དམངས་གླུ་བསམ་པ་རྣམ་གསུམ།
ངར་ཚེ་སྟོད་བསམ་པ་རྣམ་གསུམ་ཡོད།
རྟ་འདོ་བའི་གོམ་ལག་བདེ་ན་བསམ།
གོས་ཚ་རུའི་འདབ་མ་ཡང་ན་བསམ།
མ་བུ་མོའི་ཤ་རྩ་དཀར་ན་བསམ།
དེ་ཚེ་སྟོད་བསམ་པ་རྣམ་གསུམ་ཡིན།
ངར་ཚེ་སྐེད་བསམ་པ་རྣམ་གསུམ་ཡོད།
སྦྲ་མཐིང་སྨུག་མཁའ་བར་ཡངས་ན་འདོད།
ཇ་ལན་ཆེན་རྩིག་པ་མཐོ་ན་འདོད།
འབྲི་ཐུལ་མའི་གདང་ཐག་རིང་ན་འདོད།
དེ་ཚེ་སྐེད་བསམ་པ་རྣམ་གསུམ་ཡིན།
ངར་ཚེ་སྨད་བསམ་པ་རྣམ་གསུམ་ཡོད།
ཇ་ཡུ་དམར་ཁོལ་མགོ་ཞིམ་ན་འདོད།
མ་སྲུ་མོའི་ངག་སྒོ་འཇམ་ན་འདོད།
ཆོས་མ་ཎི་དུང་ཕྱུར་བུད་ན་འདོད།
དེ་ཚེ་སྨད་བསམ་པ་རྣམ་གསུམ་ཡིན།
དམངས་གླུ་ནི་བོད་ཀྱི་སྒྱུ་རྩལ་རྩོམ་ལུས་ཤིག་ཡིན་ལ་དེ་ལ་སྤྱིར་བཏང་དུ་ཚན་པ་གསུམ་རེ་ཡོད་པ་ལ་དཔེ་དོན་གྱི་འབྲེལ་བ་ཡོད་མེད་གང་རུང་ཡོད་ཀྱང་བརྗོད་བྱའི་ཆ་ནས་ཕན་ཚུན་ལྟོས་གྲུབ་ཀྱི་འབྲེལ་བ་ཡོད། དམངས་གླུ་ལ་བསྟོད་གླུ་དང་། ཁ་མཚར། སྨྲེང་གླུ། གླུ་ཤགས། བཀྲ་ཤིས་སོགས་རྣམ་གྲངས་དུ་མ་ཡོད་པ་ངག་ཏུ་གྱེར་ནས་ལེན་ཅིང་། དབྱངས་རྟ་རིང་ཞིང་སྙན་འཇེབས་ལྡན་པ་འཚོ་གནས་ཁོར་ཡུག་གི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད།