ཀྱི་གནད་འགག་ལྟ་བུར་གྱུར་ཡོད། དེ་ཡང་ངོས་ལེན་མཛེས་རྩལ་རིག་པའི་ལྟ་བས་རྩོམ་རིག་གི་བྱ་རིམ་ཧྲིལ་པོ་བརྒྱུད་རིམ་ཆེན་པོ་གཅིག་ཏུ་བརྩིས་ན། དེ་ལ་ནང་གསེས་གོ་རིམ་ཆུང་བ་གཉིས་མཆིས་ཏེ། རྩོམ་པ་པོ་ནས་བསྟན་བཅོས་སུ་གྲུབ་པའི་གོ་རིམ་དང། བསྟན་བཅོས་ནས་ཀློག་མཁན་གྱིས་ཀློག་པའི་གོ་རིམ་གཉིས་ཏེ། བསྟན་བཅོས་གསར་དུ་རྩོམ་པའི་གོ་རིམ་དང་བསྟན་བཅོས་ཀློག་མཁན་གྱིས་གཟིགས་ཞིབ་ངོས་ལེན་བྱེད་པའི་གོ་རིམ་གཉིས་ཡིན་ཞེས་གསུངས་ཡོད་པས། རྩོམ་རིག་རོལ་མྱོང་གི་གོ་རིམ་དེ་ནི་རྩོམ་རིག་རོལ་མྱོང་གི་ཆ་ཡོངས་ནས་བསམས་ན་ཆེས་གལ་འགངས་ཆེ་བའི་གོ་རིམ་ཞིག་ཡིན། རྩོམ་རིག་དཔྱད་བརྗོད་ནི་གོང་གི་བརྒྱུད་རིམ་དེ་གཉིས་བརྒྱུད་རྗེས་དེ་ལས་ཚད་མཐོ་བའི་སྒོ་ནས་བརྩམས་ཆོས་དེར་ལྷག་པའི་གནད་དོན་དག་གསལ་སྟོན་གྱིས་ལེགས་ཆར་བསྟོད་བསྔགས་དང་ཞན་ཆར་སྐྱོན་འདོན་བྱས་ཏེ་རྩོམ་རིག་དེ་ཉིད་འཕེལ་རྒྱས་ཀྱི་ལམ་བུའི་ཕྱོགས་སུ་འདྲེན་པའི་གོ་རིམ་གལ་ཆེན་ཞིག་ཡིན། དེས་ན་རྩོམ་རིག་ག་གེ་མོར་དཔྱད༌བརྗོད་བྱེད་པ་དེ་རྩོམ་རིག་རོལ་མྱོང་གི་གོ་རིམ་ལས་བརྒལ་དུ་མེད་པ་ཞིག་ཡིན་ལ།  རྩོམ་རིག་རོལ་མྱོང་གི་བརྒྱུད་རིམ་དེ་ཉིད་ཀྱང་བརྩམས་ཆོས་གང་དེའི་རྩོམ་མཁན་གྱི་ལོ་རྒྱུས་རྒྱབ་ལྗོངས་དང་རྩོམ་མཁན་གྱི་སྐབས་དེའི་སྤྱི་ཚོགས་གནས་བབས་སོགས་དང་ཁ་བྲལ་དུ་མེད་པ་ནི་རྩོམ་རིག་དཔྱད་བརྗོད་མཁན་གྱི་གཡོལ་དུ་མེད་པའི་འགན་འཁྲི་ཞིག་ཡིན། གཤམ་དུ་ཁོ་མོས་ཚངས་དབྱངས་རྒྱ་མཆོའི་མགུར་གླུ་རྐྱང་པ་མཚན་ལྡན་བླ་མའི་དྲུང་དུ། སེམས་ཁྲིད་ཞུ་བར་ཕྱིན་པག སེམས་པ་སྐོར་ཀྱང་མི་ཐུབ། བྱམས་པའི་ཕྱོགས་ལ་ཤོར་སོང་ཞེས་པར་དཔྱད་གཏམ་མི་འདྲ་བ་བྱུང་བ་དེ་དག་ལས་འཕྲོས་ཏེ་རྩོམ་རིག་རོལ་མྱོང་གི་ཚད་གཞིའི་མཐོ་དམའ་ནི་རྩོམ་རིག་དཔྱད་བརྗོད་པའི་དཔྱད་འབྲས་ཀྱི་རྩ་བའམ་རྨང་གཞི་ཡིན་ཀྱང་རྩོམ་རིག་དཔྱད་བརྗོད་ཀྱི་ཚད་གཞི་མ་ཡིན་པའི་སྐོར་ལ་རང་བློས་གང་དཔོག་གིས་གླེང་བར་བྱ་བ་ལ།
   དམིགས་བསལ་གསལ་བཤད་བྱ་དགོས་པར། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དེ་ཉིད་ཀྱི་རྩོམ་པ་པོའི་ཐད། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཡིན་ལུགས་དང་ལྷ་བཟང་ཧན་གྱིས་གཙོས་པའི་སྐབས་དེའི་ཆབ་སྲིད་ལ་དམར་ཤེད་ཆེ་བའི་མི་རྣམས་ཡིན་ཚུལ། ད་དུང་མོན་པ་རིགས་ཀྱི་དམངས་གཞས་ཡིན་ལུགས། རྒྱལ་བ་ཚངས་དབྱངས་པ་རང་ཉིད་ཡིན་ཚུལ་སོགས་གང་ལྟར་ད་དུང་དེའི་སྐོར་ལ་དཔྱད་པ་མཐིལ་ཕྱིན་པ་ཞིག་བྱུང་མེད་ན། སྐབས་དེའི་ལོ་རྒྱུས་ལ་མྱོང་ཆ་དབེན་ལ་ལོ་རྒྱུས་རིག་པར་བློ་མིག་ལྡོང་བའི་ཁོ་མོ་ལྟ་བུས་དེའི་ཐད་འཇོན་ནུས་ཀྱི་བསམ་གཞིག་ཅིག་གཏན་ནས་མི་ནུས་ཀྱང་སྐབས་སུ་བབ་པའི་དཔྱད་འབྲས་དེ་དག་གི་དཔྱད་བརྗོད་པ་ཁོང་རྣམ་པས་ཚངས་མགུར་འདི་ཉིད་རྒྱལ་བ་ཚངས་དབྱངས་པ་རང་ཉིད་ཀྱིས་བརྩམས་པར་ཁས་བླངས་པ་བཞིར་བཞག་ནས་རྩོམ་རིག་རོལ་མྱོང་གི་ཚད་གཞི་དང་དཔྱད་འབྲས་ཀྱི་ཚད་གཞི་གླེང་བ་ལགས།
   དང་པོ། ཚངས་མགུར་གྱི་དཔྱད་གཏམ་མི་འདྲ་བ་ཁག་གི་གཤིབ་བསྡུར།
   རྩོམ་མཁན་གྱི་རྩོམ་པའི་ཆུ་ཚད་དང་ཀློག་པ་པོའི་རྩོམ་རིག་རོལ་མྱོང་གི་ཆུ་ཚད་གཉིས་དབར་ལ་རྩོམ་མཁན་དང་ཀློག་པ་པོའི་དབར་གྱི་དུས་སྐབས་མི་འདྲ་བ་དང་མི་རིགས་མི་འདྲ་བ། གྲུབ་མཐའ་མི་འདྲ་བ། དེ་བཞིན་མི་ཚེའི་ལངས་ཕྱོགས་དང་འཇིག་རྟེན་ལྟ་ཚུལ་མི་གཅིག་པ་སོགས་ཀྱིས། རྩོམ་རིག་གཅིག་ལ་ཀློག་པ་པོ་མི་གཅིག་པའི་རོལ་མྱོང་བྱ་ཚུལ་མི་འདྲ་བ་དང་རོལ་མྱོང་གི་ཚད་གཞི་མི་གཅིག་པ་སོགས་བྱུང་དང་འབྱུང་མུས་ཡིན་ལ་དེ་ལྟར་འབྱུང༌སྲིད་པའང་ཡིན། དེར་བརྟེན་རྩོམ་རིག་རོལ་མྱོང་གི་ཚད་གཞི་ཇི་ལྟ་བུར་སླེབས་མིན་དེ་ཡང་མཐར་གཏུགས་ནས་བཤད་ན། ཀློག་པ་པོས་རྩོམ་མཁན་གྱིས་བྲིས་པའི་རྩོམ་རིག་གི་སྐད་ཆའི་སྒྱུ་རྩལ་ལ་སྔོག་བཤེར་བྱེད་ཐུབ་མི་ཐུབ་དང་རང་རྒྱུད་ལ་རྩོམ་རིག་གང་དེའི་བསམ་བློའི་ཉིང་བཅུད་མྱོང་ཐུབ་མི་ཐུབ་བཅས་ལ་རག་ལུས་ཡོས། གང་ལྟར་ཡང་བརྩམས་ཆོས་རྐྱང་པ་གཅིག་ལ་རྩོམ་རིག་དཔྱད་བརྗོད་ཀྱི་འབྲས་བུ་མི་འདྲ་བ་ཐོན་མི་ཐོན་ནི། རྩོམ་རིག་རོལ་མྱོང་གི་བརྒྱུད་རིམ་ནང་དཔྱད་བརྗོད་པ་གང་དེས་བརྩམས་ཆོས་དེའི་རྩོམ་མཁན་གྱི་ལོ་རྒྱུས་ལ་དཔྱད་པ་བྱེད་མི་བྱེད། བརྩམས་ཆོས་གང་དེའི་ཚིག་གི་ཤུན་ལྤགས་ཀྱི་འོག་ཏུ་བསྡུས་ནས་བརྗོད་པའི་དོན་གྱི་ཉིང་བཅུད་མྱོང་ཐུབ་དང་མི་ཐུབ་པ་བཅས་ལ་རག་ལུས་ཡོད། དེ་ཡང་རྩོམ་རིག་མཐའ་དཔྱོད་ཀྱི་དགོས་པའང་རྩོམ་པ་པོས་གསར་དུ་བརྩམས་པའི་བསྟན་བཅོས་ཀྱི་ཤུགས་བསྟན་གྱི་དོན་སྙིང་རྣམས་མངོན་པར་གསལ་འདོན་བྱེད་”②རྒྱུ་དེ་ཡིན་ཞེས་གསུངས་པ་ལས་ཤེས་ཐུབ་བོ། རྒྱའི་དཔྱད་བརྗོད་པས་བརྩམས་པའི་《ཚངས་དབྱངས་རྒྱ་མཚོ་དང་མཛའ་གླུའི་ཞིབ་འཇུག་》《仓央加错及其情歌研究》ཞེས་པའི་དཔེ་ཆ་འདི་ནི་རྒྱལ་ནང་ནས་བརྩིས་ན་ཅུང་གྲགས་ཆེ་ལ་རྒྱལ་བ་ཚངས་དབྱངས་དང་ཚངས་དབྱངས་པའི་མགུར་གླུ་གཉིས་ཐད་ནས་ཞིབ་འཇུག་བྱས་པའི་འབྲས་བུ་ཞིག་ཏུ་མངོན། དཔེ་ཆ་ཧྲིལ་པོའི་དཔྱད་བརྗོད་ཀྱི་སྡོམ་ཚིག་ཏུགལ་ཏེ་ཚངས་དབྱངས་རྒྱ་མཚོའི་སྙན་ངག་ལ་ཤུགས་ཆེ་བའི་མི་དམངས་རིང་ལུགས་དང་མི་དམངས་ཐུན་མོང་གི་བསམ་བློའི་རེ་འདོད་མཚོན་མེད་ན། རྒྱ་ཆེ་བའི་མི་དམངས་ཀྱིས་དགའ་མོས་ཐོབ་མི་སྲིད་ལ”③“ཚངས་མགུར་ནི་ཆོས་ལ་ངོ་རྒོལ་བྱེད་ཕོད་མཁན་གྱི་རྒྱལ་བ་ཚངས་དབྱངས་པས་རང་དབང་གི་འཚོ་བར་་བརྩོན་ལེན་བྱེད་པའི་སེམས་སྒྲ་ཞིག་ཡིན། དེས་ཆོས་ལུགས་པ་དང་འཇིག་རྟེན་པའི་བརྩེ་དུང་དབར་གྱི་གཏིང་རིང་བའི་འགལ་བ་གསལ་མཚོན་བྱས་ཡོད་དེ། ཤ་ཁྲག་རུས་ལས་གྲུབ་པའི་ཆོས་བྱེད་མི་སྣའི་སྡོམ་པ་གཙང་མར་བརྟེན་ལུགས་ནི་རང་དབང་མེད་པར་ཆེས་མཐོའི་སྐྱོ་སྣང་ཞིག་ཡིན་ཚུལ་གྱི་སེམས་པ་མཚོན་པར་བྱས་ཡོད་ལ། སྡུག་རྩུབ་ཆེ་བའི་སྟོབས་ཤུགས་ཀྱིས་མིའི་བརྩེ་དུང་དང་འཚོ་བའི་རང་དབང་ལ་སྤྲད་པའི་ཐ་ཤལ་གྱི་བྱེད་སྟངས་དེ་རིགས་བརྗེན་པར་བསྟན་ཡོད། ད་དུང་ཚངས་མགུར་ནང་གཏིང་ཚུགས་པའི་སྒོ་ནས་རྒྱལ་བ་ཚངས་དབྱངས་པའི་སེམས་ཀྱི་འགལ་བ་གསལ་སྟོན་བྱས་ཡོད་ཅིང། འགལ་བ་དང་འཐབ་རྩོད་ཀྱི