ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
 རྩོམ་ཡིག་ཀློག་པ།

སྨན་བླ་སྐྱབས་ཀྱི་སྒྱུ་རྩལ་ཕྱོཊ་ཀྱི་བཅར་འདྲིའི་ལན།

  རྩོམ་པ་པོ:སྨན་བླ་སྐྱབས།ཡོང་ཁུངས:རྡོ་འབུམ་ཟིན་བྲིས།གཟིགས་གྲངས:2250ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/5/25 10:47:02ཚོགས་ཡར་སྤྲོད:admin
སྐུ་ཞབས་སྨན་བླ་སྐྱབས་ཀྱི་ཆེད་ལས་སྒྱུ་རྩལ་ཕྱོཊ་ཀྱི་བཅར་འདྲིའི་ལན།
 
༡ཁྱོད་ཀྱིས་རང་ཉིད་ཐོག་མར་སྒྱུ་རྩལ་གྱི་ལས་ལ་ཇི་ལྟར་ཞུགས་པ་ལས་འཕྲོས་ཏེ་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་བྱེད་རོགས་གནང་།
སྨན་བླ་སྐྱབས།  ངའི་སྐྱེས་མིང་ལ་སྨན་བླ་སྐྱབས་དང་། སྨྱུག་མིང་ལ་གངས་བུ་དགའ་སྐྱེད་དམ་འབར་རྡེའུ་ཟེར་གྱི་ཡོད། འབར་རྡེའུ་ནི་ང་རང་ཆུང་དུས་ཀྱི་གཅེས་མིང་ཡང་ཡིན། ང་ཨ་མདོ་མང་འབའ་བྱ་གསུམ་གྱི་ཡ་གྱལ་མང་ར་ཡི་འཇག་རི་སུམ་མདོའི་འབྲོག་ཁྱིམ་ཕལ་པ་ཞིག་ཏུ་སྐྱེས་ཤིང། སྔ་གཞུག་ཏུ་མཚོ་ལྷོ་མི་རིགས་དགེ་སློབ་དང་། ཧྲང་ཧེ་ཟློས་གར་སློབ་གླིང་། མཚོ་སྔོན་དགེ་འོས་སློབ་ཆེན་བཅས་འགྲིམས།
གློག་བརྙན་སྐད་སྦྱོར་པ་དང་། འཁྲབ་འཁྲིད་པ། འཁྲབ་གཞུང་རྩོམ་པ་པོ། གར་སྟེགས་འཁྲབ་སྟོན་པ་དང་མདོ་འཛིན་པ། སྒྲ་བརྙན་རྩོམ་སྒྲིག་པ་སོགས་ཀྱི་ལས་ཀ་གཉེར་མྱོང་ཡོད།
 དུས་རབས་སྔོན་མའི་ལོ་རབས་བརྒྱད་བཅུ་པ་ནས་བཟུང་སྟེ་ད་ལྟའི་བར་དུ། སྒྲུང་གཏམ་ཁ་ཤས་དང་། ལྷུག་རྩོམ་དང་འབོལ་རྩོམ་བཅུ་གྲངས། སྙན་རྩོམ་བརྒྱ་ལྷག ཁ་ཤགས་སུམ་ཅུ་ཙམ། གར་ཆུང་ངམ་བཞད་གད་ཟློས་གར་འདུ་བའི་འཁྲབ་གཞུང་སུམ་ཅུ་ལྷག སྒྲ་སྙན་རྡུང་ལེན་གྱི་གླུ་ཚིག་བརྒྱ་གྲངས་དང་གླུ་དབྱངས་ཀྱི་གཞས་ཚིག་ལྔ་བཅུ་ལྷག ཁ་ཤགས་དང་གར་ཆུང་སོགས་ཆེད་བསྒྲིགས་སྒྲ་ཐག་གམ་འོད་འཁོར་བཅུ་གཅིག་ཙམ། སྙན་ངག་གི་དེབ་ཆུང་གཅིག་བཅས་པར་སྐྲུན་འགྲེམ་སྤེལ་བྱས་ཡོད་ལ། དེ་མིན་རླུང་འཕྲིན་ལས་འཁྲབ་བརྗོད་བརྩམས་ཆོས་དྲུག་ཅུ་ལྷག་དང་། གློག་བརྙན་འཕྲིན་བོད་འགྱུར་མ་སྟོང་ཕྲག་ལ་ཉེ་བ། རྩོམ་སྒྲིག་བྱས་པའི་སྒྲ་བརྙན་ཐག་དང་འོད་འཁོར་སྐོར་གཅིག་བཅས་ནི་ལྟོ་རྒྱབ་ཀྱི་དོན་དུ་མ་ལས་ན་མི་ཆོག་པའི་གཞུང་ལས་སུ་གཏོགས། གཞུང་ལས་ཀྱི་ཞོར་དུ་ད་ལྟ་ད་དུང་སྙན་ངག་དང་འབོལ་རྩོམ། བཞད་གད་ཟློས་གར། གཞས་ཚིག་བཅས་གསར་རྩོམ་གྱི་རྒྱུན་སྐྱོང་གིན་པའི་ཁུལ་ཡིན། འོ། རེད། ང་གནས་སྐབས་སུ་མཚོ་སྔོན་མི་རིགས་གློག་བརྙན་འཕྲིན་སྒྱུར་སྐྲུན་ལྟེ་གནས་སུ་གློག་བརྙན་འཕྲིན་བོད་འགྱུར་མ་དག་བཤེར་གྱི་ལས་སྒོ་ན་ཡོད། ང་རང་དང་ཐོག་ལས་ཁུངས་འདིའི་གློག་བརྙན་སྐད་སྦྱོར་པ་ཞིག་ཏུ་གྱུར་པ་དང་དེ་ནས་བཟུང་སྟེ་ངའི་སྒྱུ་རྩལ་དང་རྩོམ་རིག་གི་ལས་ཀ་མགོ་ཚུགས་སོང་།
