ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> ཚངས་དབྱངས་ཞིབ་འཇུག
 རྩོམ་ཡིག་ཀློག་པ།

ཚངས་མགུར་གྱི་སྙན་ངག་གི་མཛེས་པ་གླེང་བ།

  རྩོམ་པ་པོ:ཕུར་བུ་བཀྲ་ཤིས།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:8709ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/7/27 12:11:05ཚོགས་ཡར་སྤྲོད:admin
 
ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་སྙན་ངག་གི་མཛེས་པ་གླེང་བ།
 
                 ཕུར་བུ་བཀྲ་ཤིས།  བོད་ལྗོངས་སློབ་ཆེའི་༢༠༠༧ལོའི་ཞིབ་འཇུག་སློབ་མ།
 
     ཀུན་གྱིས་ཤེས་གསལ་ལྟར་མགུར་གླུ་ནི་བོད་ཀྱི་གནའ་བོའི་རྩོམ་རིག་གི་རྣམ་པ་དམིགས་བསལ་ཅན་ཞིག་ཡིན་ཞིང༌།  དེ་ནི་ཐོག་མར་དབྱངས་སུ་གྱེར་ཆོག་པའི་ཆོས་ཕྱོགས་ཀྱི་གླུ་ཚིག་ཞིག་ཡིན་ན།  ངག་ཐོག་རྩོམ་རིག་གི་ཁོངས་སུ་གཏོགས་པ་ཡིན་རུང༌།  ཕྱིས་སུ་རྫེབཙུན་མི་ལ་རས་པ་དང་ཞབས་དཀར་ཚོགས་དྲུག་རང་གྲོལ་སོགས་ཀྱིས་ཆོས་ཀྱི་ནང་དོན་མགུར་དུ་བླངས་པས་རིམ་བཞིན་ཆོས་ལུགས་གྲུབ་མཐའ་ཁག་ནང་ལྟ་མགུར་དང་ཉམས་མགུར་སོགས་སུ་དར་རྒྱས་ཕྱིན་ཏེ་གཏན་འཇགས་ཀྱི་རྩོམ་ལུས་ཤིག་ཏུ་གྲུབ་ལ།དེ་ནི་བོད་ཀྱི་སྙན་ངག་གི་རྩོམ་ཐབས་དམིགས་བསལ་ཅན་ཞིག་ཀྱང་རེད།  ཚངས་མགུར་དེ་ཡང་མི་ལ་རས་པ་སོགས་སྔ་མའི་མགུར་གྱི་སྲོལ་རྒྱུན་རྒྱུན་འཛིན་བྱས་པའི་རྨང་གཞིའི་སྟེང་དམངས་ཁྲོད་གླུ་གཞས་ཀྱི་སྒྱུ་རྩལ་མཚོན་ཐབས་ཀྱི་རོ་བཅུད་བསྡུས་ནས་གསར་གཏོད་བྱས་པ་སྟེ་མགུར་གླུ་ཡོད་ཚད་ཚེག་བར་དྲུག་མ་ཅན་གྱི་དམངས་གཞས་ཀྱི་ཉམས་དང་བསྟུན་ཡོད་པས་ཚིག་འགྲོས་ལེགས་ཤིང་ཁ་ལ་བདེ་བ།  དབྱངས་ཀྱི་འདེགས་འཇོག་གསལ་བ་བཅས་ཀྱི་ཁྱད་ཆོས་མངོན་གསལ་ཅན་ཐོན་ཡོད།  ལྷག་པར་དུ་མགུར་གླུ་མང་ཆེ་ཤོས་ཀྱི་བརྗོད་བྱ་དེ་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་མཚོན་ཐབས་བསྡུས་བརྗོད་ཅན་དང་ཟུར་མཚོན་ཅན་གྱི་རྣམ་པས་མཚོན་པར་བྱས་ཡོད་པས་ཀློག་པ་པོར་སྒྱུ་རྩལ་གྱི་བྲོ་བ་ངོ་མཚར་བ་ཞིག་མྱོང་དུ་འཇུག་ཐུབ་”①ཅིང༌།  སྲོལ་རྒྱུན་གྱི་སྙན་རྩོམ་གཞན་དང་མི་འདྲ་བའི་སྙན་ངག་གི་མཛེས་ཆོས་ལྡན་པས་ཀློག་པ་པོའི་ཡིད་ལ་སྤྲོ་བ་འཕེལ་བའམ་དང་བ་འདྲེན་པའི་ཡིད་འགུག་གི་ནུས་པ་ཆེས་ཆེར་ལྡན་པ་སྟེ།  འདིའི་ཤུགས་དྲག་གི་ཚོར་འདུའི་ཡིད་འགྱུར་གྱི་མཛེས་པ་དང༌།  སྣང་བརྙན་གྱི་མཛེས་པ།  ཡིད་བརྙན་གྱི་མཛེས་པ་སོགས་བོད་ཀྱི་སྙན་ངག་གཞན་དག་གིས་འགྲན་མི་བཟོད་ཅིང༌།  ཐ་ན་དེང་རབས་སྙན་ངག་གི་ཁྲོད་དུའང་དཔའ་ཞུམ་མི་དགོས་པའི་མཛེས་ཆོས་དུ་མ་དང་ལྡན་པ་ཡང་ཚངས་མགུར་སོགས་ཀྱི་རྣམ་པ་དང་ནང་དོན་གང་གི་ཆ་ནས་དེང་རབས་སྙན་ངག་དང་འགྲན་ཕོད་ལ་དེང་རབས་སྔོན་ཐོན་མི་རིགས་ཀྱི་སྙན་གསར་ལས་བརྒལ་བའི་ཁྱད་ཆོས་ཀྱང་མི་་ཉུང་བ་ཡོད་”②ཅེས་པ་ལྟར་རོ། །དེ་ཡང་སྙན་་ངག་གི་མཛེས་པ་ནི་སྙན་ངག་ཏུ་འགྲུབ་ཐུབ་མིན་གྱི་འགག་རྩ་ལྟ་བུ་ཡིན་ཞིང༌། སྙན་ངག་ཅེས་པ་ཡང་ཐོག་མ་ནས་མཛེས་དཔྱོད་ཀྱི་རིན་ཐང་ལྡན་ཞིང་མཛེས་ཚོར་སྐྱེས་ཐུབ་པའི་སྒྱུ་རྩལ་གྱི་བརྩམས་ཆོས་སུ་གྲུབ་པས། ཚངས་མགུར་ཡང་སྙན་ངག་གི་མཛེས་པས་ཕྱུག་ཅིང་སྲོལ་རྒྱུན་སྙན་ངག་གཞན་དག་ལས་བླ་ལྷག་ཏུ་མཛེས་དཔྱོད་ཀྱི་རིན་ཐང་ཤུགས་ཆེར་ལྡན་པས་དེའི་སྙན་ངག་གི་མཛེས་པ་དག་ཅུང་ཞིག་གླེང་བར་འདོད་དོ། །
     དང་པོ།  ཡིད་འགྱུར་ཀྱི་མཛེས་པ།
       རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་སོགས་ནང་བསམ་པའི་ཚོར་འདུ་ཤུགས་དྲག་པོ་སྒྱུ་རྩལ་གྱི་ཐབས་ལམ་བརྒྱུད་དེ་ངག་ནས་མཚོན་སྐབས་ད་གཟོད་ཀློག་པ་པོའི་ཡིད་སེམས་ལ་གཡོ་སྐྱོམས་ཐེབས་ནུས་པའི་སྙན་ངག་གི་ཡིད་འགྱུར་མཛེས་པ་དག་ཉམས་སུ་མྱོང་ཐུབ་པ་རེད།  འོན་ཏེ་ཚོར་འདུའམ་ཡིད་འགྱུར་ནི་རྩོམ་པ་པོའི་འཚོ་བ་དངོས་ལས་བྱུང་བའི་མ་བཅོས་གཡོ་ལྷད་བྲལ་བའི་བརྩེ་དུང་ངོ་མ་དག་ཡིན་དགོས་ཤིང༌།  མ་བཅོས་ཤུགས་འབྱུང་གི་ཚོར་འདུ་ངོ་མ་ཡིན་ཚེ་གཞི་ནས་ཀློག་པ་པོའི་ཡིད་སེམས་ལ་གཡོ་འགུལ་ཐེབས་ཐུབ། དེ་འདྲ་མ་ཡིན་པར་ཚོར་འདུ་རྫུན་མའམ་བཅོས་མ་ནི་ནད་མེད་འཁུན་སྒྲ་འདོན་པའམ་མི་དགའ་དགའ་མདོག་དང་མི་སྡུག་སྡུག་མདོག་བྱེད་པ་ཙམ་ལས་མ་འདས་པས་ཀློག་པ་པོའི་ཡིད་ཀྱི་དང་བ་འདྲེན་མི་ནུས།  དེ་བས་སྙན་ངག་གི་ཡིད་འགྱུར་མཛེས་པ་ནི་སྙན་ངག་གི་མཛེས་པའི་བླ་སྲོག་ལྟ་བུ་ཡིན་ཏེ་ཡིད་འགྱུར་ཤུགས་དྲག་པོ་མཚོན་རྒྱུ་ནི་སྙན་ངག་གི་རྩ་བའི་ཁྱད་ཆོས་ཏེ་བརྗོད་བྱའི་དོན་གྱི་ངོ་བོའམ་སྲོག་སྙིང་ལྟ་བུ་དང་མཛེས་ཉམས་འདོན་བྱེད་ཀྱི་མཆོག་གམ་ཡང་སྙིང་ལྟ་བུ་ཡིན་པས་སྙན་ངག་གི་མཛེས་པའི་གྲུབ་ཆ་གཞན་དག་ལས་ལྷག་ཅིང་ཐག་གཅོད་རང་བཞིན་གྱི་བྱེད་ནུས་མཆོག་ཏུ་ལྡན་པ་ཞིག་ཡིན་”③ཞེས་པ་ལྟར་རོ།  ། རྗེ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ལ་ཐོག་མར་ཡིད་འགྱུར་གྱི་མཛེས་པ་བླ་ལྷག་ཏུ་མངོན་ཞིང༌། དེ་ནི་རྗེ་ཚངས་དབྱངས་རྒྱ་མཚོའི་ངོ་མཚར་གྱིས་གཏམས་པའི་འཚོ་བའི་ཉམས་མྱོང་ངམ་སྐྱིད་སྡུག་སྒང་གཤོང་མི་སྙོམས་པའི་མི་ཚེའི་ལམ་བུ་སྣ་ཚོགས་དངོས་སུ་བརྒྱུད་མྱོང་བས།  ཁོང་གི་གསུང་མགུར་ལས་མཚོན་པའི་ཚོར་འདུའམ་ཡིད་འགྱུར་དྲག་པོ་དེ་རྣམས་ནི་ཁོང་གི་མྱོང་བ་དངོས་ལས་བརྒྱུད་ཅིང་བརྩེ་དུང་རྣལ་མས་བཅིངས་པའི་སེམས་གཏིང་གི་དུང་སྒྲ་ཤ་སྟག་ཡིན་སྟབས། བཀླགས་པ་ཙམ་གྱིས་ཡིད་ལ་སིམ་ཞིང་སྨྲ་བསམ་བརྗོད་འདས་ཀྱི་མཛེས་སྣང་ངམ་སྙན་ཆ་ཞིག་ཚོར་ཐུབ་པ་ཡིན།  དཔེར་ན།
   ངང་བ་འདམ་ལ་ཆགས་ནས།  །
   རེ་ཞིག་སྡོད་དགོས་བསམ་ཀྱང༌།  །
   མཚོ་མོ་དར་ཁ་འགྲིགས་ནས།  །
  སེམས་པའི་ཁོ་ཐག་ཆོད་སོང༌།  ཞེས་པ་ལྟ་བུ་ནི་རྗེ་ཚངས་དབྱངས་རྒྱ་མཚོ་ཉིད་རྒྱལ་བའི་ཁྲི་ལ་མུ་མཐུད་བཞུགས་ནས་བོད་ཀྱི་ཆོས་སྲིད་ཀྱི་ལས་ལ་ཐུགས་གཞིགས་དང་འགྲོ་བ་སེམས་ཅན་གྱི་དོན་དུ་ཕན་བདེ་བསྐྲུན་འདོད་པའི་དགོངས་གཞི་རྒྱ་ཆེན་པོ་ཞིག་ཡོད་ཀྱང༌།  སྐབས་དེའི་ལྷ་བཟང་ཧན་སོགས་ཀྱིས་མ་རུང་ངན་དགུའི་བྱ་བ་བརྩམས་ཏེ་ཁོང་རྒྱལ་པོའི་ཁྲི་ལས་ཕབ་ཅིང་རྒྱ་ནག་ཏུ་བརྫངས་པ་སོགས་ཞེ་འདོད་དང་དངོས་ཡོད་འཚོ་བ་གཉིས་འགལ་བ་ལྟག་སྤྲོད་ཚུལ་གྱིས་རྐྱེན་ངན་དང་བར་ཆད་སྣ་ཚོགས་ཀྱིས་མནར་ཞིང་སུས་ཀྱང་ཆག་སྒོ་དེ་དག་ལས་སྐྱོབས་ཐབས་བྲལ་བས་རེ་ཐག་ཡོངས་སུ་ཆད་པའི་སྐྱོ་སྣང་གི་བློ་ཁ་ཞིག་དབང་མེད་དུ་འཆར་ཐུབ་པ་ཡིན།  ཡང་དཔེར་ན།
   དང་པོ་མ་མཐོང་ཆོག་པ།  །
   སེམས་པ་ཤོར་དོན་མི་འདུག  །
   གཉིས་པ་མ་འདྲིས་ཆོག་པ།  །
   སེམས་གཅོང་ཡོང་དོན་མི་འདུག  །ཅེས་པ་ལྟ་བུ་ནི་འཇིག་རྟེན་ཕོ་མོའི་བརྩེ་དུང་གི་བསམ་བློའི་འགལ་བའམ་བརྩེ་དུང་གིས་བཟོས་པའི་སེམས་ཀྱི་རྨ་ཁ་མངོན་པར་བྱེད་པའམ་ཡང་ན་སྦས་དོན་དུ་སྲིད་པའི་མཛེས་སྡུག་ལོངས་སྤྱོད་རེག་མཐོང་གིས་སྲེད་པ་སྐྱེ་ཞིང་མཐའ་མི་བརྟན་པས་སེམས་གཅོང་གི་རྒྱུ་ལས་མ་འདས་པའི་”④འཁོར་བའི་ཕུན་ཚོགས་ལ་སྙིང་པོ་མེད་པའི་ཟབ་མོ་ཆོས་ཀྱི་རྟོགས་པའི་ཚོར་སྣང་མཚོན་པ་དང༌།  དེ་བཞིན་དུ།
   སྙིང་ཐུབ་རྐུ་ལ་ཤོར་སོང༌།  །
   མོ་འཕྱ་རྩིས་འབུལ་རན་སོང༌།  །
   བུ་མོ་དུང་སེམས་ཅན་མ།  །
   རྨི་ལམ་ལ་ཡང་འཁོར་བྱུང༌།  །ཞེས་པ་ཡང་ཧར་གྱིས་བལྟས་ན་སེམས་ནང་གི་སྙིང་སྡུག་གཞན་ལ་ཤོར་བའི་ཡིད་ཆད་ཀྱི་སྣང་བའམ་བརྩེ་དུང་གི་ཞེན་ཆགས་ལྟ་བུའི་བློ་ཁ་ཞིག་མཚོན་ལ།  སྦས་དོན་དུ་ཆོས་སྲིད་གཉིས་ཀྱི་དབང་ཆ་དེ་གཞན་གྱིས་འཕྲོགས་སོང་བས་ད་ནི་མགོར་ཅི་ཡོང་མི་ཤེས་པས་ཐབས་བྱེད་རན་ཅིང་དོན་འདི་ལ་སེམས་ཁུར་ཤིན་ཏུ་ཆེ་ཞིང་”⑤ཡིད་ལ་བརྣགས་པའི་སེམས་དོན་ལྗི་མོས་ནོན་པའི་དཀའ་ཁག་གི་ཡིད་འགྱུར་དྲག་པོ་མཚོན་པ་ལྟ་བུའོ།  ། མདོར་ན་ཚངས་མགུར་གྱི་་ཡིད་འགྱུར་ཚོར་བ་ཤུགས་དྲག་ཅིང་གཙོ་བོ་བསྡུས་བརྗོད་ཀྱི་སྒྱུ་རྩལ་ཐབས་ལམ་བརྒྱུད་དེ་མ་བཅོས་ལྷུན་གྱིས་གྲུབ་པའི་ཡིད་འགྱུར་གྱི་མཛེས་པ་དག་སྟེར་ཐུབ་པ་ཡིན།
  གཉིས་པ།  སྣང་བརྙན་གྱི་མཛེས་པ།
   སྒྱུ་རྩལ་གྱི་མཛེས་པ་ནི་ངེས་པར་དུ་ཕྱི་དངོས་པོའི་རྣམ་པ་བརྒྱུད་ནས་ནང་བསམ་བློའི་དོན་སྤྱིའི་སྣང་བརྙན་དག་ཕྱི་རུ་དབང་ཤེས་ཀྱི་ཡུལ་དུ་འགྱུར་བའི་གསོན་ཉམས་དོད་པོས་མངོན་དགོས་པ་དང༌། རྩོམ་རིག་ལ་མཚོན་ན་རི་མོ་སོགས་ཀྱི་སྒྱུ་རྩལ་མཛེས་པ་མངོན་སྟངས་དང་མི་འདྲ་ཞིང༌།  ངེས་པར་དུ་སྐད་དང་ཡི་གེར་བརྟེན་ནས་སྒྱུ་རྩལ་གྱི་སྣང་བརྙན་བསྐྲུན་དགོས་པ་རེད་ལ།  དངོས་པོའི་ཕྱི་ཤུན་ངེས་ཅན་ཞིག་ལ་མ་བརྟེན་པར་སྒྱུ་རྩལ་གྱི་མཛེས་པ་ཅི་ཡང་བསྐྲུན་མི་ཐུབ་”⑥པས་སྙན་ངག་ལའང་སྙན་ངག་གི་སྣང་བརྙན་ཞིག་མ་བསྐྲུན་ཚེ་དེའི་མཛེས་པ་དག་མངོན་ཐབས་མེད་པ་དང༌།སྣང་བརྙན་ནི་སྙན་རྩོམ་འགྲུབ་བྱེད་ཀྱི་རྩ་བའི་རྒྱུ་རྐྱེན་ཡིན་ལ་བྱེ་བྲག་གསོན་ཉམས་ལྡན་པའི་སྣང་བརྙན་རང་བཞིན་ནི་མཛེས་སྡུག་ཅེས་པའི་རྩ་བའི་ཁྱད་ཆོས་ཤིག་དང་ཁྱད་པར་དུ་སྙན་ངག་གི་མཛེས་ཉམས་ངོམ་སོ་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན་སྟབས་སྣང་བརྙན་སྣ་ཚོགས་(མི་དང་ཡུལ་ལྗོངས་ཁོར་ཡུག་སོགས་)པའི་མཛེས་ཉམས་བྱེ་བྲག་པ་གསོན་ཉམས་ལྡན་པར་མངོན་རྒྱུ་ནི་སྙན་ངག་གི་ངོ་བོའམ་རྩ་བའི་རང་བཞིན་དུ་གྱུར་ཡོད”⑦པས་ཚངས་མགུར་ནང་དུ་རྟོག་བཏགས་དང་བསྡུས་བརྗོད་སོགས་ཀྱི་སྒྱུ་རྩལ་མཚོན་སྟངས་ལ་བརྟེན་ནས་ཡིད་ཀྱི་འགྱུར་བ་དང་སྣང་བརྙན་གཉིས་འོ་ཆུ་འདྲེས་པ་ལྟར་མཚོན་ཡོད་པ་དཔེར་ན།
   སྲོད་ལ་བྱམས་པ་བཙལ་བས།  །
   ཐོ་རངས་ཁ་བ་བབས་བྱུང༌།  །
   གསང་དང་མི་གསང་མི་འདུག  ། 
ཞབས་རྗེས་གངས་ལ་བཞག་འདུག  །ཅེས་པ་ཞོགས་པ་ཁ་བས་ས་གཞི་གཡོགས་ཤིང་རྐང་རྗེས་ཀྱིས་ནོན་པའི་དགུན་ལྗོངས་མཛེས་པོ་ཞིག་མིག་མདུན་དུ་ཁྲ་ལྷམ་མེར་མངོན་པ་དང༌།  དེའི་ཤུགས་སུ་རྩོམ་པ་པོའི་ཡིད་འགྱུར་གསལ་པོར་མཚོན་པར་བྱས་པ་རེད།  གཞན་ཡང༌།
   དབུ་ཞྭ་དབུ་ལ་བཞེས་སོང༌།  །
   དབུ་ལྕང་རྒྱབ་ལ་དབྱུགས་སོང༌།  །
   ག་ལེ་ཕེབས་དང་བྱས་པས།  །
   ག་ལེ་བཞུགས་ཤིག་གསུངས་བྱུང༌།  །
   ཐུགས་སེམས་སྐྱོ་ཡོང་ཞུས་པས།  །
