༡
ཡ།
བཀྲ་ཤིས་པའི་ཉི་མ།
ཕུན་སུམ་ཚོགས་པའི་ཉི་མ།
བདེ་ལེགས་འབྱུང་བའི་ཉི་མ།
བཀྲ་ཤིས་རྟགས་བརྒྱད་ལ་རྟགས་ཚང་གི་ཉི་མ།
ནོར་བུ་ཆ་བདུན་ལ་ཆ་སྒྲིག་གི་ཉི་མ།
མཛོ་ཁྱུང་དཀར་གཉིས་དོར་སྡེབ་པའི་ཉི་མ།
བུ་བུ་མོ་གཉིས་གཉེན་སྒྲིག་པའི་ཉི་མ་འདིར།
ཁྱིམ་འདིར་ཚོགས་ཁྲོམ་པ་གང་བོས།
ལ་གྱེན་ན་རྟ་མ་ཚེགས་ག
ལ་ཐུར་ར་སྒ་མ་ཚེགས་ག
སྒ་ལྷུ་བཞིའི་བར་ནས་མྱི་མ་ཚེགས་ག
གཡང་གི་སྒོ་ར་གྲུ་བཞིའི་ནང་ལ།
ཁྲ་ཀྲིག་གེ་ཁྲོམ་པ་འཚོགས་ཡོད་གི
འཛོམས་གྱི་ལེར་གྲལ་རྐང་བསྒྲིགས་ཡོད་གི
གཡས་གྲལ་བལྟས་ན་གཡས་གྲལ་ཡག་གི
གཡས་གྲལ་ཉི་མ་ཤར་འདྲ་རེད།
གཡོན་གྲལ་བལྟས་ན་གཡོན་གྲལ་ཡག་གི
གཡོན་གྲལ་ཟླ་བ་ཚེས་འདྲ་རེད།
མཐའ་གྲལ་བལྟས་ན་མཐའ་གྲལ་ཡག་གི
མཐའ་གྲལ་སྐར་ཚོགས་ཤར་འདྲ་རེད།
གོ་གྲལ་བལྟས་ན་གོ་གྲལ་ཡག་གི
གོ་གྲལ་གོ་རུ་འཕངས་འདྲ་རེད་ཟེར་རྒྱུ།
༢
ད་དེ་རིང་གི་ཨ་ཞང་ཚང་ར་གཉེན་ཚང་ཚང་གཉིས་ཀས།
ཤ་རུས་བུ་རྒྱུད་ལ་མོ་བཏབ་བེ།
དྲུག་ཅུའི་ལོ་རྒན་ལ་རྩིས་བརྒྱབ་བེ།
གཉེན་བྱས་ན་མཁྲེགས་ས་འཕྲོད་ས་ཡིན་ཞེས།
ལོ་བཏབ་ན་སྐྱེས་ས་འཁྲུངས་ས་ཡིན་ཞེས།
བོད་གཉེན་རབས་བརྒྱའི་ཉེ་བོ་ཡིན་ཞེས།
ལྷོ་ཁིས་ཁ་བརྒྱའི་ལབ་ཙེ་ཡིན་ཞེས།
དཀར་པོ་ཆོས་ཀྱི་དབུ་ཡག་ས་ཡིན་ཞེས།
སྨུག་པོ་གཉེན་གྱི་མཐའ་འཁྱོངས་ས་ཡིན་ཞེས།
གཉེན་ཨ་ལོང་གོར་རེ་ཡོད་ཅེས།
ཤགས་ལུ་གུ་བརྒྱུད་ལེ་ཡོད་ཅེས།
གཉེན་ཐོག་ག་གཉེན་བྱས།
ལྕགས་ཐོག་ག་རྣོ་བྱས།
དེ་རིང་གཟའ་སྐར་འཕྲོད་སྦྱོར་གྱི་ཉིན་མོ་འདིར།
ཤ་ཐུལ་གཉིས་ཀས་རི་བརྩིགས་གེ
ཇ་ཆང་གཉིས་ཀས་མཚོ་བསྐྱིལ་ལེ།
ཁྱིམ་འདིར་ཚོགས་ཁྲོམ་པ་གང་བོ།
ཕ་བཟང་བུ་ཚ་ཚིག་གིས་བསུ་གི
སྔོན་མོ་ཆང་གི་མཆོད་ཁས་བསུ་གི
འདོ་རིག་རྟ་བོའི་བང་གིས་བསུ་གི་ཟེར་རྒྱུ།
༣
ད་དེ་རིང་གི་གཉེན་སྟོན་འདི་ནི།
མ་ཡེ(གཞན་པ)གཉེན་དང་མི་འདྲ་ནོ།
ཁྲ་ཁྲ་རིག་རིག་བསྟན་ནས་མྱིག་འཕྲོག་ནི་མིན་ནོ།
ཞིམ་པོ་མངར་མོ་བྱིན་ནས་ཁ་བྲིད་ནི་མིན་ནོ།
སྟག་ཐིག་ལེ་ཅན་པོའི་རྗེས་ལ།
གཟིག་ཁྲ་ཐིག་ཅན་པོས་དེད་པའི་དཔེ་བཞིན།
དེ་རིང་གི་མག་པ་ར་བག་མ་གཉིས་ཀའི །
བྲིས་པའི་རི་མོའི་ནང་ལ།
འདོད་གི་ཐིག་ལེ་ཕབས་ནི་ཟེར་རྒྱུ།
༤
བརྒྱ་བཤད་ཚིག་གི་རྩ་བ།
སྟོང་དཀྲོགས་འོ་མའི་མར་ལོ།
རྒྱ་ཆེ་བའི་སྐུ་མགྲོན་རྣམ་པས།
སྐུ་རི་རྒྱལ་བཞིན་དུ་ལྷུན་ཆགས་སེ།
གསུང་སྦྲང་རྩི་བཞིན་དུ་མངར་ཆིལ་ལེར།
སྐུ་ལྗིད་པོ་ཡང་མོ་བྱོས།
ཐུགས་བྲེལ་མོ་དལ་མོ་བྱོས།
རྟ་རིན་ཞིག་རྩེད་རྒྱུ།
ལུག་རིན་ཞིག་དགོད་རྒྱུ།
འདིར་ཚོགས་ཁྲོམ་པའི་རེ་བ་ཡིན་ཟེར་རྒྱུ།