ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
 རྩོམ་ཡིག་ཀློག་པ།

ཟླ་བའི་ཕོ་ཉ་དོན་དང་ལྡན་པའི་འཕྲིན།

  རྩོམ་པ་པོ:སྐྱབས་རྗེ་འཇིགས་མེད་བློ་གྲོས་ཡོང་ཁུངས:ངེད་དྲ་བགཟིགས་གྲངས:1696ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2011/4/18 8:23:13ཚོགས་ཡར་སྤྲོད:admin

༄༅།། ཟླ་བའི་ཕོ་ཉ་དོན་དང་ལྡན་པའི་འཕྲིན་ཞེས་བྱ་བ།



༧སྐྱབས་རྗེ་འཇིགས་མེད་བློ་གྲོས་ནས།



འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།།

རི་ཡི་སྲས་མོས་གུས་པས་མཆོད་པས་ཡིད་ཀྱི་བརྟན་པ་ཉམས་གྱུར་ཅིང༌།།
འཇིགས་རུང་སྦྲུལ་གྱི་གདུ་བུའི་ཁུར་དག་མེ་ཏོག་ཕྲེང་བར་བརྗེས་གྱུར་པ།།
དབང་ཕྱུག་མྱོས་པའི་གར་གྱིས་རབ་རྩེན་རྐང་རྗེས་གསལ་བའི་རི་མོ་དག།
ལི་ཁྲིའི་ཐིག་ལེ་ལྟ་བུར་ངོམ་པའི་ཏི་སེ་གངས་ཀྱི་རི་བོ་ཡི།།

གཙུག་རྒྱན་དཀར་བོ་སྤྱི་བོར་བླངས་པས་བདེ་འབྱུང་རལ་བའི་ཟླ་ཚེས་ཀྱི།།
གྲགས་པ་རྣམ་པར་འཕྲོག་པའི་དཔལ་འཛིན་ཁ་བ་རི་བའི་སྨད་ཀྱི་ཆ།།
བདེ་མཆོག་ནོར་བུའི་ཕོ་བྲང་འོད་ལྡན་ལྷ་ཀླུས་མཆོད་པའི་དགེ་ལེགས་ཀྱིས།།
རྨ་ཡུལ་ཆུ་བོ་ཤིན་ཏུ་དགའ་སྐྱེད་མཐོང་སྨོན་ས་ཡི་ལྟེ་བ་ལས།།

རྫོགས་སངས་རྒྱས་ལ་མཆོག་ཏུ་གུས་ཤིང་ལེགས་ཉེས་རྣམ་པར་འབྱེད་པའི་བློ།།
སྤྲིན་གྱི་མེ་འོད་ལྟ་བུར་གསལ་བའི་སྐལ་བ་བཟང་བོའི་གཞོན་ནུ་ཞིག།
ལས་ཀྱི་ལྷག་མ་བདག་གིར་བླངས་ཏེ་ལྷོ་མཐའི་ཡུལ་གྲུ་གངས་ཅན་གྱི།།
དཔུང་བ་ཤིན་ཏུ་བརྟན་པོས་བསྐོ ར་བའི་རྡ་རམ་ས་ལ་ཞེས་བྱར་སླེབས།།

གང་ཚེ་མཛའ་བ་ཤིན་ཏུ་དམ་པོས་ཁྱུད་འཁོར་ལོ་ཡི་ཕྲེང་བ་དག།
སྐད་ཅིག་གཅིག་གིས་འདས་པར་བྱས་པའི་དགའ་མ་ཡིད་ཀྱི་འཁྲི་ཤིང་སྟེ།།
ཚེ་ཡི་ལྷག་མ་གང་ལ་གཏད་བྱས་ཡིད་རབ་འཛིན་པའི་སྡུག་གུ་མས།།
དུར་ཁྲོད་དག་ཏུ་ཁྱི་ཡིས་འདྲད་པའི་རོ་བཞིན་བོར་ནས་སོང་བར་གྱུར།།

བྲལ་བའི་གདུང་བ་དག་གིས་རྙིད་པའི་བཞིན་གྱི་པདྨོའི་མདངས་ཉམས་ཤ ིང༌།།
དྲི་ལྡན་བུང་བས་རོལ་བའི་སྐྲ་རྣམས་རུལ་བའི་རྩྭ་བཞིན་འཛིངས་གྱུར་པ།།
མཆི་མའི་དོག་པ་ཤིན་ཏུ་སྟུག་པོ་བར་མེད་ཆུ་ཡི་དྲ་བ་དག།
བྲང་གི་ངོས་ལ་བསྟར་བར་བྱས་པའི་སྙིང་རྗེའི་གནས་གྱུར་གཞོན་ནུ་དེ།།

མཚན་མོ་ཟླ་བའི་འོད་ལ་རབ་བརྟེན་ནགས་ཀྱི་ལྷ་བཞིན་རྐང་འཐུང་གི།
ཡལ་ག་རྣམས་ལ་གྲོགས་ཀྱི་བློ་ཡིས་སྨྲེ་སྔགས་མང་ཞིག་བཟླས་གྱུར་ཏེ།།
ལྗོན་པའི་རྩ་བར་རྒྱབ་ཀྱིས་རབ་བསྙེལ་ནམ་མཁའི་མཐོངས་སུ་གདོང་ཕྱོགས་པས།།
ཟླ་བ་ཤིན་ཏུ་ཉ་བར་གྱུར་བ་འཛུམ་དང་ལྡན་པ་མཐོང་བར་གྱུར།།

ཤིན་ཏུ་བསིལ་བའི་རེག་བྱ་འཇམ་པོས་ཆགས་ལྡན་སྤུ་ལོང་རྒྱས་བྱེད་ཅིང༌།།
མཛའ་གཅུགས་ཁ་ཡི་བུར་ཆང་འཐུང་བའི་ཡོ་ལང་དག་གི་སྐབས་ཕྱེ་བ།།
འོད་ལྡན་དེས་ཀྱང་དེ་ཡི་ཡིད་ནི་རབ་ཏུ་བསྲེགས་པར་བྱས་པ་ལྟའི།།
མྱ་ངན་ལྷག་པར་འཕེལ་བར་གྱུར་ནས་གདུང་བའི་ཅ་ཅོ་ཅི་ཡང་རྩོམ།།

ཟླ་བ་མཛེས་པ་ཁྱོད་ནི་གར་བཞུད་དལ་ཅིག་བདག་ལ་སྒུགས་དང་ཀྱེ།།
འདི་ནས་ལྷོ་རུ་རི་ཆུའི་ཕྲེང་བ་ཁྲག་ཁྲིག་རྣམ་པར་འདས་པ་ན།།
དྷི་ལི་ཞེས་བྱ་མཆོག་གི་གྲོང་ཁྱེར་དཔེ་མེད་བཀོད་པས་བརྒྱན་པ་རུ།།
ངང་མོ་གཅིག་པུར་འཁྱམས་པ་ལྟ་བུ་ཁྱོ་བྲལ་བདག་གི་དགའ་མ་ཡོད།།

དེ་ནི་མཆོག་ཏུ་གསལ་བའི་བཞིན་ལེགས་ཀུ་མུ་ད་ལྟར་ཡིད་འོང་ཞིང༌།།
ལྕུགས་ཕྲན་ཤིན་ཏུ་གསར་བ་ལྟ་བུའི་ཕྲ་ལྡེམ་དཀུ་ཡི་སྐབས་ཕྱེད་པ།།
དམར་སྣུམ་སྐྲ་ཡི་སིལ་བུ་དག་གིས་ཕྲག་གོང་ལེགས་པར་མཛེས་ལྡན་པས།།
སྐྱེ་བོའི་ཡིད་ཀྱི་བརྟན་པ་རྣམ་འཕྲོག་འཆི་མེད་གྲོང་གི་བུ་མོ་བཞིན།།

བརྩེ་ལྡན་མ་དེ་གང་གི་ཚེ་ན་བདག་གི་བྱམས་བརྩེས་འཚོ་གྱུར་བ།།
དེ་ཚེ་མཉན་འོས་གཏམ་བཟང་དག་གིས་ཤིན་ཏུ་མགུ་བར་བྱས་གྱུར་ཀྱང༌།།
སྐལ་དམན་དེ་ཡིས་རང་གི་ཉེས་པས་དམ་ པའི་སྐྱེ་བོ་སྤངས་གྱུར་ཏེ།།
གདོལ་བ་ཐ་ཤལ་དག་གི་བྲན་གཡོག་བག་ཆགས་ངན་པས་ལྷུར་བླངས་གྱུར།།

ཀ་ཡེ་རི་དྭགས་མཚན་མ་ལྡན་ཁྱོད་ཁོ་བོ་ཅག་ལ་བརྩེ་བའི་བློས།།
རེ་ཞིག་ལྷོ་ཡི་ཕྱོགས་སུ་སྐྱོད་ཅིག་ཡིད་འཛིན་མ་དེར་བལྟ་བར་གྱིས།།
འདི་ལྟར་བདག་ནི་དབུལ་ཞིང་ཕོངས་པས་ནོར་གཞན་བདག་ལ་བདོག་མིན་ཡང༌།།
བརྩེ་ཞིང་ཤིན་ཏུ་ཕངས་པར་གྱུར་པས་ལེགས་པའི་གཏམ་འགའ་བསྐུར་བར་ བགྱི།།