༢ ཁྱོད་རང་དང་པོ་ཁ་ཤགས་བཤད་རྒྱུའི་གོ་སྐབས་གང་ནས་རག་པ་དང་ཁ་ཤགས་ཅི་ཞིག་བཤད་པ་ཡིན།
སྨན་བླ་སྐྱབས།  ཁ་ཤགས་ཐོག་མ་དེ་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་བཤད་པ་ཡིན། དེ་དུས་བོད་ལ་བརྙན་འཕྲིན་སོགས་བརྒྱུད་ལམ་གཞན་དག་ཡོད་པ་མ་རེད་ལ་རླུང་འཕྲིན་གྱི་དགོང་ཚོགས་ལ་ཞུགས་མཁན་ཡང་ལས་ཁུངས་ནང་གི་ལས་སྣ་རྐྱང་རྐྱང་ཡིན། སྐབས་དེར་ངའི་དགེ་རྒན་རྡོ་རྗེ་རིན་ཆེན་ལགས་ནི་སྒྲུང་གཏམ་རྩོམ་པ་པོ་ཙམ་དུ་མ་ཟད་ཁོང་ནས་སྙན་སྒྲོན་པ་གྲགས་ཅན་ཕུར་བ་དང་མཉམ་དུ་ཁ་ཤགས་ཀྱང་འགའ་རེ་བཤད་མྱོང་ཡོད་འདུག དཔལ་དོན་གྲུབ་རྒྱལ་མཆོག་ནས་བརྩམས་ཤིང་ཁོང་རྣམ་པ་གཉིས་ཀས་བཤད་པའི་ཁ་ཤགས<བོད་ཀྱི་གཏམ་དཔེ>སོགས་དང་། སྒྲུང་གཏམ་འཁྲབ་རྗོད་པ་གྲགས་ཅན་ཆོས་མོ་མཚོ་ལགས་ནས་འཁྲབ་བརྗོད་གནངས་པའི་སྒྲུང་རིང་འགས་ང་ལ་སློབ་གྲྭ་མ་ཐོན་གོང་ནས་བག་ཆགས་ཟབ་མོ་བཞག་ཡོད་སྟབས། ངས་རྒན་ལགས་ཀྱི་བཀའ་བཟློག་མ་ནུས་པར་བྲིས་པའི་ཁ་ཤགས་ཐོག་མ་དེའི་མིང་ལ<སྒྱུ་རྩལ་པ>ཟེར་གྱི་ཡོད་ལ་རྒན་ཆོས་མོ་མཚོ་ལགས་ནས་གདེང་འཇོག་མི་དམན་པ་གནངས་སོང་། དེ་ལྟར་ཁོང་ཚོས་ང་རང་ལམ་ཁ་དེར་བཙན་གྱིས་བརྫངས་སོང་། རིམ་བཞིན་ངའི་བརྩམས་ཆོས་ཡིན་ནོ་ལོ་དེའི་ཁ་བྱང་ནི་ང་རང་གི་ཚབ་མིང་དང་ཆོ་ལོ་གཉིས་ཀར་གྱུར་སོང་བ་རེད་བཞག
༣ ཁ་ཤགས་བཤད་མཁན་ཞིག་ལ་མཚོན་ན་ཁ་ཤགས་བརྩམས་ཆོས་ཡག་པོ་ཞིག་རེག་རྒྱུ་ནི་གལ་ཆེན་པོ་ཡིན་རྒྱུ་རེད། ཁྱོད་ལ་མཚོན་ན་ཁ་ཤགས་བརྩམས་ཆོས་མ་རེག་པའི་དཀའ་ངལ་ཡོད་དམ། ད་དུང་ཁ་ཤགས་བཤད་གྲོགས།
སྨན་བླ་སྐྱབས།  ངའི་ཁ་ཤགས་དང་གར་ཆུང་ཕལ་ཆེ་བ་ང་རང་གིས་བྲིས་པ་ཤ་སྟག་ཡིན། དང་ཐོག་མི་གཞན་དང་མཉམ་འབྲེལ་གྱིས་བྲིས་པའི་ཁ་ཤགས་གཅིག་གཉིས་རེ་ཡོད་ཀྱང་། རྒྱ་ནག་དང་ལྷ་སའི་ཁ་ཤགས་བཤད་མཁན་ཚོ་ལྟར་རྩོམ་མཁན་དང་བཤད་མཁན་སོ་སོ་མ་ཡིན་པ་འདི་ཅུང་དམིགས་བསལ་ཡིན་གྱི་རེད་སྙམ། དེའི་ཕྱིར་ཁ་ཤགས་བརྩམས་ཆོས་རེག་དང་མ་རེག་གི་སྐད་ཆར་ལན་གདབ་རྒྱུ་མི་འདུག འོན་ཀྱང་ཁ་ཤགས་དང་གར་ཆུང་བཤད་གྲོགས་དང་འཁྲབ་རོགས་ཀྱི་ཐད་ནས་ནམ་རྒྱུན་དཀའ་ངལ་ཡོང་གི་རེད། སྐབས་འགར་གསར་རྙེད་འཁྲབ་སྟོན་པའི་ལྷན་སྐྱེས་ཀྱི་ཆ་རྐྱེན་དང་བསྟུན་ནས་འཁྲབ་གཞུང་འབྲི་དགོས་འབྱུང་བའི་དུས་ཀྱང་ཐེངས་མང་པོ་བྱུང་སོང་།
༤རྟ་རྫི་ཞེས་པའི་ཁ་ཤགས་བཞད་གར་དེའི་རྒྱབ་ལྗོངས་བཤད་ན་འགྲིག་གམ།