་རྗེས་འབྲས་ནི་རང་བྱུང་ཆོས་ཉིད་ལས་བརྒལ་ཐབས་མེད་པ་དང་རང་བྱུང་ཆོས་ཉིད་ལ་བརྩོན་ལེན་བྱེད་པའི་བསམ་པས་ཀུན་ལ་སྟངས་འཛིན་བྱེད་པའི་གལ་ཆེའི་གནས་བབས་ཟིན་ཡོད་”④ཅེས་གསལ་སྟོན་བྱས་ཡོད། དཔྱད་བརྗོད་དེ་ལས་ང་ཚོས་ཤེས་ཐུབ་པར། དཔྱད་བརྗོད་པས་ཚངས་མགུར་དེ་ཉིད་ཧྲིལ་པོ་མཛའ་གཞས་ཁོ་ནའི་སྟེང་ནས་རོལ་མྱོང་བྱས་པ་ལས་ཚངས་མགུར་རྩོམ་མཁན་རྒྱལ་བ་ཚངས་དབྱངས་པའི་ལོ་རྒྱུས་རྒྱབ་ལྗོངས་དང་སྐབས་དེའི་སྤྱི་ཚོགས་སྟེང་གི་རྒྱལ་བ་ཚངས་དབྱངས་པའི་གནས་བབས་སོགས་ལ་ཉམས་ཞིབ་ཀྱིས་གཏིང་ཕུག་པའི་བསམ་གཞིག་བྱས་མེད་པས།རོལམྱོང་གི་ཚད་གཞི་དེ་ཡང་ཚིག་གི་ཤུན་ལྤགས་ཙམ་ལས་ཚིག་འོག་ཏུ་སྦས་པའི་དོན་ངོ་མར་རོལ་མྱོང་བྱེད་མི་ཐུབ། རོལ་མྱོང་གི་ཚད་གཞི་དེ་འདྲ་ཞིག་གིས་ཚངས་མགུར་ལ་གཏིང་ཚུགས་པའི་དཔྱད་པ་བྱེད་མི་ཐུབ་པ་ནི་སྨོས་ཅི་ལ་དགོས། སྐབས་འདིའི་གླེང་བྱར་གྱུར་བའི་ཚངས་མགུར་ལས། མཚན་ལྡན་བླ་མའི་དྲུང་དུ། སེམས་ཁྲིད་ཞུ་བར་ཕྱིན་པས། སེམས་པ་སྐོར་ཀྱང་མི་ཐུབ། བྱམས་པའི་ཕྱོགས་ལ་ཤོར་སོང། ཞེས་པའི་དཔྱད་གཏམ་ནང། ཆོས་བྱེད་མི་སྣའི་བཤད་ལུགས་ལ། སྡོམ་ཁྲིམས་ཞུས་ཚར་ན་སྡོམ་པ་བསྲུང་དགོས་པ་དང་སྡོམ་པ་མ་སྲུང་ན་བཙུན་པར་འགྲོ་ཐབས་བྲལ་བས་གལ་ཏེ་ཆོས་པ་རྣམ་དག་ཅིག་བྱེད་ན་བུད་མེད་ལ་ཆགས་སྡང་སྤོང་དགོས་ཟེར།
ཡང་མི་སྐྱའི་འཚོ་བར་འཇུག་པར་བྱེད་ཀྱང་ནམ་ཡིན་ཡང་བདེ་བའི་འབྲས་བུ་སྟེ་སངས་རྒྱས་ཤིང་ཐར་པ་ཐོབ་པའི་རེ་བས་དབེན་པས། ཚངས་མགུར་དེ་ནི་ཆོས་དང་འཇིག་རྟེན་གཉིས་ཀྱི་འགལ་བ་སེམས་ནང་རྩོད་པའི་པའི་གླུ་ཡིན”⑤ཞེས་བརྗོད་ཡོད། དེས་ན་དཔྱད་བརྗོད་པས་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ལྟ་བ་ལྟར་གཟབ་ཅིང་ནན་པས་རྩོམ་རིག་བསྟན་བཅོས་བྱུང་བའི་ལོ་རྒྱུས་དུས་སྐབས་དང་གནས་ཚུལ་དངོས་དང་འབྲེལ་བའི་སྒོ་ནས་རྟོག་དཔྱོད་ཞིབ་འཇུག་བྱས་ཏེ་སྐབས་དེའི་སྤྱི་ཚོགས་ཀྱི་ནང་དོན་དང་རིན་ཐང་གི་ཚུལ་ལ་དགག་སྒྲུབ་ཀྱིས་མཐའ་དཔྱད་པ་ལ་བྱའོ་”⑥ཞེས་པའི་མར་ཁེ་སི་རིང་ལུགས་ཀྱི་རྩོམ་རིག་མཐའ་དཔྱོད་ཀྱི་ཚད་གཞི་ལས་ལོ་རྒྱུས་ཀྱི་ལྟ་བ་དང་ཡོངས་སུ་འགལ་ཏེ། སྐབས་དེའི་ཚངས་དབྱངས་པའི་དུས་སྐབས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་ལ་རྒྱུས་མངའ་དང་དཔྱད་ཞིབ་བྱས་མེད་ཅིང། རྒྱལ་བ་འདི་ཉིད་ཀྱི་མགུར་ལ་ཚིག་གི་གོ་བ་ཙམ་ལས་དོན་གྱི་བསྡུས་དོན་ལ་བསམ་གཞིག་ཁབ་རྩེ་ཙམ་ཡང་མ་བྱས་པར་རྒྱལ་བ་འདི་ཉིད་ཆོས་བྱེད་མི་སྣའི་སྲོལ་ལུགས་ལས་ལོགས་སུ་བཀར་ནས་སེམས་པ་ཆོས་ལ་མེད་པར་བྱམས་པ་སྟེ་བུད་མེད་ཁོ་ནའི་ཕྱོགས་སུ་ཤོར་བའི་མི་སྣ་ཞིག་ལ་རོལ་མྱོང་བྱས་ཡོད། བྱམས་པ་ཞེས་པའི་ཚིག་འབྲུ་དེ་ཉིད་ལ་དུང་དཀར་ཚིག་མཛོད་ཆེན་མོ་ལས། བྱམས་ནི་བོན་གྱི་བརྡ་སྒྲོལ་མའི་མཚན་”⑦ཞེས་པར་འགྲེལ་པ་བྱས་ཡོད་ལ། 《བོད་རྒྱ་ཚིག་མཛོད་ཆེན་མོ་》ལས་བྱམས་པ་ཞེས་པ་ནི་གཞན་བདེ་བ་དང་ལྡན་པར་འདོད་པ་”⑧ཞེས་པར་འགྲེལ་པ་བྱས་ཡོད་པས། སྐབས་འདིའི་མགུར་གླུའི་ཚིག་སྟེ། སེམས་པ་བྱམས་པའི་ཕྱོགས་ལ་ཤོར་སོང་ཞེས་པའི་བྱམས་པ་དེ་ཉིད་ཡང་སྙིང་བུད་མེད་ཁོ་ནར་གོ་བ་ལེན་དགོས་སམ་ཡང་ག་ན་གཞན་བདེ་བ་དང་ལྡན་པར་འདོད་པ་སྟེ རྒྱལ་བ་འདི་ཉིད་སྐབས་དེའི་བོད་ཆོལ་ཁ་གསུམ་གྱི་སྐྱེ་འགྲོ་ཀུན་སྐྱོབ་པར་འདོད་པའི་བྱམས་དང་སྙིང་རྗེ་ཅན་ཞིག་ལ་གོ་དགོས་མིན། དེ་ནི་སྐབས་དེའི་རྒྱལ་བ་ཚངས་དབྱངས་པའི་དུས་སྐབས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་སྤྱི་ཚོགས་ཁོར་ཡུག་གི་གནས་བབས་ལས་གསལ་མཚོན་བྱ་ནུས་པ་ཡིན་གྱིས་དཔྱད་བརྗོད་མཁན་རང་བློས་གང་བསམ་གྱིས་རྩོམ་མཁན་གྱི་དགོངས་པ་ལས་འདས་ཏེ་བརྩམས་ཆོས་རོལ་མྱོང་དང་དེ་ལ་དཔྱད་པ་བྱས་པ་ལས་རྟོགས་ཐབས་མེད། གོང་གསལ་ཚངས་མགུར་གྱིདཔྱད་བརྗོད་དེ་ནི་བརྩམས་ཆོས་ཀྱི་རྒྱབ་ལྗོངས་སོགས་གང་ལའང་རྒྱུས་མངའ་མེད་པ་ལས་ཐོབ་པའི་བསམ་ཚུལ་རང་ག་བ་ཞིག་དང་རང་ལུགས་བཙན་གྱིས་དཔྱད་གཏམ་དུ་སྦྱར་བ་ཞིག་རང་ཡིན་སྙམ། ཡང་པེ་ལིན་སི་ཅིས། རྩོམ་རིག་མཐའ་དཔྱོད་ཀྱིས་ལོ་རྒྱུས་ཀྱི་དབྱེ་ཞིབ་དང་མཛེས་རྩལ་རིག་པའི་དབྱེ་ཞིབ་ངེས་པར་དུ་ཟུང་འབྲེལ་བྱེད་དགོས་པར་གདམས་ཤིང་སྒྱུ་རྩལ་གྱི་བསྟན་བཅོས་ཚང་མ་དུས་སྐབས་དེའི་དུས་དངོས་དང་ལོ་རྒྱུས་ཀྱི་གནས་ཚུལ་དངོས་དང་རྣམ་པ་གཅིག་ཏུ་འབྲེལ༌བས། སྒྱུ་རྩལ་པ་དང་སྤྱི་ཚོགས་བར་གྱི་འབྲེལ་བའི་སྟེང་ནས་དེ་ལ་རྟོག༌དཔྱོད་དང། སྒྱུ་རྩལ་པའི་འཚོ་བ་དང་གཤིས་རྒྱུད་སོགས་ལ་ཞིབ་འཇུག་བྱས་ན་ཁོ་བོའི་གསར་རྩོམ་གྱི་དམིགས་འདུན་རྟོགས་ཐུབ་པར་ཕན་”⑨ཞེས་པར་བསམས་ནའང་གོང་ཞུས་དཔྱད་བརྗོད་དེས་སྒྱུ་རྩལ་གྱི་ཤུན་སྐོགས་འབིགས་མ་ཐུབ་པས་རོལ་མྱོང་ལ་ཚད་བཀག་བྱུང་བ་དང། རོལ་མྱོང་ལ་བཀག་རྒྱ་ཐེབས་པ་དེས་ད་གཟོད་ཚིག་རྐྱང་ལ་གོ་བ་ལེན་ཅིང་རུས་སྐམ་མུར་བ་ལྟ་བུས་དོན་གྱི་རྡོག་རྩ་རང་རྒྱུད་ཀྱི་མྱོང་བའི་བཅུད་དུ་མ་སྨིན་པས་དཔྱད་བརྗོད་ཀྱང་རྩོམ་མཁན་གྱི་བློ་མོས་དང་འཚམ་ཞིང་བརྩམས་ཆོས་ཀྱི་རྒྱབ་ལྗོངས་དང་མཐུན་ཕྱོགས་སུ་གྱུར་བ་ཞིག་གཏན་ནས་བྱུང་མེད་དོ། དེ་ལས་ལྡོག་སྟེ་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཕུལ་བྱུང་དཔྱད་རྩོམ་བདམས་སྒྲིག་ཅེས་པའི་ནང་མཁར་བླ་ཀརྨ་འཕྲིན་ལས་ཀྱིས་《ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་སྦས་དོན་སྐོར་གླེང་བ་》ཞེས་པའི་དཔྱད་རྩོམ་དུ། མགུར་འདི་ནི(མཚན་ལྡན་བླ་མའི་དྲུང་དུ། སེམས་ཁྲིད་ཞུ་བར་ཕྱིན་པས། སེམས་པ་སྐོར་ཀྱང་མི་ཐུབ། བྱམས་པའི་ཕྱོགས་ལ་ཤོར་སོང།)“ཚངས་དབྱངས་པས་དགུང་ལོ་ཉེར་བཞིར་མཚན་ལྡན་བླ་མ་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་དྲུང་དུ་དམ་པའི་ཆོས་ཀྱི་སེམས་འཁྲིད་ཞུ་བར་ཕྱིན་པས། སེམས་པ་ཡང་སྐོར་བསྐྱར་སྐོར་ཇི་ལྟར་བྱས་ནས་དམ་པའི་ཆོས་ལ་གཏད་ཀྱང་སེམས་རྣལ་དུ་མི་འགྲོ་བར།  སྐུ་ཉེས་ཕོག་པའི་བྱམས་པ་སྡེ་སྲིད་ཕྱོགས་ཁོ་ནར་ཤོར་འགྲོ་གི་འདུག་ཅེས་པའོ་”⑩ཞེས་གསུངས་ཡོད། དཔྱད་བརྗོད་པས་མགུར་གྱི་རོལ་མྱོང་དེ་ཉིད་མགུར་ཚིག་གི་ཕྱིའི་བསམ་གཞིག་ཙམ་མ་ཡིན་པར་རྒྱལ་བ་ཚངས་དབྱངས་པའི་དུས་སྐབས་ཀྱི་ཆབ་སྲིད་གཡོ་སྐྱོམ་དང་རྩོམ་མཁན་རྒྱལ་བ་ཉིད་ཀྱི་སྐབས་དེའི་སྤྱི་ཚོགས་གནས་བབས་བཅས་གཙོ་ཐིག་གཅིག་གི་ཐོག་ཏུ་བཞག་ནས་རོལ་མྱོང་བྱས་པས། རོལ་མྱོང་གི་ཚད་གཞི་མཐོར་འདེགས་བྱུང་ཡོད་ལ། སྐབས་དེའི་བྱམས་པ་ཞེས་པ་ཡང་སེམས་ནས་མཛའ་བའི་བུད་མེད་ཅིག་མ་ཡིན་པར་སེམས་ནས་བསྟེན་ཅིང་གུས་པར་འོས་པའི་སྡེ་སྲིད་སངས་རྒྱས་རྒྱ་མཆོའི་ཕྱོགས་སུ་རོལ་མྱོང་བྱས་ཡོད་པས། དཔྱད་བརྗོད་ཀྱི་འབྲས་བུ་ཡང་རུས་པ་སྐམ་པོར་སོ་བཏབ་པ་ཙམ་མ་ཡིན་པར་གཏིང་ཚུགས་པའི་སྒོ་ནས་མགུར་གླུའི་སྒྱུ་རྩལ་སྔོག་བཤེར་གྱིས་ལོ་རྒྱུས་ཀྱི་དོན་དངོས་ཤིག་ཏུ་མྱོང་ཐུབ་པ་བྱུང་ཡོད་པ་རེད། གོང་ཞུས་དཔྱད་བརྗོད་གཉིས་གཤིབ་བསྡུར་བྱས་པ་བརྒྱུད་ང་ཚོས་ཆ་ཡོངས་སུ་མཚུངས་པའི་མགུར་ཚིག་རྐྱང་པ་གཅིག་ལ་ཆ་ཡོངས་སུ་ལྡོག་པའི་དཔྱད་བརྗོད་མི་འདྲ་བ་གཉིས་བྱུང་བ་མཐོང་ཐུབ་ལ། དཔྱད་འབྲས་ལ་ཧེ་བག་དེ་ལྟ་བུ་ཤོར་བའི་རྒྱུ་མཚན་ཡང་དཔྱད་བརྗོད་མཁན་གཉིས་ཀྱི་མི་རིགས་མི་འདྲ་བ་དང། མི་རིགས་རིག་པའི་ཤེས་ཚད་མི་སྙོམས་པ། དཔྱད་བརྗོད་བྱེད་སའི་རྩོམ་ཡིག་གི་རྒྱབ་ལྗོངས་ལ་རྒྱུས་ལོན་ཚད་མི་འདྲ་བ་སོགས་ཀྱིས་ཡིན་སྙམ། རྒྱུ་མཚན་དེས་མགུར་གཅིག་ལ་རོལ་མྱོང་བྱེད་ཕྱོགས་དང་རོལ་མྱོང་གི་ཚད་གཞི་མི་གཅིག་པ་ཐོན་པ་ཤེས་ཐུབ་ལ། རོལ་མྱོང་གི་ཚད་གཞི་མཐོ་དམའ་ཇི་ལྟ་བུ་ཞིག་སླེབས་མིན་དེ་དཔྱད་འབྲས་གང་འདྲ་ཞིག་ཡོང་མིན་གྱི་རྨང་གཞི་དང་རྩ་བ་ལྟ་བུར་གྱུར་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད།  ཡང་ཆབ་སྤེལ་ལགས་ཀྱིལ མགུར་འདི་ནི་གོང་དུ་བཀྲ་ཤིས་ལྷུན་པོར་པཎ་ཆེན་ལྔ་པ་མཇལ་བར་ཕེབས་སྐབས་པཎ་ཆེན་གྱིས་ཆོས་སྲིད་གང་ཐད་ནས་ཞལ་ཏ་ཞིབ་རྒྱས་ནན་ཏན་གནང་རུང༌། འུར་སྟབས་ཀྱི་རྣམ་པས་ཕེབས་ཏེ་ཉི་འོད་ཀྱི་ཕྱི་ནས་སྐུ་ཕྱག་གསུམ་གནང་ཞིང། བླ་མའི་བཀའ་བཅག་པ་མཐོལ་ལོ་བཤགས་གསུངས་པ་སྤེལ་མར་གནང་ནས་ཕེབས་ཞེས་གསལ་བ་དེའི་ཉིན་ཐོ་ལྟ་བུ་ཞིག་མི་འདུག་གམ་ཞེས་གསུངས་ཡོད་པས། དཔྱད་བརྗོད་དེས་རྒྱལ་བ་ཚངས་དབྱངས་པས་ཆོས་སྲིད་ཀྱི་འགན་སེམས་ལས་གཡོལ་ཆེད་དུ་པཎ་ཆེན་ལྔ་པ་ཆེན་པོའི་ཞལ་ནས་འགལ་ཏེ་ཆོས་ནས་སྐྱ་རུ་ཕེབས་པའི་བསམ་པར་མཐོལ་བཤགས་བྱེད་པའི་བསམ་བློ་དེ་ཉིད་ཉིན་ཐོའི་ཚུལ་དུ་བྲིས་པ་དང་མཚུངས་པར་རོལ་མྱོང་བྱས་ཡོད། རོལ་མྱོང་གི་གཙོ་ཐིག་དེ་ཉིད་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་སྐབས་དེའི་རྒྱལ་བ་ཉིད་ཀྱི་སྤྱི་ཚོགས་གནས་བབས་སོགས་ཀྱི་སྟེང་དུ་སླེབས་ཡོད་ཀྱང་མགུར་གང་དེའི་མཚོན་དོན་དུ་གྱུར་བའི་སྙིང་པོ་གང་དེ་སྔར་བཞིན་རབ་རིབ་ཙམ་དུ་ཟད་པས། ཡང་སྙིང་མགུར་དེ་ཉིད་བརྩམས་པའི་དམིགས་ཡུལ་ཅི་ཞིག་ཡིན་པ་དེ་སྔར་བཞིན་ཁ་གསལ་བྱུང་མེད་དེ། སྐབས་དེའི་རྩོམ་མཁན་གྱི་བསམ་པའི་རེ་འདོད་དང་མོས་པ་མཚོན་པའི་བྱམས་པ་དེ་སུ་ཞིག་ཡིན་མིན་སྔར་བཞིན་རབ་རིབ་ཏུ་གནས་ཡོད་པས་ཡིན། གཞན་ཡང། མཚན་ལྡན་བླ་མའི་དྲུང་དུ། སེམས་ཁྲིད་ཞུ་བར་ཕྱིན་པས། སེམས་པ་སྐོར་ཀྱང་མི་ཐུབ། བྱམས་པའི་ཕྱོགས་ལ་ཤོར་སོང། ཞེས་པའི་མགུར་དེ་ཉིད་ཀྱི་དཔྱད་བརྗོད་ནས་བསམས་ནའང་རྣག་ཐོག་བཙག་འཁེལ་ལྟ་བུའི་རོལ་མྱོང་བྱ་ཐུབ་མེད་ལ། དཔྱད་བརྗོད་ཀྱི་ཚད་གཞི་ཡང་རོལ་མྱོང་དང་འབྲེལ་ཏེ་གཏིང་ཕུག་ལོན་པ་ཞིག་བྱུང་མེད།
