དཔྱིད་ཀ།
—ཁམས་ཡུལ་ཤུལ་གྱི་ཕུ་ནུ་མིང་སྲིང་རྣམས་ལ་ཕུལ་བའི་སྙན་ངག་གསུམ་པ།
བྱ་གཞུང་དབྱངས་བྷ།
དཔྱིད་ཀ་སླེབས་སོང་ངམ སྙིང་ཉེ
རི་སྐྱེས་མེ་ཏོག་སྐར་མ་བཞིན་བཞད་བྱུང་ངམ
ཨར་འདམ་གྱི་སྙིགས་རོ་དང་མི་ཕྱུགས་ཀྱི་བེམ་པོ་དག་གཙང་ཕྱགས་བྱས་རྗེས
ས་གཞིས ཅི་ཡང་མ་བྱུང་བ་ལྟར་དགོད་འཛུམ་ལྷུག་གེར་གྲོལ་འདུག་གམ
ནམ་མཁས ཅི་ཡང་མ་བྱུང་བ་ལྟར་ཁ་ཚུབ་ཡངས་པོར་ཕྱེ་འདུག་གམ
བྱིས་པའི་དུས་སྟོན་གྱི་ཐོ་རངས་འདིར གནམ་རྒན་མ་ངུ་བཞིན་འདུག
ཆུ་ཐིགས་རྡོག་པོ་རེ་རེ ལྷ་སའི་རྡོ་བ་ལེབ་མོའི་ངོས་ནས་མངོན་ཆུང་གིས་ཟགས་ཀྱི་འདུག
བྱིས་པ་ཚོ ངའི་བྱིས་པ་ཚོའི་རྨི་ལམ་དུ སྔ་རྒྱུན་ལྟར་བག་ལེབ་ཕྱེད་ཀ་དང
དཔེ་དེབ་ཧྲལ་ཧྲུལ་རུམ་ལ་བཅུག་ནས་སློབ་གྲྭར་འགྲོ་ཚུལ་རྨིས་ཀྱི་འདུག་གམ
རྨི་ལམ་གྱི་ཚི་གུ་མཐའ་དག་རླུང་བུས་བྲུས་རྗེས ཁོ་ཚོ་འཁྱག་གིན་མེད་དམ
འཁྲུལ་སྣང་ཁྲོད་དུ ཁེར་ཧྲེང་ངེར་ནང་ལ་ལོག་གིན་མེད་དམ
ཉིན་ཞག་ཞེ་དགུའི་རིང་གི་ཁ་བ་བུ་ཡུག རྙིང་མི་སྲིད་པའི་ཁ་བ་བུ་ཡུག་ཁྲོད་དུ
ངས་ཁྱེད་སེམས་ཀྱི་འཁྱགས་རི་རེངས་པོ་དེ་མཐོང་བྱུང
ཡིན་ནའང སྙིང་ཉེ དཔྱིད་ཀ་དཔྱིད་ཀ་ཟེར་དུས
ཁྱེད་ཀྱིས་ཐག་རིང་ཐག་རིང་ལ་ཕྱིན་ཚར་བའི དྲུང་ན་ཡོད་ཡོད་འདྲ་བའི
དྲོད་འཇམ་དེ་ཚོར་ཐུབ་ཀྱི་འདུག་གམ
ཁྱེད་དང་ངའི དགའ་སྐྱོ་དང་བདེ་སྡུག དགོད་སྒྲ་དང་མིག་ཆུ
ཚེ་སྲོག་གི་བ་སྤུ་རེ་རེ་དང་སྦྲེལ་མྱོང་བའི་ངོ་གདོང་དེ་དག
ངོ་གདོང་སྨུག་པོ་དེ་དག སེམས་ཀྱི་གས་སྲུབས་ནས་སྐར་མ་བཞིན་བཞད་བྱུང་ངམ
ད་ནི སྨྲ་ལྕེ་དཀར་ནག་གི་ཟློས་གར་དང་སྐྱི་པགས་ཕྱི་ནང་གི་སྟངས་སྟབས་དག
དཔྱིད་ཀའི་འཇམ་རླུང་གིས་ག་ལེར་འཁྱེར་ཡོད་ཚོད་ཡིན
ཐག་རིང་ནས་བསྐུར་བའི་མིག་ཆུ་ཟམ་ཟིམ་དག་ཀྱང་གཞི་ནས་སྐམ་ཡོད་ཚོད་ཡིན
ད་ནི ཁྱེད་ཀྱིས་ཁྲག་གིས་གཤེར་བའི་དྲན་ཤེས་ཀྱི་རི་རབ་དང
ཁོང་དུ་བསྐྱིལ་བའི་མཆི་མའི་རྒྱ་མཚོ་དེ ཁུ་སིམ་མེར ལྷིང་འཇགས་སེར
ཐང་སྟོང་དུ རླུང་ཁ་ནས་ག་ལེར་བྱོ་ཆོག་ཚོད་ཡིན
སྙིང་ཉེ དཔྱིད་ཀ་བསླེབས་བྱུང
མེ་ཏོག་གི་འཛུམ་ཆུང་ལ་ཤ་དྲོད་མེད་ནའང
གནམ་རྒན་མའི་མིག་ཆུ་ལ་ཡིད་རྟོན་མེད་ནའང
སེམས་ཀྱི་སྒོ་ཟྭ་གྲོལ་དང དཔྱིད་ཀ་བསླེབས་བྱུང
༢༠༡༠ ༦ ༡ ཉིན་གྱི་ཐོ་རངས་ལ་ལྷ་ས་ནས།