སྨན་བླ་སྐྱབས།  གསལ་བཤད་ཞུ་དགོས་པ་ཞིག་ལ། 《གེ་སར་རྟ་རྫི》སོགས་ནི་གར་ཆུང་ངམ་བཞད་གད་ཟློས་གར་ཡིན་པ་ལས་ཁ་ཤགས་མིན། དེ་གཉིས་རྩ་བའི་ཆ་ནས་གཏམ་གྱི་སྒྱུ་རྩལ་ཡིན་པ་དང་། བཞད་གད་ཀྱི་སྒྱུ་རྩལ་ཡིན་པ་དང་། ཟུར་ཟའི་སྒྱུ་རྩལ་ཡིན་པ་འདྲ་སའམ་ཉེ་ས་ཡོད་ན་ཡང་། སྒྱུ་རྩལ་གྱི་རྣམ་པའི་ཆ་ནས་སོ་སོའི་མཚོན་སྟངས་ཀྱི་ལྗིད་ཤུགས་འགེལ་ས་ཐ་དད་པར་མ་ཟད། ནང་དོན་གྱི་ཆ་ནས་བསྡུས་བརྗོད་ཀྱི་ཤོང་ཚད་ཀྱང་བསྡུར་ཐབས་ཡོད་པ་མ་རེད། སྒྱུ་རྩལ་གྱི་རྣམ་པའི་འབྱུང་ཡུལ་དང་ཁུངས་གཏུགས་ས་ཡང་ཤར་དང་ནུབ་རེད། དེའི་ཕྱིར། ངས་བོད་རང་གི་ཁ་ཤགས་ཟེར་བའི་རང་སྐྱ་ཐུབ་ཙམ་ཞིག་རྣམ་པ་རྐྱང་བཤད་ནས་ཚོགས་བཤད་ཀྱི་བར་དུ་ལག་ལེན་བྱས་ཚར་བའི་མུར་རང་དང་རང་གི་རིགས་ཀྱི་གནས་བབ་སྒྱུ་རྩལ་གྱིས་མཚོན་པར་གར་ཆུང་ཞེས་པའི་རྣམ་པ་འདི་ལས་འཚམ་པ་ཞིག་རྙེད་མ་སོང་།《གེ་སར་རྟ་རྫི》ཡི་ལེའུ་ཡང་དེ་ལས་མ་འདས། གཏམ་གྱི་གདོང་རིས་ཙམ་དེད་པས་ཀྱང་དུས་དབང་གི་ཉེར་འཚེ་དང་རིག་གནས་ཀྱི་གདོང་གཏུག རང་གཞན་གྱི་སོ་མཚམས་དང་ཆག་སྡང་གི་ས་བོན། ཡ་བྲལ་གྱི་ལྕེ་དང་མི་སེམས་ཀྱི་འོད་སོགས་དེ་ག་ཙམ་རེ་སུས་ཀྱང་མཐོང་ཆོག་ཆོག་ཡིན། གནས་སྐབས་སུ་བློ་རབ་འབྲིང་ཐ་གསུམ་པོས་རང་རང་གིས་ལོན་ཚད་རེ་བླང་ན་ཅི་དགའ། རྒྱབ་ལྗོངས་ནི་རིག་པས་དཔྱད་ན་ཤེས་སླ་པོ་ཡིན།
༥ རོལ་མོ་པ་དང་གྱེར་འདོན་མཁན་ཞེས་པའི་ཁ་ཤགས་བཞད་གར་དེའི་ཁ་བྱང་དང་ཁ་ཤགས་བར་ལ་འབྲེལ་བ་ཅི་ཞིག་ཡོད་དམ།  
སྨན་བླ་སྐྱབས།  འབྲེལ་བ་ལོས་ཡོད། སྔུར་བ་དང་ཞལ་འདོན། སྔུར་བ་འཐེན་པ་དེ་རོལ་མོ་འཁྲོལ་བར་འདོད་མཁན་ཡོད་མི་སྲིད་ན་ཡང་། སྔུར་བ་ནི་སྔུར་བ་རང་སྟེ་མིའི་ལུས་ཁམས་ཀྱི་མ་ཉེས་པའི་རང་བྱུང་སྣང་ཚུལ་ཞིག་ཡིན་པ་རྒན་པོས་ལོས་ཤེས། ཞལ་འདོན་སྟེ་ལྷའི་སྙན་ངག་གམ་ལྷ་ལ་སྙན་ངག་དབྱངས་སུ་གྱེར་ནས་འདོན་པ་བོད་མིའི་གོམས་སྲོལ་དུ་ཡོད་པ་གཞོན་པས་ཀྱང་ལོས་རྟོགས་མོད། ཁྱེད་ཀྱིས་གོང་དུ་དྲིས་པའི་རྒྱབ་ལྗོངས་ཟེར་བ་དེའི་དབང་གིས། རིགས་གཅིག་གམ་ཁྱིམ་གཅིག་གམ་མི་གཅིག་གམ་ལུས་གཅིག་གམ་སེམས་གཅིག་ཡིན་ཆོག་པའི་རྒན་གཞོན་འདི་གཉིས་ཕན་ཚུན་གྱི་དབུགས་དབྱུང་ལའང་སྣང་བ་སུན་པོ་བྱུང་འདུག་ཅིང་། རེ་ཞིག་ཁྱི་ཞི་ཁ་འཛིང་གི་ཚུལ་དུ་ཕན་ཚུན་སུན་ཕྱུང་སྟེ་འདའ་དགོས་པའམ་འདུག་འོས་པ་མཇུག་ཏུའང་བསྟན་ཡོད།
༦ ཁྱོད་རང་ཁ་ཤགས་སྒྱུ་རྩལ་ཙམ་དུ་མ་ཟད་སྙན་ངག་པ་ཞིག་ཀྱང་རེད། རོལ་མོ་པ་དང་གྱེར་འདོན་མཁན་ཞེས་པའི་ཁ་ཤགས་བཞད་གར་དེ་ཁྱོད་ཀྱི་སྙན་ངག་དང་ཕྱོགས་མཚུས་ཀྱི་ཆ་ཞིག་འདུག དེ་གང་རེད་ཟེར་ན་གོ་དཀའ་བའི་ཆ་དེ་རེད། ཁྱོད་ལ་མཚོན་ན་དེ་འདྲ་ཞིག་རེད་དམ།
སྨན་བླ་སྐྱབས།  དྲིས་ཚད་ལ་དག་སེལ་འདྲ་བོ་ཞིག་བྱས་པ་ཡིན་ན་ཡག་པོ་མི་འདུག ཕལ་ཆེར་དེ་འདྲ་ཡིན་ན་ཐང་། འོན་ཀྱང་། ང་རང་གི་ངོས་ནས་བལྟས་པ་ཡིན་ན། དེ་ནི་ཤིན་ཏུ་གོ་སླ་བ་ཞིག་ཡིན་མི་སྲིད་ན་ཡང་ཧ་ཅང་གོ་དཀའ་བ་ཞིག་ཀྱང་ཨེ་ཡིན་ནམ་བསམ་གྱིན་ཡོད། ཧི་ཧི་་་
ངས་བལྟས་ན་གོ་དཀའ་བའི་སྙན་ངག་ཡིན་ནའང་འདྲ་ཁ་ཤགས་ཡིན་ནའང་འདྲ་བརྩམས་ཆོས་གང་ཞིག་ཡིན་ཡང་སྤྱི་ཚོགས་ཀྱིས་གོ་མ་ཐུབ་ན་སྤྱི་ཚོགས་ཀྱིས་མ་གོ་བ་དང་གཅིག་རེད། དེ་ནི་ཁྱོད་ཀྱིས་མ་བརྩམས་པ་དང་གཅིག་རེད་ཅེས་ཀྱང་བཤད་ཆོག ཁྱོད་ལ་འདི་ལྟར་དྲིས་ན་ཁྱོད་ལ་ཚོར་བའམ་བསམ་བློ་ཅི་ཞིག་འཁོར་ཡོང་གིན་འདུག
སྨན་བླ་སྐྱབས།  འདི་ལྟར་དྲིས་ན་གོ་དཀའ་སླའི་ཆ་ལ་དག་སེལ་ཏོལ་ཙམ་ཞིག་ཞུ་དགོས་འདུག སྔོན་རྡོ་སྦིས་དགེ་བཤེས་ཚང་རྒྱ་དཀར་པོའི་འགྲོ་རོགས་འདུར་གྲོགས་ཡིན་དུས་ཤིག་ལ། གོ་མིན་ཏང་གིས་དགེ་བཤེས་ཚང་ལ་ཨ་མདོའི་བོད་མིར་བསྒྲགས་བྱ་ཅི་ཞིག་བོད་ཡིག་གིས་འབྲི་རུ་བཅུག་པར། མི་སེར་གྱིས་ཁ་དམ་དྲགས་པས་མི་གོ་གི་ཟེར་ནས་ཡང་ཡང་ཕྱིར་སློགས་བྱུང་། མཐར་ཧ་ལམ་ཁ་སྐད་འདྲ་བོ་ཞིག་བྲིས་ཏེ་བྱིན་པར་ཡང་མི་གོ་གི་ཟེར། རྡོ་སྦིས་དགེ་བཤེས་ཚང་འུ་ཐུག་སྟེ། འོ་ན་ད་ནི་ངས་བོང་བུས་ཀྱང་གོ་བ་ཞིག་བྲི་དགོས་སམ་ཟེར་སྐད།  དངོས་གནས། ངས་བོང་བུས་ཀྱང་གོ་བ་ཞིག་བྲིས་པ་ཡིན་ན་བོང་བུས་གོ་འགྲོ་བ་མ་ཟད། འུ་ཅག་ལ་གོ་མི་གོ་གླེང་རྒྱུ་ཞིག་སྒོར་ཐོན་རྒྱུ་ཡོད་པ་མ་རེད། དགོད་ཁ་སློང་བྱེད་ཙམ་ཞིག་ཡོད་པས་ཡོད་གོ་ཆོད་ཀྱི་མ་རེད་སྙམ། གོ་མ་ཐུབ་ན་མ་གོ་བ་དང་གཅིག་རེད། དེ་ནི་མ་བརྩམས་པ་དང་གཅིག་རེད་ཅེས་པ་དེར་ང་ཅུང་ཟད་མི་འཐད་གི རྒྱུ་མཚན་ཅི་ཡིན་ཟེར་ན། བརྩམས་ཆོས་ཤིག་བརྒྱ་ཆ་བརྒྱ་བོས་གོ་བཏུབ་པ་ཞིག་ཡིན་ཚེ་དེ་སྒྱུ་རྩལ་བརྩམས་ཆོས་ཤིག་ཡིན་མི་སྲིད་པ་དང་། སྒྱུ་རྩལ་གྱི་རྣམ་པ་གང་རུང་ཀུན་གྱིས་གོ་ནུས་པ་ཡིན་ན་ཆེད་ལས་སྦྱངས་མ་དགོས་པར་ཚང་མ་ཆེད་མཁས་ཆགས་སོང་བ་མིན་ནམ། དེ་འདྲ་ཡུལ་ཕྱོགས་གང་ན་ཡང་ཡོད་ཀྱི་མ་རེད། དེ་རིང་མི་གོ་བ་གང་ཞིག་སང་ཉིན་ག་ལེར་གོ་ཡོང་བ་སྲིད་པ་དང་། ཁྱེད་རང་གིས་མི་གོ་བ་གང་ཞིག་མོ་རང་གིས་གོ་བ་སྲིད་པ་དང་། རང་མིས་མི་གོ་བ་གང་ཞིག་གཞན་མིས་གོ་བ་སྲིད་པ་དང་། མ་སྦྱངས་མཁན་གྱིས་མི་གོ་བ་གང་ཞིག་སྦྱངས་པ་ཅན་གྱིས་ལམ་སང་གོ་སྲིད་པ་དང་། རྒན་རབས་རྣམས་ཀྱིས་མ་སྦྱངས་པས་མི་གོ་བ་གང་ཞིག་གཞོན་རབས་དག་གིས་སྦྱང་དགོས་འབྱུང་ལ་སྦྱངས་ན་གོ་བར་འགྱུར་བའི་སྟབས་ཀྱིས་ད་དུང་ཁ་ཚོན་མ་གཅོད་རོགས། སྒྱུ་རྩལ་བརྩམས་ཆོས་ཚད་ལྡན་ཚེ་ཐུབ་ཅིག་ཡིན་ན་འདས་མ་ད་གསུམ་གྱི་མྱོང་རོལ་མཁན་ཡོངས་ལ་བདག་དགོས་པ་ཆོས་ཉིད་རེད་འདུག ཁ་སང་དེ་རིང་བོད་ཕྱི་ནང་གཉིས་སུ་ཡིག་ངོ་ཆོད་ཙམ་གྱི་དྲ་འབུ་ཡན་ཆོད་ཀྱིས་སྒྱུ་རྩལ་གྱི་རྣམ་པ་ཡོད་དོ་ཅོག་གི་བརྩམས་ཆོས་ལ་རང་བློས་དཔོག་ཚོད་ཀྱི་དཔྱད་བརྗོད་སྤེལ་ཅིང་ལེགས་ཉེས་གླེང་རྒྱུར་ཐེ་མི་ཚོམ་ན་ཡང་ཤེས་ནས་སྨྲ་མཁན་མང་པོ་མི་འདུག དེ་ཡང་སྦྱོང་བའི་གོ་རིམ་ཞིག་ཡིན་སྲིད་ཀྱང་། དེ་ལས་མི་ཤེས་པ་ལ་སྙིང་ཆེ་བའི་ཞད་ཅིག་ཀྱང་མངོན་ཡོང་གིན་འདུག་སྟེ། ང་ཚོས་གློག་བརྙན་ཡག་པོ་ཞིག་ལ་བལྟ་བར་དཔེ་བཞག་ནའང་། སྤྱིར་བཏང་གི་ལྟད་མོ་པས་གློག་བརྙན་གྱི་གཏམ་རྒྱུད་ལས་ལྟད་མོ་གཅིག་རང་མཐོང་ཐུབ་པ་དང་། གློག་བརྙན་ལས་རིགས་ཀྱི་ཆེད་མཁས་སམ་ལས་ཐོག་པ་རྣམས་ཀྱིས་གློག་བརྙན་བརྡ་སྤྲོད་ཀྱི་སྒྱུ་རྩལ་སོགས་ལས་ལྟད་མོ་མང་པོ་ཞིག་མཐོང་ཐུབ་པ་ཡིན། སྦྱངས་དང་མ་སྦྱངས་པའི་སོ་མཚམས་ཀྱང་འདི་ན་ཡོད། མ་སྦྱངས་པ་རྣམས་ཀྱིས་ཡོངས་སུ་གོ་ཐབས་ཡོད་པ་མ་རེད་ཟེར་བ་ཡིན། ང་རང་ལ་མཚོན་ན། བདག་སྒྲ་དང་ཆེན་པོའི་ཆོ་ལོ་འཁུར་བཞིན་དུ་རིག་གནས་དང་བསམ་བློ་དང་སྒྱུ་རྩལ་རང་སྟེང་བཅས་ཀྱི་མཐོ་ཚད་ཅིག་ནས་གཞན་གྱི་ལས་རིགས་མཚུངས་པ་རྣམས་ལ་བསྡུར་རྒྱུ་ཡོད་པ་ཞིག་དང་། རང་གི་ལས་དབང་གཅིག་པ་རྣམས་ལའང་རིན་ཐང་ཡོད་པ་ཞིག་ཤུལ་དུ་འཇོག་ཨེ་ཐུབ་བལྟ་བཞིན་ཡོད། དེའི་ཕྱིར་ཕྱོགས་དེ་གཉིས་ཀར་བསམ་བློ་གཏོང་དགོས་ཀྱི་འདུག བུ་ཕྱི་རབས་པ་དག་ལ་ངས་མི་ཚེ་བསྟིམས་མྱོང་བའི་སྒྱུ་རྩལ་གྱི་བརྩམས་ཆོས་ཆུང་ཆུང་འདི་ཚོ་ཆུ་ཐིགས་ལས་རྒྱ་མཚོ་མཐོང་བྱེད་ལོ་རྒྱུས་ཀྱི་མེ་ལོང་དང་དུས་རབས་ཀྱི་ཟིན་བྲིས་ཤིག་ཉན་ན་སྨོས་ཅི། སྔ་རབས་པ་འཚོ་གཞེས་སྐབས་ཀྱི་བོད་པ་རང་གི་འཚོ་བའི་གོམས་སྲོལ་དང་། བོད་མིའི་ཀུན་སྤྱོད་ཀྱི་འདུ་ཤེས་དང་སེམས་ཁམས་གནས་སྟངས། མི་ཆོས་འབྲེལ་བ་དང་བློ་ཁ་གཏད་སོའི་ཟུར་ཙམ་མཐོང་བའི་རྒྱུ་རུ་གྱུར་ནའང་ཅི་མ་རུང་བསམས་ཡོད།
༨ ན་ནིང་ཁྱོད་ཨ་རི་ཕེབས་ནས་ཁ་ཤགས་བཤད་དུས་ཁྱོད་ལ་ཚོར་བ་ཅི་ཞིག་བྱུང་སོང་།
སྨན་བླ་སྐྱབས།  ངས་རང་གི་གར་ཆུང་དེ་མི་ཆུང་བསམས་པའི་མཚུངས་སུ་བོད་ཀྱི་སྤྱི་སྐད་ཀྱི་སྒང་ནས་བཤད་ཐུབ་མེད་པ་ནི་མ་འཁྱོངས་པའི་ཆ་རེད་བསམས་བྱུང་།
༩ གལ་ཏེ་ཁྱོད་ཀྱི་ཁ་ཤགས་བཞད་གར་ཚང་མ་དབུས་གཙང་གི་སྐད་ཀྱི་སྒང་ནས་སླར་ཡང་འཁྲབ་སྟོན་ཞིག་བྱས་ན་བོད་ལྗོངས་མི་དམངས་ནས་བླ་ན་མེད་པའི་དགའ་བསུ་འཐོབ་པར་ང་ཚོར་ཡིད་ཆེས་ཡོད་མོད། ཁྱོད་ལ་དེའི་གདེངས་ཚོད་ཡོད་དམ།
སྨན་བླ་སྐྱབས། དེ་ནི་ལབ་ཁག་པོ་རེད། དེ་འདྲ་བྱེད་པའི་དབང་དུ་བཏང་ཡང་ངའི་བཞད་གད་ཟློས་གར་གྱི་བརྩམས་ཆོས་མང་ཆེ་ཤོས་མིག་སྔར་གྱི་དབུས་གཙང་དུ་ཞིབ་བཤེར་གྱི་འགག་སྒོ་ལས་ཐར་དཀའ་རྒྱུ་རེད་སྙམ།
༡༠ ཁྱོད་ཀྱི་ཁ་ཤགས་དང་བཞད་གར་ཚང་མ་དབུས་གཙང་གི་སྐད་ཀྱི་སྒང་ནས་འཁྲབ་སྟོན་བྱས་པ་གང་ཡང་མེད་པས། ཁྱོད་ལ་མཚོན་ན་དེ་ལ་བློ་ཕམ་ཡོད་དམ།
སྨན་བླ་སྐྱབས།  ཡོད་དང་ཡོད། ལོ་ན་གཞོན་དུས་དབུས་ལྷ་ལྡན་གཙོས་བོད་ཆོལ་ཁ་གསུམ་གྱི་ལུང་པ་ཡོངས་རྫོགས་ལ་ཕྱིན་ནས་སྐད་རིགས(ཁ་སྐད་སྣ་ཚོགས)ཉམས་ཞིབ་དང་སློབ་སྦྱོང་གི་གོ་སྐབས་ཤིག་རེག་ཐུབ་པའི་སྨོན་འདུན་བཅངས་ན་ཡང་མངོན་དུ་གྱུར་མ་སོང་། ཐ་ན་འདི་གའི་རླུང་གློག་བརྙན་འཕྲིན་གྱི་ལས་ཁུངས་གསུམ་པོའི་བར་དུ་འདུར་རྒྱུག་བྱས་པ་ལའང་ཚད་བཀག་མང་པོ་སྤྲད་མྱོང་ཡོད། འོན་ཀྱང་ད་ལྟ་དེ་འདྲ་མ་རེད།
 ༡༡ གོང་དུ་ངས་ཁ་ཤགས་བཞད་གར་ཞེས་འདྲི་བའི་སྒང་ལ་ཁྱོད་ཀྱིས་ཁ་ཤགས་དང་གར་ཆུང་ངམ་བཞད་གད་ཟློས་གར་ཞེས་སོ་སོར་གླེང་གིན་འདུག དེའི་ཁྱད་པར་ཇི་ལྟར་དབྱེ་ན་འགྲིག
སྨན་བླ་སྐྱབས།  ཨ་མདོའི་ཁ་ཤགས་དང་ལྷ་སའི་དགོད་བྲོའི་གཏམ་གླེང་གཉིས་དོན་གཅིག་མིང་གི་རྣམས་གྲངས་ཡིན་པ་དང་། དེའི་ཁུངས་གཏུགས་ས་རྒྱ་ནག་གི相声ཞེས་པ་དེ་ཡིན་ཕྱིར་རྒྱ་ནག་ལྟར་གཞས་མ་གཏམ་གྱི་ཁོངས་སུ་འཇོག་གི་ཡོད་པ་རེད།
 རྡ་སའི་པ་ཚེ་རིང་ལགས་ཀྱི་ཁ་མཚར་ཟློས་གར་དེ་ནི་འཁྲབ་གཞུང་མེད་ལ་ཡོད་ཀྱང་འཁྲབ་ཡུལ་གྱི་དགོས་དབང་ལྟར་ཐོལ་བྱུང་གི་ཉམས་འབུར་ཐོན་བྱས་སྟབས་བོད་ཀྱི་ཆོབ་བམ་ཁ་མཚར་གྱི་རིགས་ཏེ་ཕྱི་གླིང་གིStand up comedy དང་ཁད་ཉེ་བོ་མེད་འགྲོ་སྙམ།
 གར་ཆུང་ངམ་བཞད་གར་རམ་བཞད་གད་ཟློས་གར་ནི་ཟློས་གར་གྱི་འཁྲབ་ཚན་ཐུང་ངུའི་རིགས་ཤིག་སྟེ། གློག་བརྙན་དང་ཟློས་གར་སློབ་གླིང་དག་ཏུ་རྩོམ་འཁྲིད་འཁྲབ་གསུམ་གྱི་ཆེད་ལས་སློབ་གཉེར་པའི་སྔོན་འགྲོའི་སློབ་ཚན་སྟེ། སྐད་སྒྲའི་གར་ཆུང་དང། མི་སྣའི་གར་ཆུང་དང་། འཁྲབ་ཆས་གར་ཆུང་སོགས་མང་པོ་ཡོད་པ་དང། བརྗོད་བྱ་གང་རུང་ཞིག་ཟློས་གར་འཁྲབ་ཚན་ཞིག་གི་ནང་ནས་མགོ་མཇུག་བར་སྐེད་ཚང་བའི་སྒོ་ནས་འཁྲབ་ཐུབ་པ་བྱ་དགོས། དེ་ཡང་བཞད་གར་རམ་སྤྲོ་གར(Comedy) དང་། ཟློས་གར(Drama) དང་།  སྐྱོ་གར(Tragedy) དང་བཅས་རིགས་ཆེ་བ་གསུམ་ལས། སྔ་མར་གཏོགས་ན་བཞད་གར་རམ་བཞད་གད་ཟློས་གར་ཟེར་དགོས་ཤིང་། ཕྱི་མ་གཉིས་སུ་གཏོགས་ཚེ་གར་ཆུང་ཞེས་ན་འགྲིག འདིའི་འབྱུང་ཁུངས་དང་གཏོགས་ཁུངས་གཉིས་ཀ་འཛམ་པུ་གླིང་གི་ཟློས་གར་གྱི་གཞུང་ལ་གཏུགས་ཆོག་པ་རེད། ངས་སྐབས་དང་སྐབས་སུ་སྔ་མའི་ཁོངས་སུ་ཕྱི་མ་གཉིས་ཀྱི་གྲུབ་ཆའང་བསྡུ་རུབ་ཀྱིས་ཚོད་ལྟ་བྱས་མྱོང་སྟེ། རང་ཅག་ལ་མཚོན་ན་ཕྱི་མ་གཉིས་ནི་ཤིན་ཏུ་དགོས་གལ་ཆེ་བར་མཐོང་། དེ་ནི་འཕྲོས་གཏམ་ཡིན།
༡༢ དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་བ་དང་དགུ་བཅུ་བ། དུས་རབས་ཉེར་གཅིག་གི་ལོ་རབས་དང་པོ་འདི་དག་ལ་བོད་ཀྱི་རྩོམ་རིག་གི་ཁྱད་པར་ག་འདྲ་བྱུང་འདུག་སྙམ། ལོ་རབས་དེ་དག་གི་ཁྲོད་དུ་བོད་ཀྱི་རྩོམ་པ་པོ་དག་གི་རྩོམ་འབྲིའི་རང་གཤིས་ལ་འཕོ་འགྱུར་འགྲོ་སྟངས་ཀྱི་རྒྱུ་རྐྱེན་གང་འདྲ་ཡིན་ནམ། དེའི་སྐོར་ལ་ཁྱེད་ཀྱིས་བསམ་ཚུལ་གང་ལེགས་ཤིག་གསུང་རོགས་གནང་།
སྨན་བླ་སྐྱབས།  ངས་རང་གི་བསམ་ཚུལ་རགས་སྤྱི་ཙམ་མདོར་བསྡུས་ཏེ་ཞུ་གི་ཡིན། ལོ་རབས་བརྒྱད་ཅུ་པར་མི་རིགས་ལར་ཞེན་གྱི་དེད་དཔོན་དཔལ་དོན་གྲུབ་རྒྱལ་ལགས་ཀྱི་བསྒྲགས་གཏམ་སྙན་ངག«ལང་ཚོའི་རྦབ་ཆུ»སོགས་བྱུང་བ་ལ་ཁོང་གི་ན་མཉམ་དག་གིས་ལད་ཟློས་དང་གཞོན་རབས་རྣམས་ཀྱང་རྩོམ་འབྲི་སྦྱོང་བརྡར་གྱི་ལམ་དུ་ཞུགས་སོང་། ལོ་རབས་བརྒྱད་ཅུ་པའི་སྨད་ནས་ལོ་རབས་དགུ་བཅུ་པ་ནི་ལྗང་བུ་དང་འཇུ་སྐལ་བཟང་གི་སྙན་ངག་གཙོ་བོ་ཡིན་པའི་སྙན་ངག་གི་ལོ་རབས་ཤིག་དང་། མདོ་དབུས་གཉིས་སུ་སྒྲུང་རིང་མང་པོ་ཐོན་པའི་ལོ་རབས་ཤིག་ཀྱང་རེད། དུས་རབས་ཉེར་གཅིག་པའི་ལོ་རབས་དང་པོ་ནི་སྐུ་ཞབས་ཞོགས་དུང་གི་འབོལ་རྩོམ་གཙོ་བོ་ཡིན་པའི་རིག་གནས་དགག་སྒྲུབ་ཀྱི་ལོ་རབས་ཤིག་སྟེ། སྐབས་འདིར་འབོལ་རྩོམ་ཙམ་དུ་མ་ཟད་སྒྲུང་གཏམ་དང་། དྲན་ཐོ། དྲ་རྩོམ་སྣ་ཚོགས། ཟློས་གར་རྩོམ་རིག ད་དུང་སྙན་ངག་ཉུང་ཤས་ཤིག་བཅས་ལའང་རིག་གནས་ཕྱིར་རྟོག་གམ་དགག་སྒྲུབ་ཀྱི་བྲོ་བ་ཞིག་འཁྱིལ་འདུག་ལ་བོད་ལའང་རང་དབང་རྩོམ་པ་པོའི་དཔུང་སྡེ་ཞིག་ཆགས་པའི་སྟ་གོན་བྱས་སོང་སྙམ། འདི་ནི་གནས་བབ་སྣ་ཚོགས་ཀྱིས་དེད་དེ་མི་དང་རྩོམ་རིག་གི་འགན་འཁྲིའི་འདུ་ཤེས་སད་མགོ་ཚུགས་པའི་དན་རྟགས་སུ་ཁོ་བོས་འདོད།
༡༣ བོད་ནང་གི་རྩོམ་པ་པོ་རྣམས་དང་སྒྱུ་རྩལ་པ་དག་གིས་རང་དབང་གི་བསམ་བློའི་སྒང་ནས་མཐོ་རིམ་མི་སྣ་བླ་མ་དཔོན་པོ་དང་ཞིང་འབྲོག་ཁུལ་གྱི་དམའ་རིམ་མི་སྣ་དག་གི་བྱ་སྤྱོད་ལ་སུན་འབྱིན་དང་དགག་སྒྲུབ་ཀྱི་ཁ་ཤགས་དང་བཞད་གར་དང་རྩོམ་ཡིག་སྤེལ་གྱིན་ཡོད་པ་རེད། དེ་ལྟར་བྱས་དུས་རྩོམ་པ་པོ་རྣམས་དང་སྒྱུ་རྩལ་པ་དག་གི་རང་ཉིད་ཀྱི་རང་དབང་ལ་གནོད་སྐྱོན་ཐེབས་ཀྱིན་ཡོད་དམ།
སྨན་བླ་སྐྱབས།  དཀའ་ཁག་དང་འཇིགས་སྐུལ་སྣ་ཚོགས་དང་ཕྲད་ཀྱིན་འདུག ཞྭ་མོ་ཡང་འདྲ་མི་འདྲ་གཡོགས་ཀྱིན་འདུག འོན་ཀྱང་རྒྱུ་འབྲས་བློ་མིག་དང་ལྡན་པའི་རྩོམ་པ་པོ་དང་སྒྱུ་རྩལ་པ་ཞིག་ཡིན་ཕྱིན་བདེན་དོན་བརྗོད་པར་སུ་ལའང་མི་འཇིགས་པའི་སྙིང་སྟོབས་ཡོད་དགོས་སྙམ།
༡༤ ཁྱོད་རང་གཞས་ཚིག་རྩོམ་པ་པོ་ཞིག་ཡིན་པའི་ཆ་ནས། ཁྱོད་ཀྱིས་མི་ལ་བལྟས་ནས་གཞས་ཚིག་རྩོམ་གྱིན་ཡོད་དམ། ཡང་ན་གཞས་ཚིག་བརྩམས་ནས་མི་ལ་སྤྲོད་ཀྱིན་ཡོད། གཞས་པ་ཞིག་དང་རྡུང་ལེན་པ་གང་ཞིག་ཡིན་ནའང་ཆོག ཁྱོད་ཀྱིས་དབྱངས་གཙོ་བོར་འཛིན་བཞིན་ཡོད་དམ་ཚིག་གཙོ་བོར་འཛིན་གྱིན་ཡོད། ཡང་ན་ཉམས་གཙོ་བོར་བལྟ་བཞིན་ཡོད།
སྨན་བླ་སྐྱབས།  ཕལ་ཆེ་བ་མི་ལ་བལྟས་ནས་སམ་གཞས་པའི་སྐད་ངག་གི་ཆ་རྐྱེན་དང་ཁྱད་ཆོས་ལ་བལྟས་ཏེ་འབྲི་གི་ཡོད། དྲང་མོར་ཞུས་ན། དང་ཐོག་གཞས་ཚིག་འབྲི་དོན་ནི་སྐབས་དེར་བོད་གཞས་སུ་བཏགས་པ་མང་པོ་ཞིག་གི་གཞས་ཚིག་བོད་སྐད་མ་རེད། དེས་བོད་ཀྱི་སྐད་ཡིག་ལ་ཐེབས་པའི་ངན་སྐྱོན་ནི་ཧང་སངས་པའི་ཚད་དུ་སླེབས་འདུག སྣང་ཚུལ་དེ་བསྒྱུར་ཆེད་ཤུགས་བརྒྱབ་པ་ལ་ད་ལྟ་འབྲས་བུ་ཡང་མི་དམན་པ་ཞིག་ཐོན་སོང་། ངས་ནམ་རྒྱུན་བོད་གཞས་ཡིན་ན་བོད་སྐད་ཡིན་དགོས་ཟེར་གྱི་ཡོད། དེའི་ཕྱིར་ཚིག་གཙོ་བོར་འཛིན་གྱིན་ཡོད་ལ་དབྱངས་ལའང་བླང་བྱ་མཐོན་པོ་འདོན་གྱིན་ཡོད། དབྱངས་ཡག་པོ་ཞིག་སྦྱོར་མ་ཐུབ་ན་ཚིག་འཕྲོ་བརླག་ཏུ་ཕྱིན་འགྲོ་སྙམ།
    ཁྱེད་ཀྱིས་རྡུང་ལེན་པ་ཡང་གླེང་བྱུང་། ངས་ད་ལྟ་སྒྲ་སྙན་རྡུང་ལེན་གྱི་གླུ་ཚིག་ནི་དམིགས་བསལ་རེ་གཉིས་མ་གཏོགས་འབྲི་གི་མེད། རྒྱུ་མཚན་ཅི་ཡིན་ཟེར་ན། སྒྲ་སྙན་རྡུང་ལེན་ཇི་ལྟར་འགྱུར་བའི་དབང་དུ་བཏང་ནའང་དེའི་གླུ་ཚིག་ནི་གཞན་སྐད་དུ་འགྱུར་བའི་ཉེན་ཁ་མི་འདུག དེའི་ཕྱིར་ལས་ཀ་དེ་གཞན་ལ་བསྐྱུར་བཞག
            རྡོ་འབུམ་ཟིན་བྲིས་སུ་སྐུ་ཞབས་སྨན་བླ་སྐྱབས་ཀྱི་ཟིན་བྲིས་གཙོད་ཀྱི་ལས་དབང་ལས་དྲངས་པ་ཡིན།
 
·རྩོམ་ཡིག་གོང་མ:ང་ཚོར་སིམ་པ་སྟེར་བའི་དཔེ་ཚོགས་ཤིག་ངོ་སྤྲོད།
·རྩོམ་ཡིག་འོག་མ:མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·ཐང་ག་བྱ་བའི་མིང་བོད་སྐད་རྣལ་མ་ཡིན་པའི་སྐོར། 2015/11/19 12:01:23
·སྒྱུ་རྩལ་དང་མི་གཤིས། 2011/3/24 20:08:55
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uFTTnEa0
<a href="https://www.bj-arts.com/">�ۻ���</a>
<a href="https://www.hxxx.net/">��˿������</a>
<a href="https://www.xinhushi.com/">�����ع�</a>
<a href="https://www.job114.net.cn/">����������</a>
<a href="https://www.qqhru.net/">����������</a>
发表时间:2018/12/6 20:12:09 [来自: 112.5.248.254]

 评论者:m.bj-arts.com
�ۻ���https://m.bj-arts.com
��˿������https://www.hxxx.net
ȯ֮��https://www.daxiangjiao1234.com
发表时间:2018/11/24 1:36:08 [来自: 112.5.248.152]

 评论者:a6TVn6te
https://www.bj-arts.com/index/cate/cid/8.html
https://www.bj-arts.com/index/cate/cid/9.html
https://www.bj-arts.com/article/index.html
https://www.bj-arts.com/index/cate/cid/10.html
https://www.bj-arts.com/index/cate/cid/11.html
发表时间:2018/11/15 11:21:51 [来自: 112.5.248.229]

འབྲེལ་ཡོད་དཔྱད་བརྗོད 42 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།25.39MS