ཁྱོད་ཀྱིས་འདི་དག་སྨྲ་བར་བྱོས་ཤིག་གནས་འདི་ན་ནི་ཁོ་བོ་ཡིས།།
ལྗོན་ཤིང་མེ་ཏོག་དག་ལ་གཏམ་བྱེད་འདི་ལྟར་མྱ་ངན་གྱུར་ཅེས་སྨྲོས།།
རེ་བའི་ལྷག་མ་ཕྱུང་བའི་ཚིག་དག་ཅི་ཞིག་ལྟར་ལྟས་མཉན་གྱུར་ན།།
དེ་ཡིས་ཁོ་བོའི་བསམ་པ་རྫོགས་སོ་རྒྱུ་སྐར་རྣམས་ཀྱི་རྒྱལ་པོ་ཀྱེ།།

ད་ནི་ཡིད་ལ་ལེགས་པར་ཟུངས་ཤིག་ཁོ་བོའི་གཏམ་ནི་འདི་དག་སྟེ།།
སྒེག་འཆང་མ་ཁྱོད་ དལ་འབྱོར་ལུས་ལ་དོན་ཆེན་ཉིད་དུ་རྟོགས་པར་གྱིས།།
འདི་ནི་བརྒྱ་ལམ་ཙམ་ན་རྙེད་ཅིང་དེ་ཡང་མྱུར་དུ་འཇིག་འགྱུར་གྱི།།
དགེ་བའི་བཤེས་ཀྱིས་ཟིན་པའི་ལུས་ལ་ངེས་པར་སྙིང་པོ་བླང་བར་བྱ།།

ཁྲོ་གཉེར་རྣམ་སྤངས་འཛུམ་པའི་བཞིན་གྱིས་སྐྱེ་བོའི་མིག་ནི་མགུ་བར་བྱོས།།
གཡོ་རྒྱུའི་སེམས་ནི་རབ་ཏུ་སྤངས་བྱ་གཏམ་དག་གསོང་པོར་སྨྲ་བར་གྱིས།།
བཀུར་འོས་རྣམས་ལ་ལེགས་པར ་བཀུར་ཅིང་དམན་ལ་ཤིན་ཏུ་བརྩེ་ལྡན་པས།།
དོན་ཡོད་གཏམ་གྱིས་དབུགས་དབྱུང་བྱོས་ཤིག་དེ་དག་མཆོག་ཏུ་དགའ་བར་འགྱུར།།

གང་ཚེ་ཁྱོད་ཀྱིས་སེམས་ཅན་དག་མཐོང་དེ་ཚེ་རབ་ཏུ་གྲིམ་པའི་བློས།།
རིང་མོ་ཞིག་ནས་བདག་གི་མར་གྱུར་འདི་དག་ཅི་ཡིས་འདི་ལྟར་དུ།།
ཉོན་མོངས་གྱུར་ཅེས་དཔྱད་པར་བྱོས་ཤིག་སྔོན་ཞིག་ཁྱོད་ལ་བརྩེ་བའི་རྒྱུས།།
སྡིག་པའི་ལས་རབ་བསགས་པའི་འབྲས་བུ ར་ཁྱོད་ཀྱིས་ཡང་དག་རྟོགས་པར་འགྱུར།།

འོ་ན་ཁྱོད་ནི་ཅི་ཡི་ཕྱིར་ན་འདི་ལྟར་བཏང་སྙོམས་ལས་ཀྱིས་འཚོ།།
ད་ནི་དེ་དག་དྲིན་ལ་བསམ་བྱ་བྱས་ལའང་ལན་དུ་ལྡོན་པར་བྱ།།
དེ་ཕྱིར་ཐུབ་པའི་བཀའ་ལུང་དཔང་བྱས་བྱམས་པ་དག་དང་སྙིང་རྗེ་ཡི།།
གོ་ཆ་ཡང་དག་གྱོན་པར་བྱོས་ཤིག་དེ་ཡིས་ཁྱོད་ནི་དམ་པར་འགྱུར།།

འདི་ལྟར་རང་ཉིད་འཕགས་པར་མ་གྱུར་དེ་སྲིད་གཞན་འགའ་འཕགས་པ་ཡི།།
ལམ་ལ་དཀྲི་བའི་ནུས་པ་ལྡན་མིན་དེ་ཕྱིར་ཁྱོད་ཀྱིས་འདི་སྙམ་དུ།།
ཀྱེ་མའོ་བདག་གིས་འགྲོ་བ་འདི་ཀུན་སྲིད་པའི་འདམ་ལས་དབྱུང་བའི་ཕྱིར།།
དཔའ་བོ་དག་གི་སྤྱོད་པའི་ཆེ་བ་ངས་ཀྱང་སྤྱད་སྙམ་སྤོབས་པ་སྐྱེད།།

ཁྱོད་ཀྱིས་དང་བོར་བྱང་ཆུབ་མཆོག་ཏུ་སེམས་ནི་གཡོ་མེད་བརྟན་པར་གྱིས།།
དེ་ཡིས་སྤྱོད་ལ་ཞུགས་པའི་ཚེ་ན་སྤྲོ་བ་ལྷག་པར་འཕེལ་བར་འགྱུར།།
དེ་ཚེ་སྤྱོད་ པའི་གནས་རྣམས་ཤེས་བྱ་དམན་པའི་ལམ་དུ་གོལ་གྱུར་ན།།
ཁྱོད་ལ་ལྕི་བའི་ལྟུང་བར་འགྱུར་བས་སྡེ་སྣོད་རྣམས་ལ་མཉན་པར་གྱིས།།

ཐོག་མར་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ཞིབ་མོའི་བློ་ཡིས་བརྟག་པར་གྱིས།།
སུ་ཞིག་བྱམས་ལྡན་སྤོབས་པ་དགེ་བས་ཤེས་རབ་ཕ་རོལ་ཕྱིན་པའི་ཆོས།།
ཁྱོད་ལ་བརྩེ་བས་འདོམ་པར་བྱེད་པ་དེར་ནི་ཁྱོད་ཀྱི་སྲོག་གིས་ཀྱང༌།།
ཐེ་ཚོམ་མེད་པར་བཀུར་བར་ བྱོས་ཤིག་དེ་ལས་དཀར་བོའི་ཆོས་ཀུན་འཐོབ།།

དང་པོར་བྱང་ཆུབ་མཆོག་གི་སེམས་ནི་དགེ་བའི་བཤེས་ལས་བསྐྱེད་པར་གྱིས།།
དེས་ནི་ངོ་ཚ་ཤེས་པར་འགྱུར་ཞིང་ཁྲེལ་ཡོད་དག་གིས་སེམས་བསྲུང་འགྱུར།།
རྒྱལ་དང་དེ་ཡི་སྲས་རྣམས་དག་ཀྱང་ཡིད་ལ་བྱེད་པའི་སེམས་བསྐྱེད་པ།།
ཡང་ནས་ཡང་དུ་བསྐྱར་ཏེ་བྱོས་ཤིག་དེ་ཡིས་ཁྱོད་ཀྱི་བློ་བརྟན་འགྱུར།།

དམ་བཅས་པ་ཡི་འབྲས་བུ་སྨིན་ཅི ང་རྒྱལ་རྣམས་མྱུར་ཏུ་མཐོང་བ་དང༌།།
བསོད་ནམས་ཕུན་སུམ་ཚོགས་པའི་སྟོབས་བསྐྱེད་སྐྱེ་བ་གཞན་དུའང་བྱང་ཆུབ་སེམས།།
སྐྱེས་ཙམ་ཉིད་ནས་རྒྱ་ཆེན་རྙེད་ཕྱིར་སྤྱོད་པའི་གནས་ལ་སློབ་བྱ་སྟེ།།
རེ་ཞིག་ཁྱོད་ཀྱིས་ཐབས་ཀྱི་ཆ་རྣམས་ངེས་པར་ལག་ལེན་ཉིད་དུ་བྱོས།།

ལོངས་སྤྱོད་རྣམས་ནི་ཤིན་ཏུ་མི་བརྟན་བཏང་བས་བསོད་ནམས་ཆེར་རྫོགས་ཤིང༌།།
བཀྲེན་པ་རྣམས་ཀྱི་རེ་བ་སྐོ ང་བ་ཐུབ་པའི་སྲས་ཀྱི་སྤྱོད་པ་སྟེ།།
ན་ཚོད་དར་ལ་བབ་པ་དག་གིས་ཅི་ཡང་བསྒྲུབ་ནུས་དེ་ལྟའི་ཕྱིར།།
ཁྱོད་ཀྱིས་གང་ཞིག་རྙེད་པའི་དཔལ་དག་ཕོངས་པ་རྣམས་ལ་བསྟབ་པར་གྱིས།།

གང་ཚེ་ཁྱོད་ཀྱིས་ཟབ་མོའི་ཕྱོགས་དང་ཁྱད་པར་ནམ་མཁའི་སྙིང་བོ་ཡི།།
མདོ་ལས་བྱུང་བའི་ཚུལ་ཁྲིམས་བསྲུང་བྱ་དེ་ལས་གྲོང་ཁྱེར་འཇོམས་པ་སོགས།།
མ་བསྡམས་ན་ཡང་ཁྱོད་ལ་འབྱུང་མིན་འོན་ཀྱང་སྡོ མ་པའི་བློ་ལྡན་ན།།
དེ་དག་ལས་ཀྱང་སྡོམ་པའི་བསོད་ནམས་རྒྱ་ཆེར་རབ་ཏུ་འབྱུང་བར་འགྱུར།།