   མགྱོགས་པོ་མཇལ་ཡོང་གསུངས་བྱུང༌།  །ཞེས་པ་ལྟ་བུ་མི་སྣའི་བྱ་སྤྱོད་དང་གཏམ་གླེང་གི་ཐོག་ནས་བརྩེ་དུང་གིས་བཅིངས་པའི་ཕོ་མོ་ཟུང་གི་གྱེས་ཁའི་སྣང་བརྙན་གློག་བརྙན་ཕབ་པ་ཇི་བཞིན་ཤིན་ཏུ་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་པར་བྱས་པ་དང༌།  དེ་བཞིན།
   ལྕང་མ་བྱིའུར་སེམས་ཤོར།  །
   བྱིའུ་ལྕང་མར་སེམས་ཤོར།  །
   སེམས་ཤོར་མཐུན་པ་བྱུང་ན།  །
   བྱ་ཁྲ་ཧོར་པས་མི་ཐུབ། ཅེས་པ་ཡང་རབ་རྟོག་གི་རྣམ་པའི་སྣང་བརྙན་འབུར་དུ་ཐོན་པ་སོགས་ཚངས་མགུར་གྱི་ཐོག་མཐའ་བར་གསུམ་དུ་ཕྱི་ཡུལ་གྱི་དངོས་བརྙན་དཔེ་རུ་དྲངས་ཤིང་སྣང་བརྙན་གསོན་ཉམས་དོད་པ་དུ་མ་མཚོན་ཡོད་པས། ཡིག་ཐོག་སྐད་བརྡ་དང་ཚིག་རྒྱན་ལ་བརྟེན་པ་ཡིན་རུང་ཀློག་པ་པོར་དངོས་སུ་ཉམས་སུ་མྱོང་བའི་སྣང་བརྙན་གྱི་མཛེས་པའམ་མཛེས་དཔྱོད་ཀྱི་ཚོར་སྣང་ཟད་མི་ཤེས་པ་དག་སྟེར་ཐུབ།  ཡིན་ནའང་སྙན་ངག་གི་སྣང་བརྙན་ནི་ཕྱི་ཡུལ་གྱི་གཟུགས་བརྙན་ཁོ་ན་ཇི་མ་ཇི་བཞིན་འདྲ་བཤུས་དང་པར་བཏབ་པ་ལྟ་བུ་མིན་ཏེ།  དེ་ནི་སྙན་ངག་མཁན་གྱི་ཀླད་པའི་ནང་ལས་སྣོན་དང་ཞུན་བརྡར་བྱས་ཤིང་ཚོར་འདུའམ་བརྩེ་དུང་གིས་སིམ་པའི་སྣང་བརྙན་འཕར་མ་ཞིག་ལགས་པས།  ཕྱི་ཡུལ་གྱི་སྣང་བརྙན་ཕལ་པ་ལས་ཁྱད་དུ་འཕགས་ཤིང་རྩོམ་པ་པོའི་མཛེས་དཔྱོད་ཀྱི་ཕུགས་བསམ་སོགས་མཚོན་ཡོད་པས།  དེའི་དམིགས་ཡུལ་ཡང་ཀློག་པ་པོར་མཛེས་ཚོར་སློང་ཆེད་དུ་བསྐྲུན་པ་རང་ཡིན་པ་དང༌། སྣང་བརྙན་གྱི་མཛེས་པ་དང་ཡིད་འགྱུར་ཡང་གཅིག་ལ་གཅིག་བརྟེན་ཚུལ་གྱིས་ཕན་ཚུན་བྲལ་ཐབས་མེད་པ་ཞིག་ཡིན་ཏེ།  ཡིད་འགྱུར་གྱི་མཛེས་པ་ནི་སྒྱུ་རྩལ་གྱི་ཐབས་ལམ་ཡིན་པའི་སྣང་བརྙན་གྱི་འགོད་ཐབས་ལ་བརྟེན་དགོས་ཤིང༌།ཤུགས་དྲག་པའི་ཚོར་འདུའི་ཡིད་འགྱུར་མེད་ན་སྣང་བརྙན་གྱི་མཛེས་པ་ཡང་ཕྱིར་མངོན་དཀའ་བ་ཞིག་རེད།
 གསུམ་པ།  ཡིད་བརྙན་གྱི་མཛེས་པ།
   སྙན་ངག་གི་སྣང་བརྙན་གྱིས་སྙན་ངག་གི་ཡིད་བརྙན་གྲུབ་ཅིང༌།  ཡིད་བརྙན་ནི་རྩོམ་པ་པོའི་ནང་བསམ་པའི་བརྩེ་དུང་ངམ་ཚོར་འདུ་ཡང་ན་ཀུན་རྟོག་སྟེ་དེ་ཕྱི་དངོས་པོའི་རྣམ་པར་ཡོངས་སུ་སིམ་ཞིང་ཐིམ་པའི་སྒྱུ་རྩལ་གྱི་སྣང་བརྙན་ཡིན་ཞིང་དེའི་ཁྱད་ཆོས་ཆེ་ཤོས་ནི་སྦས་དོན་ག་གེ་མོ་མཚོན་ཕྱིར་བསྐྲུན་པའི་སྣང་བརྙན་ཞིག་ཡིན་”⑧པ་དང་དེ་ཡང་རྩོམ་པ་པོའི་འཚོ་བའི་མྱོང་གོམས་ལས་བྱུང་བའི་དགའ་སྐྱོ་ཆགས་སྡང་གི་ཚོར་བའམ་འཚོ་བའི་གོ་རྟོགས་སྣ་ཚོགས་ཕྱི་ཡུལ་གྱི་དོ་མཉམ་དངོས་པོ་ངེས་ཅན་ཞིག་བཙལ་ནས་མཚོན་པའམ།  ཡང་ན་ཕྱི་ཡུལ་གྱི་དངོས་རྣམ་ཡུལ་ལྗོངས་སམ་དོན་བྱ་གང་རུང་ལ་མྱོང་དཔྱད་བྱས་པ་ལས་སྣང་བ་དཔེ་རུ་ཤར་བ་ལྟར་དགའ་སྐྱོ་ཆགས་སྡང་སོགས་ལས་འཕྲོས་པའི་ཚོར་འདུ་ཤུགས་དྲག་འཕེལ་བས་རང་ཤུགས་སུ་ཡིད་འགྱུར་གྱིས་ཟིན་པའི་སྣང་བརྙན་དེ་དག་གྲུབ་པ་མ་ཟད།  རྩོམ་པ་པོའི་མཛེས་དཔྱོད་ཀྱི་ཕུགས་བསམ་ལེགས་པར་མཚོན་པའི་མཛེས་དཔྱོད་ཀྱི་ཡིད་བརྙན་དེ་རིགས་ནི་བསྡུས་བརྗོད་དང་རབ་རྟོག་རང་བཞིན་སོགས་ཀྱི་ཐོག་ནས་མངོན་པར་མཚོན་གྱི་ཡོད།  རྗེ་ཚངས་དབྱངས་པའི་མགུར་གླུ་ལའང་ཀློག་པ་པོར་མཛེས་དཔྱོད་ཀྱི་ཡིད་བརྙན་ལས་འཕོས་པའི་མཛེས་པ་དེ་སྟེར་ཆེད་གཙོ་བོ་བསྡུས་བརྗོད་རང་བཞིན་གྱི་ཡིད་བརྙན་འབུར་དུ་ཐོན་ཞིང་ཀློག་མཁན་མི་འདྲ་བ་ལ་གོ་རྒྱུ་ཚོར་རྒྱུ་མི་འདྲ་བ་སྣ་ཚོགས་སྣང་བ་ཡང་བསྡུས་བརྗོད་རང་བཞིན་གྱི་ཡིད་བརྙན་དེ་རིགས་གཙིགས་སུ་འཛིན་ཡོད་པས་ཡིན་སྙམ།  དཔེར་ན།
   ཀུ་མུད་དཀར་པོའི་རྒྱང་བཀྲག  །
  འཛམ་གླིང་སྤྱི་ལ་ཤར་བྱུང༌།  །
  པད་མ་གེ་སར་སྡོང་པོ།  །
  འབྲས་བུ་ཟུར་དུ་རྒྱས་སྐབས།  །
  བྱ་ང་ཨ་བ་ནེ་ཙོ།  །
  སྐྱོ་རོགས་བྱེད་པར་སླེབས་ཡོང།  །ཞེས་པ་ལྟ་བུ་བསྡུས་བརྗོད་རང་བཞིན་གྱི་ཡིད་བརྙན་ཡིན་པ་དང༌།  མཚོན་བྱེད་ཀྱི་དཔེ་དངོས་པོ་ཀུ་མུད་དཀར་པོ་དང༌།  པད་མ།  ནེ་ཙོ་བཅས་ཀྱི་དངོས་བརྙན་བཀོད་དེ་མཚོན་བྱ་དོན་གྱི་སྙིང་པོ་མ་འོངས་ཆོས་ཕྱོགས་ཀྱི་མཛད་འཕྲིན་དང་ལུང་བསྟན་མཚོན་པ་ལྟ་བུ་ཡིན་ལ། 
གཞན་ཡང༌།
   ལྕང་མ་བྱིའུར་སེམས་ཤོར།  །
   བྱིའུར་ལྕང་མར་སེམས་ཤོར།  །
   སེམས་ཤོར་མཐུན་པ་བྱུང་ན།  །
   བྱ་ཁྲ་ཧོར་པས་མི་ཐུབ།  །ཅེས་པ་མཚོན་བྱེད་དཔེ་དངོས་པོ་ལྕང་གླིང་གི་བྱིའུ་དང༌།  ལྕང་མ།  བྱ་ཁྲ་བཅས་ཀྱི་ཡིད་བརྙན་དེ་བསྡུས་བརྗོད་དང་རབ་རྟོག་ཟུང་དུ་འབྲེལ་ཞིང་མཚོན་བྱ་སྐབས་དེའི་ཆོས་སྲིད་ཀྱི་མཛད་འཕྲིན་སྐྱོང་བའི་བརྒྱུད་རིམ་ནང་མི་རིགས་ནང་ཁུལ་དུ་མཐུན་སྒྲིལ་བྱ་རྒྱུ་ནི་གཞན་གྱི་སྟོབས་ཤུགས་བཟློག་པའི་ཐབས་ལམ་ལེགས་ཤོས་ཏེ་མཐུན་སྒྲིལ་ནི་རྒྱལ་ཁ་ཡིན་པའི་གནས་ལུགས་བསྟན་ནས་ཡིད་བརྙན་གྱི་མཛེས་པ་མངོན་པ་ལྟར་ཡིན།  དེ་བཞིན་དཔེ་དོན་གཉིས་ཟུང་དུ་འབྲེལ་ཞིང་དེ་གཉིས་ཀྱི་མཚུངས་ཆོས་རྒྱུ་མཚན་དུ་བྱས་ནས་དཔེ་རྒྱན་རང་བཞིན་གྱི་ཡིད་བརྙན་ཡང་བསྐྲུན་ཡོད་པ་དཔེར་ན།
   རང་སེམས་སོང་བའི་མི་དེ།  །
   གཏན་གྱི་འདུན་མར་བྱུང་ན།  །
  རྒྱ་མཚོའི་གཏིང་ནས་ནོར་བུ།  །
  ལོན་པ་དེ་དང་འདྲ་བྱུང༌།  །ཞེས་པ་ལྟ་བུའོ། །དེས་ན་ཡིད་བརྙན་གྱི་སྒྱུ་རྩལ་མཚོན་ཐབས་ནི་སྙན་ངག་གི་མཛེས་པ་ཕྱིར་མངོན་པའི་ཐབས་ལམ་གལ་ཆེན་ཡིན་ཞིང༌།  ཡིད་བརྙན་མེད་ན་སྙན་ངག་གི་རོ་ཉམས་ཕུན་སུམ་ཚོགས་པ་མཚོན་ཐབས་མེད་པས།  ཡིད་བརྙན་ལ་མཛེས་དཔྱོད་ཀྱི་རིན་ཐང་ཆེས་ཆེར་ལྡན་པ་ནི་སྨོས་ཅི་དགོས།
   བཞི་པ།  ཡིད་ཡུལ་གྱི་མཛེས་པ།
   སྙན་ངག་གི་ཡིད་ཡུལ་ནི་ཡིད་བརྙན་གྱིས་གྲུབ་ཅིང༌།  ཡིད་ཡུལ་གྱི་མཛེས་པ་མངོན་པ་ལ་ཡིད་བརྙན་གྱི་ཐབས་འཕྲུལ་ལ་མི་བརྟེན་ཐབས་མེད་ཡིན།  དེ་ཡང་ཡིད་ཡུལ་ནི་རྩོམ་པ་པོའི་ནང་བསམ་བློའི་བརྩེ་དུང་དང་ཕྱི་ཡུལ་གྱི་དངོས་བརྙན་གཉིས་ཕན་ཚུན་ཟུང་དུ་འབྲེལ་ནས་ཆགས་པའི་སྒྱུ་རྩལ་གྱི་ཞིང་ཁམས་སམ་མཛེས་དཔྱོད་ཀྱི་ཞིང་ཁམས་ཤིག་ཡིན་⑨ལ།  ཡིད་བརྙན་གྱིས་འགྲུབ་པའི་སྙན་ངག་སྤྱིའི་སྣང་བརྙན་དང་ཡིད་བརྙན་གྱི་ཚོགས་པ་ཕྱོགས་བསྡོམས་བྱས་པའི་སྙན་ངག་གི་མཛེས་པ་མཐར་ཐུག་དེ་མངོན་པར་བྱ་བའི་སྒྱུ་རྩལ་མཛེས་པ་དེ་ཉིད་ཡིན།  འོ་ན་ཡིད་ཡུལ་གྱི་མཛེས་པ་དག་ཇི་ལྟར་ཕྱིར་མངོན་ཞེ་ན།  རྩོམ་མཁན་གྱི་འཚོ་བའི་མྱོང་ཚོར་དང་ཉམས་རྟོགས་གཏིང་ཟབ་ཅིང་རྟོགས་པ་མཐོ་བ་དང་ཚོར་འདུ་ཤུགས་དྲག་ན་ཡིད་ཡུལ་ལ་སྔར་ལས་ལྷག་པའི་མཛེས་ཉམས་མངོན་གསལ་ལྡན་” @ ཞིང༌། ལྷག་པར་དུ་སེམས་ཁོང་གཏིང་ནས་བརྡོལ་བའི་དགའ་སྐྱོ་ཆགས་སྡང་སོགས་ཡིད་ཀྱི་འགྱུར་བ་ངོ་མ་མཚོན་རྒྱུ་ནི་ཡིད་ཡུལ་གྱི་རྩ་བའི་གྲུབ་ཆ་དང་སྙན་ངག་གི་སྙན་པའི་རོ་ཉམས་སམ་མཛེས་པ་ཕྱིར་མངོན་པའི་ཐབས་ལམ་གཙོ་བོ་ཡིན་ཏེ།  ཚངས་མགུར་ལ་ཚོར་འདུ་ཧ་ཅང་ཤུགས་དྲག་པོ་མཚོན་ཡོད་པས།  གོང་དུ་ཡིད་འགྱུར་གྱི་མཛེས་པའི་སྐབས་སུ་འཆད་ཟིན་པ་ལྟར་རྗེ་ཚངས་དབྱངས་པ་ཁོང་ཉིད་ཀྱག་ཀྱོག་གི་མི་ཚེའི་ལམ་བུ་སྣ་ཚོགས་བརྒྱུད་མྱོང་བས།  