ཚངས་དབྱངས་པའི་གཟན་གྱི་སྣེ་མོ་ལ་ཐོགས་པའི་གླིང་བུ་དེ
འབུ་སྦྲང་ཞིག་ཡིན་ན་འཕུར་ཚར་ཞིང
ཨ་རག་ཅིག་ཡིན་ན་བཏུང་ཟིན་མོད
འོན་ཀྱང་རྩིག་པ་དང་རྩིག་ལྡེབས་བརྟོལ་ནས་འོང་བའི་དུས་ཚོད་ཀྱིས
མེ་ཏོག་ཅིག་གི་སྙིང་ལ་གཙགས་ཀྱིན་འདུག
བོང་བུ་ཞིག་ལ་བཀལ་བའི་དབྱར་ལྗོངས་ཧྲིལ་བོའི་ངོ་གདོང་ན
གནས་སྐོར་བ་ཚངས་དབྱངས་རྒྱ་མཚོ
ཆུང་འདྲིས་སུ་ཞིག་གི་སྐྲ་གསེབ་ལ་འཛེར་བའི་ལོ་མ་དམར་པོ་ཞིག
འོད་ཀྲིག་ཀྲིག་གི་རྣམ་ཤེས་ཁོ་ན་ལས
ང་ཚོ་ལ་ཅི་ཡང་ལྷག་མེད
འཆལ་པོ་ཚངས་དབྱངས་རྒྱ་མཚོ
མུ་ཏིག་ཅིག་གི་ཨི་ཁུང་ལས་མུ་ཏིག་གཞན་ཞིག་གི་ཨི་ཁུང་ལ་བརྒྱུས་ཚེ
རལ་བ་ཡོམ་ཡོམ
གཞས་ཆུང་སིང་སིང
ལྷམ་གྱི་ཡུ་བ་འང་འཐེན་ལོང་མེད་པར་བྲོས་པས
ལྟག་རྒྱབ་ནས་གསེར་གྱི་སྒྲོ་གུ་ཞིག་ས་ལ་ལྷུང
ལྷ་སའི་བུ་མོ་དེས
ཕོ་བྲང་ཞིག་པང་ཁེབ་སྟེང་དུ་བཙེམས་ཤིང
གསེར་ཏོག་ཅིག་རྣ་ལོང་གཡོན་པར་བཏགས་དུས
ཚངས་དབྱངས་རྒྱ་མཚོ
ཀོ་གྲུ་ལ་གསོན་ཉམས་མེད་རུང
གཟི་བརྗིད་ལྡན་པའི་ཉི་འོད་དེའི་ཀློང་ནས་གང་དུ་སྐྱོད
ཚངས་དབྱངས་རྒྱ་མཚོ
སྐར་ཆ་གཅིག་གི་ཡུན་གྱི་རོལ་དབྱངས་ཟ་ཟི་ཞིག
རུས་པའི་སྟེང་ལ་བབ་པའི་ཕྱེ་མ་ལེབ་ཅིག་གི་གྲིབ་གཟུགས
སྡོང་ལོ་རྐང་གཅིག་གི་སྟེང་ན་སྐྱིལ་དཀྲུང་གིས་འགུལ་ཚེ
ངའི་སྒེའུ་ཁུང་ཁ་རུ་རླུང་བུ་ཞོགས་ཀྱིན་འདུག
སྐར་ཆ་གཅིག་གི་རིང་ལ
ཚངས་དབྱངས་རྒྱ་མཚོ
དམར་པོ་ཡང་ཡིན་ལ་སྐྱ་བོའང་ཡིན་པས
ཁྱེད་ཀྱི་ལྷུང་གཟེད་ཁ་རུ་བྱིའུ་མང་པོ་ཧམ་ཤེད་ཀྱིས་བབ་འགྲོ