   དེ་ལྟར་རང་རེའི་རྩོམ་རིག་དཔྱད་བརྗོད་པ་མི་ཉུང་བ་ཞིག་གིས་རྩོམ་རིག་ལ་དཔྱད་བརྗོད་བྱེད་སྐབས་བརྩམས་ཆོས་གང་དེའི་གཙོ་ཐིག་ལས་ཡོངས་སུ་བརྒལ་ཏེ་དཔྱད་བརྗོད་བྱེད་པ་དང། ཡང་ན་ཚིག་གི་འབྲུ་འགྲེལ་ཙམ་ལས་དོན་གྱི་སྙིང་པོ་མ་བླངས་པར་རོལ་མྱོང་གིས་བརྩམས་ཆོས་ཤིག་ལ་དཔྱད་བརྗོད་བྱེད་པའི་སྲོལ་ངན་ཞིག་ཡོད། གང་ལྟར་དཔྱད་བརྗོད་གླེང་སྟེགས་སྟེང་དུ་རང་ལྟ་འཁྱེར་ནས་གཞན་ལྟ་འགོག་པའི་གནད་དོན་རྟག་མཐོང་ཡིན་པ་དེ་རིགས་ལ་བསམས་ན། དེ་ནི་རྩོམ་རིག་རོལ་མྱོང་བྱེད་པའི་བརྒྱུད་རིམ་ནང་གི་རོལ་མྱོང་བསྐྱར་སྐྲུན་དབར་གྱི་རྩོད་པ་ཡིན་ལ། མདོར་ནས་བཤད་ན། བསྐྱར་སྐྲུན་བྱས་མ་བྱས་དང་བསྐྱར་སྐྲུན་བྱེད་པའི་བརྒྱུད་རིམ་མི་འདྲ་བ་གཉིས་དབར་གྱི་འགལ་རྩོད་ཡིན། གོང་གི་ཚངས་མགུར་རྐྱང་པ་དེའི་རོལ་མྱོང་བྱ་ཐབས་ནས་མཚོན་ན།  ཆོས་ཕྱོགས་ཀྱི་མི་སྣས་ཆོས་ཕྱོགས་ནས་རོལ་མྱོང་ཉེད་པ་དང༌། སྲིད་ཕྱོགས་ཀྱི་མི་སྣས་སྲིད་ཕྱོགས་ནས་རོལ་མྱོང་བྱེད་པ། དེ་བཞིན་ཕོ་མོའི་མཛའ་གཏམ་ནས་རོལ་མྱོང་བྱེད་པ་སོགས་སྐབས་བབ་ཀྱི་བརྩམས་ཆོས་གཅིག་གམ་ཡང་ན་བརྗོད་བྱ་གཅིག་ལ་ཀློག་པ་པོའི་མི་ཚེའི་ལྟ་བ་དང་དགའ་ཕྱོགས་མི་གཅིག་པ་སོགས་ཀྱིས་རོལ་མྱོང་གི་འབྲས་བུ་མི་གཅིག་པ་ཐོན་ཡོད། འོ་ན་རྒྱལ་བ་ཚངས་དབྱངས་པ་རང་ངོས་ནས་མགུར་གླུ་དེ་གསར་རྩོམ་བྱེད་པའི་ཆེས་མཐར་གཏུགས་ཀྱི་དམིགས་ཡུལ་དེ་སྐབས་དེའི་ཆོས་ལུགས་ཀྱི་ནང་དོན་ཞིག་གསལ་འགྲེལ་བྱེད་རྒྱུ་ཡིན་ནམ། སྐབས་དེའི་སྲིད་ཕྱོགས་ཀྱི་དོན་ག་གེ་མོ་ཞིག་ཚིག་གི་ཤུན་ལྐོག་ནས་གསལ་འགྲེལ་བྱེད་རྒྱུ་ཡིན་ནམ།  ཡང་ན་རང་ཉིད་ཞེན་ཆགས་དབང་དུ་སོང་ནས་འཇིག་རྟེན་ཕོ་མོའི་བརྩེ་བར་སྙིང་ནས་མཛའ་གླུ་བླངས་པ་ཡིན། གནད་དོན་དེ་ནི་རྩོམ་རིག་དཔྱད་བརྗོད་པས་བརྩམས་ཆོས་གང་དེ་རོལ་མྱོང་བྱེད་གིན་དུ་བསམ་དགོས་པ་དང་དཔྱད་གཏམ་སྤེལ་གྱིན་ཏུ་བརྟག་དགོས་པའི་མ་མཐའི་ཆ་རྐྱེན་ཡིན་པས། ཆ་རྐྱེན་དེ་ལས་འགལ་བའི་དཔྱད་འབྲས་ནི་དཔྱད་གཏམ་མཁན་རང་གི་བསམ་བློའི་འཁྱེར་སོ་ཙམ་དང་འདོད་ཕྱོགས་ཙམ་གྱིས་རྩོམ་མཁན་གང་དེའི་བརྩམས་ཆོས་ཀྱི་བསམ་བློར་དབང་བསྒྱུར་གྱིས་རང་ལྟ་འཆད་པ་ཙམ་ལས་དཔྱད་པ་བརྗོད་པ་ནི་མ་ཡིན་ནོ།
གཉིས་པ། རྩོམ་རིག་རོལ་མྱོང་དང་རྩོམ་རིག་དཔྱད་བརྗོད་དབར་གྱི་འབྲེལ་བ།
  རྩོམ་རིག་རོལ་མྱོང་ནི་རྩོམ་རིག་དཔྱད་བརྗོད་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་ཀྱང་རྩོམ་རིག་རོལ་མྱོང་དང་རྩོམ་རིག་དཔྱད་བརྗོད་གཉིས་དབར་གྱི་ཁྱད་པར་ནི་ལྷག་ཏུ་ཆེ་བ་ཞིག་ཡིན། དེ་ཡང་རྩོམ་རིག་རོལ་མྱོང་བྱེད་པའི་དམིགས་ཡུལ་ནི་བརྩམས་ཆོས་གང་དེ་ལས་ཀློག་མཁན་གྱི་རྒྱུད་ལ་སྤྲོ་སྣང་དང་སློབ་གསོ་སོགས་ཐོབ་ཕྱིར་ཡིན་ཅིང། བརྩམས་ཆོས་གང་དེས་སྟེར་བའི་ཚོར་སྣང་དེ་ནི་བརྩམས་ཆོས་ཀྱི་རྒྱུད་ནས་བླངས་པའི་འཆར་སྣང་ལ་ཀློག་མཁན་རང་ཉིད་ཀྱི་བསམ་པའི་འདོད་པ་མཐུན་ཕྱོགས་དང་བསྟུན་ནས་བཟོ་སྐྲུན་བྱས་པའི་ཐོན་དངོས་ཤིགཡིན། དེ་ཡང་ངོས་ལེན་མཛེས་རྩལ་རིག་པའི་འདོད་པ་ལ། མི་རྣམས་ཀྱིས་རང་རང་གི་འཚོ་བའི་ཉམས་མྱོང་གི་ལོ་རྒྱུས་དང་སྒྱུ་རྩལ་གྱི་སྦྱོང་བ་དང་འདོད་མོས། རང་གཤིས་དང་བསམ་པའི་ཕྱོགས་ལྷུང་དང། སྦྱང་སྟོབས་ཀྱི་ཡོན་ཏན་དང་ཕུགས་བསམ་བཅས་ཀྱི་ཁྱད་པར་གྱི་དབང་གིས་རྩོམ་རིག་བསྟན་བཅོས་ལ་གཟིགས་པའི་ཚོར་མྱོང་དང་ཉམས་རྟོགས་དང་གོ་སྟངས་འགྲེལ་སྟངས་སོགས་ཀྱང་སོ་སོའི་རང་གཤིས་ཀྱི་ཁྱད་པར་གྱི་དབང་དུ་འགྲོ་ངེས་”⑩ཞེས་གསུངས་པ་བཞིན། བརྩམས་ཆོས་རོལ་མྱོང་གི་བརྒྱུད་རིམ་དེ་ནི་ཀློག་མཁན་སྒེར་གྱི་བསམ་བློའི་བྱ་འགུལ་གྱི་བརྒྱུད་རིམ་ཞིག་ཡིན་པས། རང་གི་དགའ་ཕྱོགས་དང་འདོད་ཕྱོགས་བཞིན་རོལ་མྱོང་བྱེད་ཆོག་ལ་ཀློག་མཁན་སྒེར་ལ་དབང་བའི་བསམ་པའི་བར་སྟོང་ཞིག་ཏུའང་བརྩི་ཆོག  ཡིན་ནའང་རྩོམ་རིག་ལ་དཔྱད་བརྗོད་བྱེད་པ་དེ་རྩོམ་རིག་རོང་མྱོང་བྱེད་པ་དང་མི་འདྲ་སྟེ། རང་གི་བསམ་པའི་འདོད་བློ་དང་རང་དབང་ལས་བརྒལ་ཏེ་བརྩམས་ཆོས་གང་དེའི་ངོ་བོ་དང་བརྩམས་ཆོས་བརྩམས་པའི་དམིགས་ཡུལ་སོགས་ལ་བསམ་གཞིག་ནན་ཏན་བྱ་དགོས་པ་ཡིན་གྱིས་རང་རྒྱུད་ལ་སྤྲོ་སྣང་འཕེལ་ཕྱིར་དཔྱད་པ་གཏོང་བ་ཞིག་གཏན་ནས་མ་ཡིན་པའི་ཕྱིར། དེ་ནི་གོང་གི་ཚངས་མགུར་གྱི་དཔྱད་བརྗོད་དག་ལས་ངེས་ཤེས་འདྲོངས་ཐུབ་པ་ཡིན། གལ་ཏེ་ཚངས་མགུར་དཔྱད་བརྗོད་མཁན་གྱིས་རྩོམ་རིག་དཔྱད་བརྗོད་པས་འཁུར་དགོས་པའི་འགན་འཁྲི་འཁུར་ཡོད་ན། རང་རྒྱུད་ལ་སྤྲོ་བ་སྟེར་བའི་བསམ་གཞིག་རྐྱང་པ་ཙམ་མ་ཡིན་པར །སྔོན་ལ་ཚངས་དབྱངས་རྒྱ་མཚོའི་དུས་སྐབས་ཀྱི་སྤྱི་ཚོགས་གནས་བབས་སམ་ལོ་རྒྱུས་རྒྱབ་ལྗོངས་ལ་རྒྱུས་མངའ་ལོན་ཞིང་དཔྱད་པ་བྱེད་ངེས་པ་དང། བར་དུ་ཚངས་དབྱངས་རྒྱ་མཚོའི་ལོ་རྒྱུས་ལ་དབྱེ་ཞིབ། མཇུག་ཏུ་དཔྱད་བརྗོད་མཁན་རང་གི་མི་ཚེའི་ལྟ་བ་དང་ཚངས་མགུར་རང་ངོས་ཀྱི་སྐད་ཆའི་སྒྱུ་རྩལ་ལ་བསམ་གཞིག་དང་དཔྱད་བསྡུར་བྱེད་པ་བཅས། སྔ་བར་ཕྱི་གསུམ་གྱི་བསམ་གཞིག་རེ་རེ་དཔྱད་ཐིག་གི་ཚད་གཞི་གཅིག་གི་སྟེང་དུ་བཞག་སྟེ་དཔྱད་པ་བྱེད་ངེས་ཡིན། གང་ལྟར་ཡང་གོང་ཞུས་དག་ལས་ང་ཚོས་གསལ་ཤེས་ཐུབ་པ་ནི། རྩོམ་རིག་རོལ་མྱོང་ནི་རྩོམ་རིག་དཔྱད་བརྗོད་ཀྱི་སྔོན་འགྲོའི་ཆ་རྐྱེན་ཡིན་ཡང་རོལ་མྱོང་གི་ཚད་གཞི་མཐོ་དམའ་ལས་དཔྱད་འབྲས་ལ་ཧེ་བག་ཤོར་འགྲོ་བ་དེ་ཡིན། ཧེ་བག་དེ་གཞན་གང་ཡང་མ་ཡིན་པར་བརྩམས་ཆོས་གང་དེའི་ཕྱིའི་རོལ་མྱོང་ཙམ་དེ་དཔྱད་བརྗོད་དུ་ངོས་འཛིན་པ་དང་གཅིག རང་གིས་བརྩམས་ཆོས་གང་དེར་རོལ་མྱོང་བྱས་པའི་ཚད་གཞི་དེ་ཉིད་རྨང་གཞིར་བཟུང་ཐོག་བརྩམས་ཆོས་ཀྱི་ལོ་རྒྱུས་རྒྱབ་ལྗོངས་དང་སྒྱུ་རྩལ་གྱི་ཞིང་ཁམས་ནང་བག་ལ་ཉལ་བའི་བསྟན་དོན་གང་དེ་གཙོ་ཐིག་ཏུ་བཟུང་ནས་རྩོམ་མཁན་གྱི་བསམ་བློ་དངོས་དེ་སྔོག་བཤེར་བྱེད་པ་ལས་རང་གིས་འདོད་མོས་ལ་བརྟེན་ནས་བསྐྱར་སྐྲུན་མི་བྱེད་པ་དང་གཉིས་སོ། གོང་མ་དེ་ནི་རྩོམ་རིག་རོལ་མྱོང་ཙམ་ལས་རྩོམ་རིག་དཔྱད་བརྗོད་མ་ཡིན་ལ། འོག་མ་དེ་ནི་གཞི་ནས་རྩོམ་རིག་དཔྱད་བརྗོད་ཡིན་ནོ། དེ་ལྟར་རྩོམ་རིག་རོལ་མྱོང་ནི་རྩོམ་རིག་དཔྱད་བརྗོད་ཀྱི་རྨང་གཞི་ཡིན་པ་དང། རྩོམ་རིག་དཔྱད་བརྗོད་ནི་རྩོམ་རིག་རོལ་མྱོང་ལས་ཚད་མཐོ་བའི་ལས་བྱ་ཞིག་ཡིན་ནོ།
 ལུང་འདྲེན་དཔྱད་ཡིག
 
 ①②⑥⑨⑩《རྩོམ་རིག་གཞུང་ལུགས་གནད་བསྡུས་རྡོ་རྗེ་རིན་ཆེན་གྱིས་བརྩམལ ༡༩༩༨ལོར་མི་རིགས་དཔེ་སྐྲུན་ཁང་ནས་དཔར། ཤོག་གྲངས་༤༧༩  ༥༢༦  ༥༣༩  ༥༧༩   ༤༨༢ལ་གཡ
③④⑤《ཚངས་དབྱངས་རྒྱ་མཚོ་དང་མཛའ་གླུའི་ཞིབ་འཇུག་》(རྒྱ་ཡིག)ཤོག་གྲངས་༣༥  ༥༢  ༥༢ ཧུང་ཅིང་དང་ལྦུ་པིས་བརྩམས། ༡༩༨༢ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔར།
 ⑦《དུང་དཀར་ཚིག་མཛོད་ཆེན་མོ་ཤོག་གྲངས་༡༤༨༠
⑧《བོད་རྒྱ་ཚིག་མཛོད་ཆེན་མོ་ཤོག་གྲངས་ ༡༨༧༧
⑩《བོད་ལྗོངས་སློབ་ཆེན་ཕུལ་བྱུང་དཔྱད་རྩོམ་བདམས་སྒྲིག་ནང་འཁོད་པའི་ཚངས་དབྱངས་རྒྱ་མཆོའི་མགུར་གླུའི་སྦས་དོན་སྐོར་གླེང་བ་ཀརྨ་འཕྲིན་ལས་ཀྱིས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་༢༠༠༧ལོར་དཔར།
⑩《ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་གསུང་རྩོམ་ཕྱོགས་བསྒྲིགས་ཤོག་གྲངས༨༧༧ ཀྲུང་གོའི་བོདཀྱི་ཤེས་རེག་དཔེ་སྐྲུན་ཁང་ནས་༡༩༩༣ལོར་དཔར།
བློ་བཟང་ཆོས་སྒྲོན།   བོད་ལྗོངས་སློབ་ཆེན་རིག་གཞུང་སློབ་གླིང་གི་ཉིས་སྟོང་བརྒྱད་ལོའི་རྩོམ་རིག་ཞིབ་འཇུག་སློབ་མ།
                                                    ༢༠༡༡ལོའི་བོད་ལྗོངས་ཞིབ་འཇུག་དེབ་༢པ་ལས་དྲངས། 
·རྩོམ་ཡིག་གོང་མ:བྱིས་པ་འདི་ཚོ།
·རྩོམ་ཡིག་འོག་མ:གླུ་མ་ཚེ་སྐྱིད་ཀྱིས་བྱིན་པའི་སེམས་ཚོར།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·ངལ་རྩོལ་མང་ཚོགས་དང་རྩོམ་རིག་གི་འབྲེལ་འདྲིས། 2010/9/14 14:06:17
·ལྗིད་ཏིག་ཏིག་གི་བཀའ་དྲིན། 2010/2/5 18:52:24
·སྒྱུ་རྩལ་གྱི་བདེན་ཁ་གླེང་བ། 2010/1/18 21:08:05
·གློག་བརྙན་2012ཀྱི་དཔྱད་ཐུང་ཅིག 2010/1/13 18:50:03
·ཆེས་ཚད་མཐོ་བའི་སྙན་ངག་གི་སྐད་ཆའི་དབྱངས་རིས། 2010/1/7 14:54:33
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 3:46:07 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/23 5:41:36 [来自: 112.5.248.152]

 评论者:9GrMysGs
https://www.hxxx.net/
https://www.qqhru.net/
https://www.bj-arts.com/index/cate/cid/12.html
https://www.bj-arts.com/index/cate/cid/13.html
https://www.bj-arts.com/index/cate/cid/14.html
https://www.xinhushi.com/
https://www.fs118.com/
发表时间:2018/11/16 8:40:10 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 105 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།30.27MS