རྒྱལ་ཀུན་བློ་གྲོས་ཡེ་ཤེས་མེ་ལོང་མཆོག།
ངུར་སྨྲིག་གར་རོལ་ཀུན་བཟང་སྤྱོད་པའི་དཔལ།།
སྟོབས་སུ་རྫོགས་པའི་གྲགས་པ་ཕྱོགས་ཀྱི་མཐར།།
ཁྱབ་པའི་ཞབས་སེན་སྤྱི་བོའི་རྒྱན་དུ་ལེན།།
ཁྱེད་ཀྱི་མཁྱེན་པའི་དོ་རྭ་རུ།།
བཅུ་ཕྲག་རིག་པའི་སྐྱེད་ཚལ་ལས།།
འོངས་པའི་གཞན་ཕན་དྲི་བསུང་ནི།།
ཕྱོགས་ཀྱི་བུ་མོའི་མཐའ་ལས་བརྒལ།།
གངས་ཅན་མཁས་མང་འདུས་པའི་གཙུག།
རལ་པས་མཛེས་པའི་ཁྲི་འཕང་ལ།།
ལུང་རིགས་འགྲོས་ཀྱིས་ཉེར་འཛེགས་ནས།།
འཇིགས་མེད་སྨྲ་བ་ཁྱོད་མིན་སུ།།
གང་གི་རྣམ་དཔྱོད་ལག་ཉལ་མཚོན།།
གཅིག་གིས་ལོག་སྨྲ་རི་བོའི་ཚོགས།།
ཀུན་བཅོམ་རྒྱུད་འཛིན་རྐང་འཐུང་ལྗོན།།
འདི་ན་ཕན་ཚུན་འགྲན་བཞིན་འཕེལ།།
ཁྱོད་ཀྱིས་ལོག་སྨྲ་འཇིགས་པའི་སྒྲ།།
མཁའ་ལ་རྒྱུ་བའི་དབྱར་རྔ་ལས།།
རབ་མཐོ་གཙུག་ལག་འཛིན་པའི་ཁྱུ།།
ནོར་འཛིན་བུ་མོའི་རྒྱན་དུ་བསྐྲུན།།
ཐུབ་པའི་ལེགས་གསུང་པདྨོའི་ཚལ།།
ཞི་བའི་ཐབས་ཀྱི་མེ་ཏོག་རྩི།།
དོར་ཏེ་ལོག་བཤད་མི་གཙང་དྲི།།
འཚོལ་བ་དུས་ངན་སྐྱེ་བའི་ཆོས།།
དེང་དུས་སྐྱེ་བོ་སྣ་ཚོགས་དབྱར་སྐྱེས་དབང༌།།
ཐུབ་བསྟན་པདྨོར་སྡིག་སྤྱོད་མེ་ཡི་ཆར།།
འབེབས་པ་ལས་གཞན་གསོས་གྱུར་གྲུ་ཆར་ནི།།
འབེབས་པ་ཉིན་མོའི་སྐར་ལ་འགྲན་འདི་སྐྱོ།།
གྲོགས་དག་གཤིན་པོའི་གྲལ་དུ་འཆི་བདག་བུས།།
སྟན་བཤམས་དབང་མེད་མགྲོན་དུ་མ་བོས་བར།།
དེ་སྲིད་གཉིས་ཕན་བྱ་བའི་ལས་བཟང་ལ།།
མྱུར་བའི་ཚུལ་གྱིས་སྤྱོད་ལ་ཅིས་མི་བྲེལ།
ཚེ་འདིར་རེ་བའི་འཁྲི་ཤིང་འཆིང་བའི་རྒྱ།།
སྲིད་པའི་རང་མཚང་མཐོང་བའི་རལ་གྲི་ཡིས།།
ཉེ་བར་བཅད་དེ་ཆོས་ལ་བརྩོན་པའི་བློ།།
དཀར་ཕྱོགས་ཟླ་བའི་དཔལ་ལ་འགྲན་པར་མཛོད།།