ཐབས་ལ་མཁས་པའི་མདོ་ཡི་ལུགས་དང་ཐོགས་མེད་དགེ་བསྙེན་ཟླ་བ་ཡི།།
གཞུང་ལས་བྱུང་བའི་རྩ་ལྟུང་རྣམས་ལ་རབ་ཏུ་བསྒྲིམ་ནས་བརྟག་བྱ་སྟེ།།
འདི་དག་ངེས་པར་འབྱུང་བར་སླ་ཞིང་གལ་ཏེ་འདི་དག་བསྡམ་གྱུར་ན།།
ཟབ་མོའི་ཕྱོགས་ཀྱི་ལྟུང་བ་རྣམས་ཀྱང་ཕལ་ཆེར་ཡང་དག་ཁེགས་པར་འགྱུར།།< br>
གནོད་པར་བྱེད་རྣམས་དམྱལ་བའི་མེ་ལྟར་རང་གི་ལས་ཀྱིས་བསྐྱེད་པ་སྟེ།།
དེ་ལ་སླར་ཡང་ཁྲོ་བར་བྱས་པས་ཁྱོད་ཀྱི་དགེ་བའི་ཚོགས་འཇོམས་ཤིང༌།།
བཟོད་པའི་ཡུལ་ཡང་གཞན་ནས་རྙེད་མིན་དེ་ཕྱིར་ཁྱོད་ཀྱིས་དགྲ་བོ་ལ།།
མཉེས་གཤིན་བཟང་བོའི་སེམས་ཀྱིས་བཀུར་ཅིག་ཁྱོད་ཀྱི་དོན་ཆེན་མྱུར་དུ་འགྲུབ།།

འདི་ལྟར་ལེ་ལོ་རྣམ་པར་བརྟེན་པས་མྱ་ངན་འདས་པའི་ལམ་སྟོར་ཞིང༌།།
རྙེད་པར་དཀའ་བ་མི་ཡི་ཚེ་ཡང་དོན་མེད་ཉིད་དུ་ཟད་འགྱུར་བས།།
ཁྱོད་ཀྱིས་ཐེག་པ་ཆེན་པོའི་ཆོས་ཚོལ་དོན་ཡང་རབ་ཏུ་སེམས་བྱེད་ཅིང༌།།
བློ་ཡི་ནུས་པའི་སྒོམ་པ་དག་ལ་དགའ་བའི་ཡིད་ཀྱིས་ཞུགས་པར་བྱོས།།

གང་ཚེ་རྣམ་པར་གཡེང་བའི་ཡིད་ལྡན་དེ་ཚེ་ཉོན་མོངས་སྣ་ཚོགས་ཀྱིས།།
སྒོམ་པའི་དོན་རྣམས་འཕྲོག་པར་འགྱུར་བས་དང་པོར་ཏིང་ངེ་འཛིན་སྒྲུབ་པ།།
ངེས་པར་བློ་ལྡན་རྣམས ་ཀྱི་ལམ་སྟེ་དེ་ཕྱིར་ཁྱོད་ཀྱིས་བསམ་གཏན་གྱི།
མན་ངག་ཟབ་མོ་ཉམས་སུ་ལོངས་ཤིག་ཁྱོད་ལ་ཤིན་ཏུ་སྦྱང་པ་འཐོབ།།

ཇི་ལྟར་ཁྱོད་ཀྱིས་སྤྱིན་ལ་སོགས་པ་རྒྱ་ཆེར་རབ་ཏུ་བསྒྲུབ་བྱས་ཀྱང༌།།
བདག་ཏུ་ལྟ་བ་སུན་འབྱིན་ནུས་མིན་ཇི་སྲིད་བདག་དང་བདག་གིར་བལྟ།།
དེ་སྲིད་སླར་ཡང་ཉོན་མོངས་འཕེལ་བས་ཁྱོད་ཀྱིས་རྣམ་དཔྱོད་སྟོབས་བསྐྱེད་དེ།།
ཤེས་རབ་ཟབ་མོ་བསྒོམ་པར་བྱོས་ ཤིག་འཇིགས་ཚོགས་ལྟ་བའི་བློ་རྣམས་ཟད།།

ཐ་ན་ལྕགས་ཀྱི་དོང་ཙེ་གཅིག་ཙམ་ཁྱོད་ཀྱིས་གཞན་ལ་སྦྱིན་གྱུར་ཀྱང༌།།
འདི་ལྟར་བདག་ཀྱང་གདོད་ནས་མ་སྐྱེས་དོང་ཙེའང་ངོ་བོ་ཉིད་ཡོད་མིན།།
སུ་ལ་སྦྱིན་པར་བྱ་བའི་ཡུལ་ཡང་དམིགས་སུ་ཡོད་པ་མ་ཡིན་ཞེས།།
ཡིད་ལ་རབ་ཏུ་གོམས་པར་བྱོས་དང་རིམ་གྱིས་ཕ་རོལ་ཕྱིན་དོན་མཐོང༌།།

དངོས་ཀུན་བདག་ལས་སྐྱེ་བར་རིགས་མིན་གཞན་ལས་གཞན་ སྐྱེ་ག་ལ་ཞིག།
གང་ཞིག་ཡོད་པ་སྐྱེ་བ་མ་ཡིན་མེད་པའང་གང་གིས་སྐྱེད་པར་ནུས།།
ཆོས་ཀུན་གང་དུ་སྐྱེ་བ་མེད་ན་གནས་དང་འགགས་པ་གང་ལ་གདགས།།
འདི་ལྟར་རབ་ཏུ་སེམས་པར་བྱོས་ཤིག་མྱུར་དུ་ཆོས་ཀྱི་དབྱིངས་ལ་རེག།

གང་ཚེ་ཁྱོད་ནི་ཚོགས་ཀྱི་ལམ་ལ་དང་པོར་རབ་ཏུ་ཞུགས་པའི་ཚེ།།
ལུས་ཚོར་སེམས་དང་ཆོས་ཀྱི་གནས་ལ་དྲན་པ་ཉེ་བར་བཞག་པར་བྱོས།།
འདི་དག་སྒྱུ་མའི་རྟ་གླང་དག་གམ་ཇི་ལྟར་རྨིག་སྒྱུའི་ཆུ་བོ་བཞིན།།
མ་བརྟག་ཙམ་དུ་སྣང་བར་རུང་གིས་ངོ་ བོའི་གྲུབ་པ་མེད་ཤེས་ཀྱིས།།
 
དེ་ལས་འདས་ནས་ཚོགས་ལམ་འབྲིང་བོར་ཡང་དག་སྤོང་པ་བཞི་བསྟེན་ཅིག།
འདི་དག་བརྩོན་འགྲུས་ངོ་བོ་ཉིད་ཕྱིར་ཁྱོད་ཀྱི་དགེ་ཚོགས་མྱུར་དུ་འཕེལ།།
སྦྱོར་བའི་ལམ་ལ་ཉེ་བར་གྱུར་ཚེ་འདུན་བརྩོན་སེམས་དང་དཔྱོད་པ་ཡི།།
རྫུ་འཕྲུལ་རྐང་བའི་སྟོབས་ལ་བསྟེན་བྱོས་དེ་ཡིས་ཚོགས་ཀྱི་ལམ་ཀུན་བགྲོད།།

དེ་ནས་དད་བརྩོན་དྲན་པ་དག་དང་ཏིང་ངེ་ འཛིན་དང་ཤེས་རབ་ཀྱི།།
དབང་བོ་ཡང་དག་བསྟེན་པར་བྱོས་ཤིག་འདི་དག་གིས་ནི་སྦྱོར་ལམ་བརྒལ།།
གང་ཚེ་རང་གི་མི་མཐུན་ཕྱོགས་འཇོམས་སྟོབས་ཀྱི་གྲངས་སུ་ནམ་འགྲོ་བ།།
དེ་ཚེ་ཁྱོད་ཀྱིས་ཆོས་ཉིད་བདེན་མཐོང་རྫོགས་སངས་རྒྱས་ཀྱི་ཡེ་ཤེས་རྙེད།།

སྐབས་སུ་ཕྱོགས་བཅུའི་རྒྱལ་བ་མཆོད་ཅིང་ཆོས་འཛིན་ལུས་ནི་ཀུན་སྟོན་ཅིང༌།།
ཞིང་རྣམས་རབ་བགྲོད་ཕ་རོལ་ཕྱིན་རྫོགས་སེམས་ ཅན་རྣམས་ནི་ཡོངས་སྨིན་བྱེད།།
ཞིང་སྦྱང་བྱང་སེམས་རྣམས་དང་སྤྱོད་མཐུན་སྤྱོད་ཀུན་དོན་ཡོད་ལྡན་གྱུར་ཅིང༌།།
ཀུན་མཁྱེན་འགྲུབ་པའི་སྨོན་ལམ་འདི་བཅུ་དམ་བཅའ་བརྟན་པོས་དྲན་པར་བྱ།།

གཞན་ཡང་ཁྱོད་ཀྱིས་ཐེག་མཆོག་ལམ་བཟང་གདོད་མི་ཟ་བར་བསྒྲུབ་པ་ཡི།།
གོ་ཆ་རྣམ་པར་འཕེལ་བར་བྱ་ཕྱིར་བྱང་ཆུབ་སེམས་དཔའི་སྐྱེས་རབས་དག།
དྭངས་པའི་ཡིད་ཀྱིས་རབ་ཏུ་ཀློག་ཤིག་འདི ་དག་གིས་ནི་ཁྱོད་ཀྱི་བློ།།
རི་རྒྱལ་ལྟ་བུར་ཤིན་ཏུ་བརྟན་ཅིང་རང་གི་ལམ་ལ་དགའ་བར་འགྱུར།།

ཁྱོད་ཀྱི་སྒྲུབ་པ་རྒྱུན་མི་ཆད་ཕྱིར་རྒྱུན་གྱི་སྤྱོད་ལམ་ཅི་བྱེད་པ།།
དེ་དག་བྱང་ཆུབ་ཕྱོགས་དང་མཐུན་པའི་སྨོན་ལམ་དག་གིས་ཟིན་བྱ་སྟེ།།
སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་ལས་སྟོན་པ་མཆོག་དེས་རབ་གསུངས་པ།།
བློ་ཆེན་རྣམས་ཀྱིས་ཤིན་ཏུ་བརྟེན་འོས་དེ་ཕྱིར་ནན་ཏན་སྐྱེད་པར་གྱིས།།

ཇི་སྲིད་ཁྱོད་ཀྱི་སྙིང་རྗེའི་བསམ་པ་མཆོག་ཏུ་རྣམ་པར་དག་གྱུར་པ།།
དེ་སྲིད་སྡིག་པའི་གྲོགས་དག་སྤངས་བྱ་གྲོགས་ངན་དག་ལས་བྱུང་བ་ནི།།
དམ་པས་སྨད་པའི་སྤྱོད་པ་དག་སྟེ་འདིས་ནི་ཁྱོད་ཀྱི་དགེ་འཕྲོག་ཅིང༌།།
གཅོང་རོང་ངན་འགྲོའི་ཆུ་བོ་རྣམས་སུ་བཟོད་དཀའི་གདུང་བ་བསྐྱེད་པར་འགྱུར།།

གང་དུ་ཁྱོད་ལ་གདུང་བ་དག་བྱུང་དེ་ཚེ་རང་གི་ལས་ཀྱི་རྒྱུས།།
བསྐྱེད་པའི་འབྲས་བུ་ཉིད་དུ་སོམས་ཤིག་འདི་ཡིས་སེམས་ནི་ཞུམ་མི་བྱ།།
གཞན་འགའ་འདི་ལྟའི་སྡུག་བསྔལ་གྱུར་བ་དེ་ཀུན་བདག་གིས་ལེན་བགྱི་ཞེས།།
རྒྱལ་སྲས་དཔའ་བོའི་བློ་རྣམས་སྒྲུབས་ཤིག་དེ་ཡིས་སྔུག་བསྔལ་ཟིལ་གྱིས་གནོན།།

གང་ཚེ་ཤིན་ཏུ་འབྱོར་བར་གྱུར་ཀྱང་དེ་ཚེ་ཁྱོད་ཀྱིས་འདི་སྙམ་དུ།།
འདུས་བྱས་རྣམས་ནི་སྙིང་བོ་མེད་པ་ཆུ་ཡི་ལྦུ་བ་ལྟ་བུ་སྟེ།།
ངེས་པར་འགྱུར་བའི་སྡུག་བསྔལ་ཉིད་ཕྱིར་ཅི་ཞིག་གིས་ནི་ང་རྒྱལ་ཞེས།།
སེམས་ནི་ལྷག་པར་དུལ་བར་བྱོས་ཤིག་ཁྱོད་ལ་མཁས་པའི་བསྔགས་པར་འགྱུར།།

ཤིན་ཏུ་བསྒྲིམ་པས་དུབ་པར་གྱུར་པ་དེ་ཚེ་བློ་ནི་ཡངས་པར་གྱིས།།
ལྗོན་ཤིང་མེ་ཏོག་རྒྱས་པའི་དགའ་ཚལ་དྭངས་བསིལ་ཆུ་བོས་བརྒྱན་པ་དག།
ལྷག་པའི་བསམ་པའི་རླན་དང་བཅས་ཏེ་ཁྱོད་ཀྱིས་ལེགས་པར་བསྟེན་པར་གྱིས།།
ཇི་ལྟར་སེམས ་ནི་དྭངས་པར་གྱུར་པ་དེ་ལྟར་དགེ་བའི་ལུས་སྟོབས་རྒྱས།།

ཧ་ཅང་གཡེང་བས་ཆགས་པར་གྱུར་ན་དེ་ཚེ་སླར་ཡང་འདུས་བྱས་ཀྱི།།
ངོ་བོ་ཉིད་ལ་རབ་ཏུ་བརྟག་བྱ་འདི་ལྟར་འཇིག་དང་བཅས་པའི་ཆོས།།
ཅི་ཞིག་ལ་ནི་ཡིད་རྟོན་རུང་ཞེས་འཕགས་པའི་ཆོས་ལ་འཇུག་བགྱི་སྟེ།།
དེ་ལྟར་རྒྱུན་དུ་གོམས་པར་བྱས་པས་སྲིད་ལ་དགའ་བའི་བློ་རྣམས་ལྡོག།

སྤྱོད་པའི་སྡོམ་དུ་བླ་མ་བསྟེན་ཞིང་གསུང་རབ་རྣམས་ལ་མཉན་པར་བྱ།།
ལྷག་པའི་བསམ་པ་བརྟན་པར་བྱ་ཞིང་དག་པའི་སྤྱོད་ལ་བསླབ་པར་བྱ།།
སྡིག་པའི་གྲོགས་དག་སྤངས་བར་བྱ་ཞིང་སྨོན་ལམ་དག་གིས་མཚམས་སྦྱར་བྱ།།
འདི་དག་གིས་ནི་ཀུན་དུ་བཟང་བོའི་སྤྱོད་པ་རྒྱ་མཚོ་རྫོགས་པར་འགྱུར།།

ཀྱི་ཧུད་སྒེག་པའི་འགྲོས་ལྡན་མ་ཁྱོད་བསོད་ནམས་དམན་པར་གྱུར་པའི་རྒྱུས།།
ཐུབ་པའི་གསུང་ལས་སྐྱེས་པའི་གཞོན་ནུ་རྣམ་མང་སྐྱེ་བོས་རབ་བརྟེན་པ།།
དམ་པའི་རྟགས་ཀྱིས་ལེགས་པར་བརྒྱན་གྱུར་འཆར་ཀའི་ཟླ་བ་ལྟ་བུ་ཞིག།
ཡལ་བར་བོར་མོད་དེ་ཡི་བྱམས་བརྩེས་ད་དུང་ཁྱོད་ལུས་རྣམ་པར་བཅིངས།།

ཁྱོད་ལ་བརྩེ་བས་སྦྲན་པ་འདི་དག་སྡེ་སྣོད་དག་ལས་རབ་བཤད་ཅིང༌།།
མཁས་པའི་བཤེས་གཉེན་ལས་ཀྱང་མང་ཐོས་རིགས་པ་ཟབ་མོས་གྲུབ་པ་ཉིད།།
དེ་ལྟའི་དོན་ཡོད་ཚིགས་སུ་བཅད་པ་ཤི་རི་ཤ་ཡི་མེ་ཏོག་གི།
ཕྲེང་བ་འདི་ཀོ་བརྩེ་བས་བསྐུར་གྱིས་མཆོག་ཏུ་དགའ་བས་བླང་བར་བྱོས།།

ཁོ་བོས་མཆོག་གི་སྤྱོད་པའི་གནས་ལ་བསྐལ་པ་མང་པོར་སྤྱད་གྱུར་པ།།
དེ་ཚེ་ཁྱོད་དང་འགྲོགས་པར་འགྱུར་ཞིང་ཁྱོད་ལ་ཕན་པར་ཤོག་ཅིག་ཅེས།།
བདེན་པའི་ཚིག་གིས་སྨོན་ལམ་བྱ་ཡི་ཁྱོད་ནི་རབ་ཏུ་དགའ་བར་གྱིས།།
འདི་ཡི་འབྲས་བུ་ངེས་པར་འགྲུབ་འགྱུར་བར་མ་དོ་རུ་ཆུད་མི་ཟ།།

ཉེས་པར་བྱས་ཀུན་ཁྱོད་ཀྱིས་ཉེས་མིན་ཁྱོད་ནི་རྨོངས་པས་དབང་དུ་བྱས།།
ཁོ་བོས་འདི་ལྟར་རྣམ་པར་དཔྱད་པས་ཁྱོད་ལ་ལྷག་པར་བརྩེ་བར་གྱུར།།
གང་ཚེ་ཁྱོད་ལ་ཕན་པའི་ཆ་ཙམ་ངེས་པར་འགྲུབ་པར་འགྱུར་མཐོང་ན།།
མིག་ཀྱང་ཁྱོད་ཀྱི་ཆེད་དུ་དབྱུང་གི་འདི་ལ་ཁྱོད་ནི་ཡིད་ཆེས་བྱོས།།

ཀ་ཡེ་ཟླ་བ་ཁྱོད་ཀྱི་བྱ་བ་འདི་ནི་ངེས་པར་འགྲུབ་པར་གྱིས།།
སྐལ་ངན་མ་དེ་གདུང་བ་དང་བཅས་གང་དུ་འདུག་པར་གྱུར་པ་ཡི།།
ཕྱོ གས་དེར་སོང་ལ་འདི་དག་སྨྲོས་ཤིག་ཁོ་བོའི་བསམ་པ་དོན་ཡོད་ཅིང༌།།
ཁྱོད་ཀྱང་སྐྱེ་བོ་དབུགས་དབྱུང་ཉིད་ཕྱིར་གྲགས་པ་དོན་དང་ལྡན་པར་འགྱུར།།


·རྩོམ་ཡིག་གོང་མ:གླུ་དབྱངས། ཀ་ཁའི་སྙན་གླུ།
·རྩོམ་ཡིག་འོག་མ:རྒན་ཚུལ་ཁྲིམས་བློ་གྲོས་ཀྱི་ཆོས་ཁྲིད།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
·ཕྱིར་མིག་ཐེངས་གཅིག 2012/10/28 22:17:20
·གངས་རིན་པོ་ཆེ་ལ་བསྟོད་གླུ་ཞི་བསིལ་ཟླ་བའི་འོད་ཟེར་། 2012/3/14 18:08:25
·གངས་རིའི་བུ་མོ་བདེ་གཡང་དྲན་གླུ། 2012/2/22 22:11:52
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 6:05:20 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 18:18:45 [来自: 112.5.248.229]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 18:18:18 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 40 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།23.44MS