ཁོང་གི་མགུར་གླུ་ལས་མངོན་པའི་ཡིད་འགྱུར་དག་ནི་མ་བཅོས་རང་བཞིན་གྱིས་གྲུབ་ཅིང༌།  བརྩེ་དུང་ལྷད་མེད་དང་གདུང་ཤུགས་ངོ་མས་ཁེངས་ཡོད་པས་ཚངས་མགུར་གྱི་ཡིད་ཡུལ་ལ་སྔར་བས་མཛེས་དཔྱོད་ཀྱི་རིན་ཐང་བླ་ལྷག་ཏུ་ལྡན།  འོན་ཏེ་ཡིད་ཡུལ་ལ་ཡིད་བརྙན་མ་ལག་གིས་གྲུབ་པའི་གསལ་ཞིང་གོ་རྒྱུ་ཆེ་བའི་འཚོ་བའི་དཔེ་རིས་དང༌།  མཛེས་དཔྱོད་ཀྱི་ཕུགས་འདུན།  དེ་བཞིན་བསམ་བློའི་གོ་རྟོགས་སོགས་ཡོངས་སུ་འདུས་ཡོད་པས།  འདིའི་མཛེས་པ་ཡང་ཕྱོགས་མང་པོའི་རྣམ་པའི་ཐོག་ནས་མངོན་གྱི་ཡོད་པ་དང༌།  ཚངས་མགུར་གྱི་ཡིད་ཡུལ་མཛེས་པ་ལའང་མཛེས་པ་མཚོན་པའི་ཁྱད་ཆོས་དེ་རིགས་ཡོངས་སུ་ལྡན་པས་ཡིད་དབང་འགུག་ཤུགས་ཀྱིས་ཡོངས་སུ་བཏུམས་ཡོད།  དཔེར་ན།
   ད་ལོ་བཏབ་པའི་ལོ་ཏོག  །
   སང་ཕོད་མ་སྨིན་ཟེར་ན།  །
   གནམ་གྱི་སྦྲང་ཆར་སིལ་མས།  །
   ཐུགས་བསམ་བཞེས་རོགས་གནང་དང༌།  །”ཞེས་པ་ལྟ་བུ་ནི་རྒྱུ་ཚོགས་གྲངས་ཚང་བ་ལས་འབྲས་བུ་འབྱུང་ངེས་པས་གལ་ཏེ་ས་བོན་བཏབ་ཀྱང་ལོ་ཏོག་མ་སྐྱེས་ན་ཆར་ཆུ་སོགས་ཀྱི་ཆ་རྐྱེན་ཚང་མ་ཚང་ལ་བརྟག་དགོས་འདུག་”@)ཅེས་ས་བོན་དང་སྦྲང་ཆར་ལོ་ཏོག་བཅས་ཀྱི་འབྲེལ་བའི་ཡིད་བརྙན་གྱི་དཔེ་རིས་གསོན་པོ་ཞིག་གི་ངོས་སུ་རྒྱུ་འབྲས་ཀྱི་འགལ་བ་དང་འབྲེལ་བའི་གནས་ལུགས་སམ་གོ་རྟོགས་ཀྱིས་བཅིངས་པའི་ཡིད་འགྱུར་གཉིས་གཞི་གཅིག་ཏུ་ཤ་འདྲེས་རུས་འདྲེས་སུ་སོང་བས།  ད་གཟོད་ཀློག་པ་པོར་སྨྲ་བསམ་བརྗོད་ལས་འདས་པའི་ཡིད་ཡུལ་གྱི་མཛེས་ཚོར་དག་སྐྱེས་ཐུབ་པ་དང༌།  ཡིད་ཡུལ་གྱི་མཛེས་པ་དེ་ཡང་ནང་སེམས་ཀྱི་མྱོང་རོལ་བྱེད་པའི་རྟོག་པའི་མཛེས་ཚོར་ཞིག་ཏུ་སོང་བས་འདི་ཡིན་དང་འདི་རེད་ཅེས་རྡོག་རྡོག་ཅིག་སྟོན་རྒྱུ་མེད་དེ།  ཀློག་པ་པོ་མི་འདྲ་བ་ལ་དེའི་ཡིད་ཡུལ་གྱི་མཛེས་ཚོར་སྐྱེ་སྟངས་ཡང་མི་འདྲ་བ་ཡོད་པ་རེད།
   ལྔ་པ།  རྩོམ་གཤིས་ཀྱི་མཛེས་པ།
   རྩོམ་གཤིས་ནི་རྩོམ་པ་པོ་ཀུན་ལ་ཡོད་པ་ཞིག་མ་ཡིན་པར་རྩོམ་ལ་དབང་འབྱོར་ཞིང་གཞན་དྲིང་འཇོག་མི་དགོས་པའི་རྩོམ་མཁན་དག་ལ་ད་གཟོད་ཡོད་པའི་ཐུན་མོང་མ་ཡིན་པའི་རང་གཤིས་ཀྱི་ཆ་དག་ཡིན་པ་དང༌།  དེ་ནི་བརྩམས་ཆོས་ཀྱི་ནང་དོན་དང་རྣམ་པ་གཉིས་གཞི་གཅིག་ཏུ་འབྲེལ་བ་ལས་གྲུབ་ཅིང༌།  ད་དུང་རྩོམ་པ་པོའི་མཛེས་དཔྱོད་ལྟ་བ་དང༌།  སྒྱུ་རྩལ་ཐབས་ཤེས།  དེ་བཞིན་རིག་གནས་འདུ་ཤེས་སོགས་ཀྱིས་ཡོངས་སུ་བཅིངས་པའི་ཐུན་མོང་མ་ཡིན་པའི་མཛེས་དཔྱོད་རང་བཞིན་གྱི་རྩོམ་ཉམས་ཤིག་ཡིན་ཏེ།  དཔེར་ན་བོད་ཀྱི་ལོ་རྒྱུས་ཐོག་རྒྱལ་དབང་སྐུ་ཕྲེང་ལྔ་པ་དང་ཞང་ཞུང་ཆོས་དབང་གྲགས་པ་སོགས་ཀྱི་སྙན་ངག་བཀླགས་པ་ཙམ་གྱིས་ཚིག་སྦྱོར་ཁ་དམ་ཞིང་འཁྱོག་བརྗོད་རང་བཞིན་ཤུགས་ཆེ་བ།  ཚིག་བརླིང་ཞིང་བརྗིད་ཆགས་པའི་མཛེས་པ་ལྷག་ཏུ་མངོན་པ་ལྟར་ཡིན།  རྗེ་ཚངས་དབྱངས་པའི་གསུང་མགུར་ནི་ཚིག་རྒྱན་གྱི་དཀར་ཚོས་དམར་ཚོས་བྱུགས་དྲགས་མེད་ལ་དམངས་གཞས་ཀྱི་མཚོན་ཐབས་བླངས་ཀྱང་ཕལ་པའི་ཉམས་འགྱུར་ཀྱིས་མ་འགོས་པའི་ཚིག་སྦྱོར་དམ་ལྷོད་རན་ཞིང་དོན་གྱི་མཚོན་ཐབས་གཙིགས་ཆེར་བཟུང་ཡོད་པས།  བོད་ཀྱི་མགུར་གླུའི་སྙན་རྩོམ་ཁྲོད་དུ་ཐུན་མོང་མ་ཡིན་པའི་རང་གཤིས་ཀྱིས་གཏམས་པའི་རྩོམ་གཤིས་ཀྱི་མཛེས་པ་ཏོག་གེར་མངོན་ཡོད།
དཔེར་ན།
   ང་དང་བྱམས་པའི་སྡེབ་ས།  །
   ལྷོ་རོང་མོན་པའི་ནགས་གསེབ།  །
   སྨྲ་མཁན་ནེ་ཙོས་མ་གཏོགས།  །
   སུ་དང་གང་གིས་མི་ཤེས།  །
   སྨྲ་མཁན་ནེ་ཙོས་ཨེ་ཤེས།  །
   གསང་ཁ་སྟོན་པ་མ་གནང༌།  །ལྟ་བུ་ནི་ཚེག་བར་དྲུག་མའི་དམངས་གཞས་ཀྱི་ཉམས་དང་ལྡན་ཡང་དམངས་གཞས་དང་ཡོངས་སུ་མཚུངས་པ་མིན་པར།  དོན་གྱི་མཚོན་སྟངས་དང་ཚིག་གི་ཉམས་འགྱུར་ཐད་རང་གི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་སྨྲར་མི་ཤེས་པ་འདི་འདྲ་མངའ་བ་ནི་མགུར་གྱི་སྙན་རྩོམ་གཞན་དག་ནང་མཐོང་དཀོན་པ་མ་ཡིན་ནམ།  དེ་བས་རང་གི་ཐུན་མིན་གྱི་རྩོམ་གཤིས་ཤིག་གྲུབ་པ་ཁོ་ན་སྙན་ངག་གི་མཛེས་པ་ཡིན་ཞིང་མཛེས་དཔྱོད་ཀྱི་རིན་ཐང་ལྡན་པ་སྨོས་ཅི་དགོས།  དེ་ལྟར་ཚངས་མགུར་གྱི་རྩོམ་གཤིས་གྱི་མཛེས་པ་ནི་དེའི་བབ་ཆགས་ཤིང་གོ་བདེ་བའི་ཚིག་སྦྱོར་དང་ཡིད་འཕྲོག་པའི་སྒྱུ་རྩལ་གྱི་ཐབས་འཕྲུལ་སོགས་ཕྱོགས་ཡོངས་ནས་མངོན་གྱིན་ཡོད་ཅིང༌། ལྷག་པར་དུ་བརྩམས་ཆོས་ཀྱི་བསམ་བློའི་ནང་དོན་ངོས་ནས་སྔར་གྱི་རྩོམ་སྲོལ་གཞན་དག་ཇི་བཞིན་ཆོས་ཀྱི་ལྟ་བ་འབའ་ཞིག་མཚོན་པ་ཙམ་མ་ཡིན་པར་ཐོད་བརྒལ་རང་བཞིན་བྱུང་ཡོད་དེ།  འཇིག་རྟེན་ཕོ་མོའི་བརྩེ་དུང་དང་འབྲེལ་བའི་རང་དབང་གི་འཚོ་བའི་ཕུགས་འདུན་གཙོ་ཆེར་མཚོན་ཞིང༌།  མི་གཤིས་བཅིངས་འགྲོལ་གྱི་བསམ་བློ་མངོན་ཆུང་གི་སྒོ་ནས་མཚོན་པ་ནི་དེའི་ཐུན་མིན་གྱི་རྩོམ་གཤིས་མཛེས་པ་འགྲུབ་པའི་ཁྱད་ཆོས་ཉག་གཅིག་དེ་ཡིན་སྙམ་མོ།  །
      མཇུག་བསྡུའི་གཏམ།
   གོང་གསལ་གྱི་སྙན་ངག་གི་མཛེས་པ་མཚོན་སྟངས་ཁག་ལས་ཚངས་མགུར་ནི་བོད་ཀྱི་སྲོལ་རྒྱུན་སྙན་ངག་གཞན་དང་མི་འདྲ་བར་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ལྟར་མཆོག་ཏུ་འགྱུར་ཞིང་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་ཡོད་པ་ནི་སུས་ཀྱང་བསྙོན་དུ་མེད་དེ། བོད་ཀྱི་སྲོལ་རྒྱུན་སྙན་ངག་མང་ཆེ་བའི་སྙན་ངག་གི་མཛེས་པ་འདོན་སྟངས་ནི་ཚིག་རྒྱན་འབའ་ཞིག་གི་སྟེང་དུ་གནས་པ་ལས་རྩོམ་པ་པོ་རང་ཉིད་ཀྱི་ནང་བསམ་པའི་དགའ་སྐྱོ་ཆགས་སྡང་སོགས་བཏང་སྙོམས་སུ་བཞག་ཅིང༌།  སྙན་ངག་མེ་ལོང་གི་སྒེར་གཅོད་འོག་མགོ་བོ་བཀྱག་ས་མེད་པ་ལྟ་བུ་ཆགས་ཡོད་པས།  སྙན་ངག་གི་མཛེས་དཔྱོད་ལྟ་བ་སོགས་ཀྱི་ཐད་རྒྱ་གར་གྱི་མཛེས་དཔྱོད་ལྟ་བའི་ཤུགས་རྐྱེན་ཕོག་ཅིང་བོད་པ་རང་གི་ཁྱད་ཆོས་མངོན་པ་ཉུང་ཉུང་ཆགས་ཡོད་སྟབས། དོན་དམ་པའི་བོད་ཀྱི་སྙན་ངག་གི་མཛེས་པ་མངོན་རྒྱུར་ངན་ཤན་ཐེབས་ཡོད།  ཡིན་ནའང་ཚངས་མགུར་ནི་ཚིག་རྒྱན་འབའ་ཞིག་གི་རོལ་རྩེད་ཀྱི་དབྱིངས་སུ་མ་བཞུགས་པར་ནང་བསམ་བློའི་དགའ་སྐྱོ་ཆགས་སྡང་མཚོན་པ་སོགས་དོན་ལ་གཞོལ་ཆེ་བ་མ་ཟད།  དཔེ་དོན་འགོད་སྟངས་སོགས་ཀྱི་ཐད་བོད་པ་རང་གི་མཛེས་དཔྱོད་ལྟ་བ་དང་ཡོངས་སུ་མཐུན་ཞིང་སྙན་ངག་མེ་ལོང་གི་འཆིང་རྒྱ་དམ་པོས་བསྒྲིབས་མེད།  མདོར་ན་ཚངས་མགུར་ནི་སྲོལ་རྒྱུན་གྱི་སྙན་ངག་ཁྲོད་དུ་སྐྱེས་པ་ཀུན་གྱི་ཡིད་ཀྱི་བརྟན་པ་འཕྲོག་པའི་ཡིད་འོང་མཛེས་མ་ཇི་བཞིན་སྙན་ངག་གི་མཛེས་པའི་ཁྱད་ཆོས་དུ་མས་བཅིངས་ཡོད་ལ།  དེའི་དཔེ་དོན་ཕན་ཚུན་མཐུན་སྦྱོར་ཆ་མཉམ་པའི་ཡིད་བརྙན་འགོད་སྟངས་སོགས་སྒྱུ་རྩལ་ཀྱི་ཐབས་རྩལ་དེ་རིགས་དེང་གི་དུས་སུ་ཡང་རིན་ཐང་ཆེས་ཆེར་ལྡན་ཡོད།  མ་གཞི་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་ཏུ་ཡིད་བརྙན་དང་ཡིད་ཡུལ་སོགས་ཀྱི་མིང་བརྡ་བཀོལ་མི་མྱོང་བ་ཡིན་རུང༌།  སྒྱུ་རྩལ་གྱི་མཚོན་ཐབས་དེ་རིགས་སྔ་ས་ནས་ཚངས་མགུར་སོགས་ནང་བེད་སྤྱད་ཡོད་པས།  སྔར་སྲོལ་གྱི་རྩོམ་ཐབས་ལེགས་པོའི་ཁྱད་ཆོས་འདོན་སྤེལ་གྱིས་དེང་དུས་ཀྱི་རྩོམ་རྩལ་བཟང་པོ་དང་ཟུང་འབྲེལ་བྱ་དགོས་པ་ནི་བོད་ཀྱི་སྙན་ངག་གི་མཛེས་པ་ཕྱིར་མངོན་པའི་ཐབས་ལམ་ཞིག་ཡིན་སྙམ་མོ།། །།
དཔྱད་གཞིའི་ཡིག་ཆ།    

①《བོད་ཀྱི་རྩོམ་རིག་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས། དཔའ་རྩེ་དང་ལྷ་རྒྱལ་ཚེ་རིང་གིས་སྒྲིག་རྩོམ་བྱས།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།  ། 1999 ལོའི་ཟླ་ 2 པར་པར་གཞི་དང་པོ་བསྒྲིགས།     P287
   @《སྙན་ངག་གི་རྣམ་བཤད)། སྨད་པའི་དཀོན་མཆོག་སྐྱབས་ཀྱིས་བརྩམས།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།  2003ལོའི་ཟླ་ 2 པར་པར་གཞི་དང་པོ་བསྒྲིགས།     P47
   ③⑦@《བོད་ཀྱི་སྙན་ངག་གི་མཛེས་ཉམས། སུམ་པ་དོན་གྲུབ་ཚེ་རིང་གིས་བརྩམས།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན།  2002ལོའི་ཟླ་ 5 པར་པར་གཞི་དང་པོ་བསྒྲིགས།     P42    P70    P149
   ④⑤([)《དཔྱད་རྩོམ་མུན་འཇོམས་ནོར་བུའི་ཕྲེང་བ [ཚངས་དབྱངས་རྒྱ་མཚོའི་གསུང་མགུར་ངེས་དོན་དུ་བཀྲལ་བ་ཟབ་དོན་འབྱེད་པའི་ལྡེ་མིག་]དོར་ཞི་གདོང་དྲུག་སྙེམས་བློས་བརྩམས།  ཀན་སུའུ་མི་རིགས་དཔེ་བསྐྲུན་ཁང་གིས་པར་དུ་བསྐྲུན།  2004ལོའི་ཟླ༌། 1 པར་པར་གཞི་དང་པོ་བསྒྲིགས།     P60    P57    P59

@《美学教程》周忠厚 编著 学苑出版社 2003 年 5 月 出版 P406
   @⑨《文学理论导込﹀)王先贗  孙文宪 主编 高等教育出版社2o05年6 月第 1 版  P69
P71

 

༢༠༠༩ལོའི་བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་དེབ་༢ པ་ལས་དྲངས།
 
·རྩོམ་ཡིག་གོང་མ:གཞས་ཚིག བཙན་པོའི་མི་རྒྱུད།
·རྩོམ་ཡིག་འོག་མ:ཆང་རག་མ་འཐུང་། ཆང་འཐུང་ན་ཉེས་པ་འདི་འདྲ་ཡོད། །
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·ལོག་རྟོག་སྙིང་སྟོབས་ལ་དཔྱད་པ་་བསྡུས་གྲྭའི་མེ་སྟག། 2011/8/4 17:44:00
·བོད་ཀྱི་མགུར་གླུའི་བྱུང་འཕེལ་སྐོར་གླེང་བ། 2010/12/27 10:46:18
·རླུང་འཕྲིན་རོལ་དབྱངས་རྩོམ་སྒྲིག་པའི་བྱང་ཚད་སྐོར། 2010/11/16 17:26:48
·སློབ་མ་ལ་བོད་སྐད་གཙང་མ་རྒྱག་རྒྱུར་མཛུབ་སྟོན་བྱ་དགོས། 2010/7/2 14:25:55
·ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱི་དཔྱད་རྩོམ་ཞིག༢ 2010/1/30 18:10:55
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 18:16:37 [来自: 112.5.236.197]

 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 18:16:25 [来自: 112.5.236.197]

 评论者:pYKX5zid
�Ƹ�������http://www.355551311.com/yunfuyaoqingren/
�Ƹ��Ƽ���http://www.355551311.com/yunfutuijianren/
http://www.355551311.com/taoxianapp/
http://www.355551311.com/wukazhifu/
http://www.355551311.com/zhifupingtai/
http://www.355551311.com/yuanbaibai/
发表时间:2017/5/7 18:16:23 [来自: 112.5.236.197]

འབྲེལ་ཡོད་དཔྱད་བརྗོད 41 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS