ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> ཚངས་དབྱངས་ཞིབ་འཇུག
 རྩོམ་ཡིག་ཀློག་པ།

《རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་》 ལ་ཅུང་ཟད་དཔྱད་པ།

  རྩོམ་པ་པོ:བསོད་ནམས་མཚོ་མོ།ཡོང་ཁུངས:དྲ་ཐོགགཟིགས་གྲངས:10695ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2010/3/25 21:27:11ཚོགས་ཡར་སྤྲོད:ངེད།
༄༅།། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ ལ་ཅུང་ཟད་དཔྱད་པ།
བསོད་ནམས་མཚོ་མོ།
[ ནང་དོན་གནད་བསྡུས ] དཔྱད་རྩོམ་འདིའི་ནང་གཙོ་གནད་རྒྱལ་བ་ཚངས་དབྱངས་རྒྱ་མཚོས་མཛད་པའི་མགུར་གླུའི་བརྗོད་དོན་ལ་བརྟག་སྟེ་མགུར་དེ་གང་ཉིད་ཀྱི་ལྗགས་རྩོམ་དངོས་ཡིན་མིན་དང༌། མགུར་དེ་ལས་སྐབས་དེའི་བོད་དང་བོད་སྲིད་གཞུང་གི་གནས་སྟངས་མཚོན་ལུགས། མིའི་བསམ་སྤྱོད་བཅས་མཚོན་པར་བྱེད་ལུགས་ཀྱི་འགྲེལ་ཚུལ་ཞིག་བསྟན་ཡོད།
[ བརྡ་ཆད་གཙོ་བོ ] ཚངས་དབྱངས་རྒྱ་མཚོ། མགུར་གླུ། འགྲེལ་ཚུལ། མཚོན་དོན།
           དང་པོ། རྩོམ་པ་པོ་ངོ་སྤྲོད་མདོ་ཙམ།
  རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ནི་རབ་བྱུང་བཅུ་གཅིག་པའི་ཆུ་ཕག་སྤྱི་ལོ་ 1683 ལོར་ལྷོ་ཁ་མཚོ་སྣ་རྫོང་ཁོངས་མོན་ལ༌། འོག་ཡུལ་ཞེས་པར་ཡབ་བཀྲ་ཤིས་བསྟན་འཛིན་དང༌། ཡུམ་ཚེ་དབང་ལྷ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྤྱི་ལོ་ 1697 ལོའི་ཟླ་བ་ 9 པའི་ཚེས་ 17 ཉིན་པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱི་དྲུང་ནས་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་ལ་རིག་འཛིན་ཚང་དབྱངས་རྒྱ་མཚོ་ཞེས་སུ་གསོལ། ལོ་དེའི་ཟླ་བ་ 10 པའི་ཚེས་ 25 ཉིན་ཕོ་བྲང་པོ་ཏ་ལར་གདན་དྲངས་ནས་རྒྱལ་དབང་གི་གསེར་ཁྲིར་མངའ་གསོལ། དེ་ནས་དགུང་ལོ་ཉེར་ལྔ་བར་བསྟན་སྲིད་ཀྱི་ཕྱག་སྲོལ་སྐུ་ཕྲེང་གོང་མའི་དུས་ཇི་ལྟར་ཚུགས་པ་བཞིན་སྐྱོང་བར་མཛད། དགུང་ལོ་ཉེར་ལྔ་ཕེབས་པའི་ཚངས་དབྱངས་རྒྱ་མཚོ་སྤྱི་ལོ་ 1707 ལོའི་སྟོན་ཁར་པོ་ཏ་ལའི་ཁྲི་ལས་ཕབ་ནས་པེ་ཅིན་དུ་གདན་དྲངས། ཡིན་ནའང་ལོ་དེ་གའི་ཟླ་བ་བཅུ་གཉིས་པར་མཚོ་སྔོན་པོའི་ཉེ་འགྲམ་ཀུན་དགའ་ནོར་དུ་སྙུང་གཞིས་རྐྱེན་པས་དགོངས་པ་རྫོགས་ཞེས་གསོལ་དཔོན་བློ་གྲོས་དབང་ཕྱུག་གིས་གཙོས་པའི་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་ཀྱི་བཞེད་པ་ཡིན། འོན་ཀྱང་དེ་དང་ལྟ་བ་གཅིག་མཚུངས་མ་ཡིན་པ་ཞིག་ནི་ལྷ་བཙུན་པཉི་ཏས་སྐུ་ཚེ་སྨད་ཀྱི་མཛད་པ་ཡོད་པར་བཞེད་ནས་གསང་རྣམབརྩམས་གནང་སྟེ་དགུང་ལོ་ཉེར་ལྔར་ཀུན་དགའ་ནོར་དུ་ཕེབས་
མཚམས་གསང་སྟབས་ཀྱིས་བྲོས་བྱོལ་དུ་ཕེབས་ནས་རྒྱ་གར་དང༌། རྒྱ་ནག མདོ་ཁམས། དབུས་གཙང༌། བལ་ཡུལ་སོགས་སུ་གནས་མཇལ་དུ་ཕེབས་པ་དང་དགུང་ལོ་སོ་བཞིར་སླར་མཚོ་སྔོན་དང་སོག་ཡུལ་དུ་བྱོན་ནས་བསྟན་འགྲོའི་དོན་མཛད་པ་དང་མཐར་དགུང་ལོ་རེ་བཞི་པར་སོག་ཡུལ་ཨ་ལག་ཤར་སྐུ་མྱ་ངན་ལས་འདས་པར་གསུངས།
  གོང་གསལ་གྱི་བཞེད་པ་འདྲ་མིན་གཉིས་པོར་རང་རང་སོ་སོའི་ཚད་དང་མཐུན་པའི་གནས་ལུགས་རྒྱུ་མཚན་ཞིག་མཆིས་པ་ལས་དོན་མེད་གཞན་གྱི་ཟེར་སྒྲོས་སུ་འབྲངས་པ་ཞིག་ནི་ཡེ་ནས་མིན། དེའང་ལྟ་བ་གོང་མར་ཆ་མཚོན་ན་གསོལ་དཔོན་བློ་གྲོས་དབང་ཕྱུག་ཁོང་ནི་སྐུ་ཕྲེང་དྲུག་པ་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་རྒྱ་ནག་ཏུ་ཕེབས་སྐབས་ཀྱི་ཞབས་ཕྱི་དྲག་པ་བཞིའི་གྲས་ཤིག་ཡིན་པ་དང༌། ཡང་ལྷ་བཙུན་ པཎྜི ཏ་ནི་སྐུ་ཉིད་ཀྱིས་གཅེས་པར་བསྐྱངས་ཤིང་སྐུ་ཚེ་སྨད་ཀྱི་སློབ་བུ་ཡིན་པར་གསུངས། དེ་ལྟར་ཁོང་གཉིས་ཀའི་གསུང་ལུགས་ལ་རང་ཉིད་བདེན་པར་སྒྲུབ་པའི་རྒྱུ་མཚན་ཚགས་སུ་ཚུད་པ་ཡོད་ཀྱང༌། དོན་དམ་པར་བདེན་དོན་ནི་གཅིག་ལས་མི་སྲིད་ཅིང་ལྷག་དོན་སྐྱེ་བོ་ཞིག་གི་གཤེགས་དུས་ལ་ཆ་མཚོན་ན་དེ་བས་ཀྱང་དེ་ལྟར་རེད། རང་ཉིད་ནི་ལྷ་བཙུན་ པཎྜི ་ཏའི་རྗེས་སུ་འཇུག་པར་འདོད་དེ། དེ་ལྟར་འདོད་དོན་ཡང་ཁོང་གི་གསང་རྣམ་དུ་དངོས་སུ་གསལ་བར་སྐུ་ཉིད་མཚོ་སྔོན་པོའི་ཉེ་འགྲམ་ཀུན་དགའ་ནོར་དུ་བཞག་སྡོད་གནང་སྐབས་མཚན་གུང་ལ་བྲོས་ཕེབས་རྒྱུ་ཡིན་པ་དེར་ཡོད་ཞབས་གྲས་གཅིག་ལ་དངོས་སུ་གསུངས་ནས་བྲོས་བྱོལ་དུ་ཕེབས་པ་གསལ་ཞིང༌། ད་དུང་སྐུ་ཉིད་འཛམ་བུའི་གནས་མཆོག་དག་ལ་གནས་མཇལ་དུ་ཕེབས་པ་དང་ལྷག་དོན་རྒྱ་གར་རྡོ་རྗེ་གདན་དུ་རྒྱ་གར་སློབ་དཔོན་ཞིག་གི་ཕེབས་རོགས་འོག་མཉམ་དུ་གནས་མཇལ་ལ་ཕེབས་པ་སོགས་ཞིབ་ཅིང་ཕྲ་བ་གསལ་བའི་དབང་གིས་སོ།
  གཉིས་པ། ཚངས་མགུར་དང་འབྲེལ་ཡོད་གནད་དོན་་འགའ།
ཚངས་དབྱངས་རྒྱ་མཚོའི་མགུར་གླུ་ནི་བོད་ཀྱི་སྙན་་རྩོམ་གྲགས་ཅན་ཞིག་ཡིན་པས་བོད་ཀྱི་རྩོམ་རིག་ཧྲིལ་པོའི་ནང་གནས་བབས་ངེས་ཅན་ཞིག་བཟུང་ཡོད་པ་མ་ཟད་འཛམ་གླིང་ཡུལ་གྲུ་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད།མགུར་གླུ་དེའི་དཔེ་རྒྱུན་སྔ་མའི་དུས་སུ་ཤིང་པར་དང་ལག་བྲིས་ངག་རྒྱུན་བཅས་ཐབས་གསུམ་ལ་བརྟེན་ནས་ཕྱི་རབས་པར་བརྒྱུད་མྱོང་བ་དང་དུས་ཕྱིས་སུ་དངོས་སུ་པར་དུ་བཏབ་ནས་མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་སོ་སོས་པར་སྐྲུན་བྱས་པའི་པར་གཞི་རེ་ཡོད། མགུར་གླུ་དེ་ད་བར་རྒྱ་ཡིག་དང༌། དབྱིན་ཡིག འཇར་པན་ཡི་གེ་ལ་སོགས་ཡིག་རིགས་མང་པོར་བསྒྱུར་ནས་ཞིབ་འཇུག་བྱས་དང་བྱེད་བཞིན་པ་ཡིན་ལ་འབྲས་བུ་ཡང་མི་དམན་པ་ཐོབ་ཡོད།
  ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་རྩོམ་པ་པོ་ཡང་སྙིང་རིག་འཛིན་ཚངས་དབྱངས་རྒྱ་མཚོ་ཡིན་ནམ་མིན། ལྷ་བཟང་ཕྱོགས་གཏོགས་ཀྱིས་སྐུ་ཕྲེང་དྲུག་པར་དམའ་ཕབ་པའི་ཆེད་དམངས་ཁྲོད་ཀྱི་མཛའ་གླུ་ཕྱོགས་བསྡུས་བྱས་ཏེ་སྐུ་ཉིད་ཀྱི་མཛད་པར་བསྙོན་འཛུགས་བྱས་པ་རེད་ཅེས་པའི་ལྟ་ཚུལ་ལོ་རྒྱུས་ཐོག་རྐང་པ་འཛུགས་ཐུབ་མིན་བཅས་པའི་གནད་དོན་རྣམས་ལ་ཤོད་ཚུལ་མང་བས། ད་བར་ཐག་ཆོད་པའི་སྡོམ་ཚིག་ཅིག་འཇོག་པར་དཀའ་ཡང་རྒྱལ་བ་ཚངས་དབྱངས་པ་རང་གིས་གླུ་ཚིག་གསར་རྩོམ་མཛད་པའི་ལོ་རྒྱུས་ཀྱང་ཧ་ཅང་མང་པོ་ཡོད་པ་དང༌། ཁོང་གིས་རྒྱ་ནག་ཏུ་ཕེབས་པའི་ལམ་བར་བརྩམས་པའི་བསང་མཆོད་དང༌། བསྔོ་སྨོན་ལ་སོགས་པའི་ཕྱག་རྩོམ་གྱི་ཁྲོད་དུ་མགུར་གླུའི་སྐད་བརྡའི་ཉམས་འགྱུར་དང་རྣམ་པ་གཅིག་མཚུངས་སུ་གྱུར་པའི་རྩོམ་དེ་འདྲ་མཐོང་རྒྱུ་ཡོད་པར་དཔག་ན། སྤྱིར་མགུར་གླུ་དེའི་རྩོམ་པ་པོ་ཚངས་དབྱངས་རྒྱ་མཚོ་ཡིན་པར་ཐེ་ཚོམ་བྱེད་དགོས་དོན་མེད། ཡིན་ནའང་མགུར་གླུ་དེ་ཕྱོགས་བསྡུས་བྱས་པའི་དཔར་གཞི་ཁག་ལ་མགུར་ཚན་པ་ལྔ་བཅུ་ལྷག་ཙམ་དང༌། དྲུག་ཅུ་ལྷག་ཙམ། བདུན་ཅུ་ལྷག་ཙམ་བྱས་པ་ཡོད་ལ། བརྒྱ་དང་ཉི་ཤུ་ལྷག་བྱས་པའང་ཡོད་ཅིང༌། འགའ་ཞིག་གིས་དེ་ལས་མང་བ་བཞེད་མཁན་ཡང་ཡོད། དོན་དངོས་གནད་དོན་དེར་གཞིགས་ནས་མགུར་གླུའི་རྩོམ་པ་པོ་སུ་ཡིན་མིན་ཐད་སླར་ཡང་དོགས་གཞི་སྣ་ཚོགས་ཡོང་སྲིད་ཀྱང༌། སྤྱིར་ཚངས་དབྱངས་རྒྱ་མཚོའི་མགུར་དེ་རྣམས་ནི་ཡུལ་དང་གནས་ངེས་མེད་དུ་ཐོལ་བྱུང་གིས་ཚན་པ་རེ་གཉིས་ཙམ་བྱས་ནས་གསར་རྩོམ་གྱིས་དམངས་ཁྲོད་དུ་དར་ཁྱབ་བྱུང་བ་ལས་མགུར་གླུ་ཧྲིལ་པོ་རྩོམ་པ་པོས་སྨྱུ་གུ་འཛུགས་ཐེངས་གཅིག་ལ་རྒྱུན་མཐུད་དེ་བརྩམས་པ་ཞིག་མིན་པས། བསྡུ་སྒྲིག་བྱེད་པའི་བརྒྱུད་རིམ་ནང་མང་ཉུང་སྣ་ཚོགས་ཡོང་སྲིད་པ་དང༌། ད་ཕན་ཁོང་གིས་བརྩམས་པའི་མགུར་གླུར་ཡང་སྙིང་ཚན་པ་ཇི་ཙམ་ཡོད་པ་གྲངས་ངེས་གཏན་ཞིག་སུ་ལའང་འཆད་རྒྱུ་མེད། འོན་ཀྱང་ད་ལྟ་མཐོང་ཡུལ་དུ་གྱུར་པའི་མགུར་ཚན་པ་དྲུག་ཅུ་བདུན་ཅུའི་པར་གཞི་དེ་རྣམས་ནང་དོན་དང་ཚིག་སྦྱོར་ག་ནས་བལྟས་ཀྱང་ཚངས་དབྱངས་རྒྱ་མཚོ་རང་གིས་བརྩམས་གནང་བར་ཡིད་ཆེས་ཁུངས་བཙུན་ལྟ་བུ་འདུག་པ་མ་ཟད་མགུར་གླུ་དེ་ནི་སྔར་ནས་ད་བར་རྒྱ་ཆེའི་བོད་རིགས་མང་ཚོགས་ཁྲོད་ས་ཁྱབ་རྡོ་ཁྱབ་ཡིན་ལ་ཁོ་ཚོས་དགའ་གཅེས་རྣམ་དག་བྱེད་པ་ནི་ལས་ཞོར་དང་དགའ་སྐྱིད་ལ་སོགས་པའི་དུས་སྐྱེས་ཕོ་མོ་རྒན་གཞོན་ཚང་མས་མགུར་གླུའི་ཚིག་རྣམས་བེད་སྤྱད་ནས་དབྱངས་སུ་གྱེར་བ་ལས་མཚོན་ཐུབ་པས། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དེ་ནི་དུས་ནམ་ཡང་སྲོག་རྒྱུན་ཆད་དུ་མེད་པའི་གསོན་ཤུགས་ལྡན་པའི་གྲགས་ཅན་སྙན་རྩོམ་ཞིག་ཡིན།
            གསུམ་པ། མགུར་གླུའི་ནང་དོན་ལ་དཔྱད་པ།
  སྐུ་ཉིད་ཀྱིས་བརྩམས་གནང་བའི་མགུར་གླུ་ནི་དགོས་པ་དམིགས་བསལ་ཅན་སྣ་ཚོགས་ལ་བརྟེན་ནས་བརྩམས་པ་ཞིག་ཡིན་པས། བདག་སོགས་ཕྱི་རབས་པ་རྣམས་ཀྱིས་ཀྱང་རང་རང་གི་འདོད་ཚུལ་རེ་བཟུང་ནས་འགྲེལ་པ་འདྲ་མིན་སྣ་ཚོགས་ཤིག་བྱས་ཡོད་པ་ལས་ད་བར་ང་ཚོའི་མིག་མདུན་དུ་གཅིག་གྱུར་གྱི་ལྟ་སྟངས་ཤིག་གྲུབ་མེད།
  དེའང་དཔེར་ན་སྐྱེ་བོ་འགའ་ཞིག་གིས་སྐུ་ཉིད་ཀྱི་མགུར་གླུའི་ཚིག་ཟིན་ཙམ་ལ་ཕོ་མོའི་བར་གྱི་མཛའ་གཏམ་ཁོ་ནར་སྦྱར་ཏེ་འགྲེལ་པ་མཛད་པ་དང་ལྷག་དོན་སྐུ་ཉིད་རབ་བྱུང་གི་ཆ་བྱད་བཞེས་ནས་གམ་དུ་ཟླ་མོའི་ཚུལ་སོགས་སུ་བུད་མེད་བརྟེན་པའི་འདྲ་གཟུགས་དཔེ་ཤོག་གི་སྟེང་དུ་བཀོད་པ་སོགས་ནི་ཁོ་མོས་བསམ་ཚེ་ཤིན་ཏུ་ནས་ཐལ་ཆར་སོང་བར་མཐོང༌། དེ་ནི་ཁོང་གིས་རང་ཉིད་ཀྱི་སྡོམ་པ་སླར་པཎ་ཆེན་སྐུ་ཕྲེང་ལྔ་པ་མཆོག་ལ་ཕུལ་རྗེས་འཇིག་རྟེན་ཁྱིམ་པར་ལོངས་སྤྱོད་གནང་བ་ཞིག་ལས་སྔར་སྡོམ་ཁྲིམས་སྲུང་ནས་བཞུགས་སྐབས་དེ་ལྟར་གནང་བ་ནི་གཏན་ནས་མི་སྲིད། གཞན་ཡང་ཁོང་གི་མགུར་གླུར་འགྲེལ་པ་གནང་མཁན་འགའ་ཞིག་གིས་སྐབས་དེའི་ལོ་རྒྱུས་དང་སྲིད་དོན་གྱི་གནས་ཚུལ་གཙོ་བོར་སྟོན་པ་བཟུང་ནས་འགྲེལ་པ་བྱེད་པ་དང༌། ཡང་འགའ་ཞིག་གིས་ཟབ་མོ་ཆོས་ཀྱི་གནས་ལུགས་གཙོ་བོར་སྟོན་པ་བཟུང་ནས་འགྲེལ་ཚུལ་སོགས་མང་བས་སྒྱུ་རྩལ་གྱི་བརྩམས་ཆོས་ལ་ལྟ་ཀློག་བྱེད་མཁན་གྱི་ཀློག་པ་པོ་མི་འདྲ་བ་དང་ཤེས་ཚད་མཐོ་དམའ་བར་སོ་སོའི་གོ་ཕྱོགས་ལ་གཞིགས་ནས་གོ་བ་ལེན་གྱི་ཡོད་པ་ནི་རྒྱུན་འབྱམས་རང་བཞིན་ལགས། དེ་ལྟར་རྒྱུ་མཚན་ཡོད་པའི་ཐོག་གོ་བ་ཇི་ལྟར་ལེན་ཡང་ཆོག་པ་ནི་རྩོམ་རིག་ཡོངས་ཀྱི་ཆོས་ཉིད་དུ་གྲུབ། དེའི་དབང་དུ་བྱས་ན་མགུར་གླུ་དེར་འགྲེལ་པ་ཇི་ལྟར་བྱས་ཀྱང་ཆོག་པ་ཡིན། འོན་ཀྱང་མགུར་ཐམས་ཅད་འདོད་གཏམ་ལ་སྦྱར་ནས་འགྲེལ་པ་གནང་བ་ནི་ཤིན་ཏུ་ནས་མི་འཚམས་པ་ཞིག་རང་ལགས། རྒྱུ་མཚན་དེ་ཡི་ཕྱིར་ན་ཚང་དབྱངས་རྒྱ་མཚོའི་མགུར་ལ་སྒྲ་ཇི་བཞིན་དུ་གོ་བ་ལེན་རུང་བ་ཞིག་དང་སྒྲ་ཇི་བཞིན་དུ་གོ་བ་ལེན་མི་རུང་བའི་རིགས་གཅིག་བཅས་རྣམ་པ་དམིགས་བསལ་ཅན་གྱི་ཁྱད་ཆོས་གཉིས་ཡོད་པས་འདིར་ཁོ་མོས་ཁོང་གི་མགུར་ལ་གོང་གི་མཛའ་གཏམ་ཁོ་ནར་འགྲེལ་ཚུལ་གྱི་ལྟ་བ་འཛིན་མཁན་དག་ལས་བརྒལ་ཏེ་གཞན་གྱི་འགྲེལ་ཚུལ་ཕྱི་མ་གཉིས་དང་འདྲ་བར་རང་ཉིད་ཀྱི་ཤེས་ཚད་ལ་གཞིགས་ནས་འགྲེལ་པ་མི་གཅིག་པ་གསུམ་ཙམ་དཔེར་བརྗོད་དང་སྦྲགས་ཞུ་བར་བྱའོ།
  ༡ ཆོས་ཀྱི་གནས་ལུགས་སྟོན་པའི་མགུར་གླུའི་དཔེ་མཚོན་བཤད་པ།
  ཚངས་དབྱངས་རྒྱ་མཚོ་ནི་རྒྱལ་བ་ལྔ་པ་ཆེན་པོའི་སྐུ་སྐྱེ་ཡིན་པ་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་སྐྱེ་བོ་ཕལ་མོ་ཆེས་ངོས་འཛིན་པ་བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་སོགས་སུ་གསལ་འཁོད་ལྟར་ལགས་ན་སྐྱེ་བ་སྔ་མ་ཆོས་ཕྱོགས་ཀྱི་མི་སྣ་ཞིག་ལ་ཆ་མཚོན་ན་སྐྱེ་བ་ཕྱི་མར་དེའི་ཤུགས་རྐྱེན་ཐེབས་པ་ནི་ཆོས་ཀྱི་ལྟ་ཚུལ་འཁྲུལ་མེད་ཅིག་ཡིན།
  དེས་ན་ཁོང་གིས་བརྩམས་པའི་མགུར་གླུའི་ངོས་ནས་སྨོས་ན་ཆོས་ཀྱི་གནས་ལུགས་བསྟན་རྒྱུ་ནི་གལ་ཆེའི་ནང་དོན་ཞིག་ཡིན་པར་བརྗོད་ཆོག་དཔེར་ན། ཤི་དེ་དམྱལ་བའི་ཡུལ་གྱི། །ཆོས་རྒྱལ་ལས་ཀྱི་མེ་ལོང༌། །འདི་ནས་ཁྲིག་ཁྲིག་མི་འདུག །དེ་ནས་ཁྲིག་ཁྲིག་གནང་ཞུ། །ཞེས་ལས་དཀར་ནག་ལ་འབྲས་བུ་འཛོལ་བ་མེད་པ་དཔེ་ནས་ཀྱི་ས་བོན་ལ་འབྲས་བུ་སྲན་མ་འབྱུང་མི་སྲིད་པ་ལྟ་བུ། ས་འདི་ནས་མཐོང་ཆོས་མྱོང་འགྱུར་དུ་འབྲས་བུ་སྨིན་པའི་ཁྲིག་ཁྲིག་སམ་གཏན་གཏན་མེད་ཀྱང༌། གཤིན་རྗེའི་མེ་ལོང་ནང་དུ་དཀར་ནག་ཤན་འབྱེད་འོང་བས་འདི་ནས་ངན་པ་རྒྱ་ཡན་འགྲོ་ཐུབ་ནའང་དེ་ན་ཐར་ཐབས་མེད་ཅེས་པ་དང༌། ད་ལོ་བཏབ་པའི་ལོ་ཏོག ། སང་ཕོད་མ་སྨིན་ཟེར་ན། །གནམ་གྱི་སྦྲང་ཆར་སིལ་མ། །ཐུགས་བསམ་བཞེས་རོགས་གནང་དང༌། །ཞེས་པ་སྤྱིར་རྒྱུ་ཚོགས་གྲངས་ཚང་བ་ལས་འབྲས་བུ་འབྱུང་བ་ཆོས་ཉིད་ཡིན་ཞིང༌། གལ་ཏེ་ས་བོན་བཏབ་ཀྱང་ལོ་ཏོག་མ་སྐྱེས་ན་ས་ལུད་དྲོད་གཤེར་བཅས་ཀྱི་མཐུན་རྐྱེན་ཚང་མ་ཚང་ལ་བརྟག་དཔྱད་ནན་པོ་བྱེད་དགོས་པ་འདུག་ཅེས་དང༌། ང་དང་ཚོང་འདུས་བུ་མོ། །ཚིག་གསུམ་དམ་བཅའི་མདུད་པ། །ཁྲ་བོའི་སྦྲུལ་ལ་མ་བརྒྱབ། །རང་རང་ས་ལ་གྲོལ་སོང༌། །ཞེས་མཛའ་བཤེས་རྣམས་ནི་ཚོང་འདུས་དབུས་ལྷན་དུ་འཕྲད་པའི་སྙིང་སྡུག་བུ་མོ་འདྲ་སྟེ། ཕན་ཚུན་མཛའ་གཅུགས་ཀྱི་མདུད་པ་དམ་པོར་བརྒྱབ་ཀྱང༌། འདུས་མཐར་བྲལ་ནས་རང་རང་སོ་སོའི་གནས་སུ་འདོང་བ་ལས་འོས་མེད་ཅེས་པའི་དོན་ཡིན། དཔེར་ན།དཀར་ནག་ལས་ཀྱི་འབྲས་བུ། ། ད་ལྟ་ལྐོག་ཏུ་བཏབ་ཀྱང༌། །འབྲས་བུ་སྦས་པས་མི་ཐུབ། །རང་རང་སོ་སོར་སྨིན་ཤིས། །ཞེས་ཟབ་མོ་ཆོས་ལ་སྦྱར་ནས་འཇིག་རྟེན་ཁ་དཔེར་གྲགས་པའི་“ལས་ལ་དགེ་སྡིག་ཡོད་པ་ཆ་མཆིས་ཀྱང༌། །རྣམ་སྨིན་ཕྲལ་དུ་སྨིན་པ་ཆ་མ་མཆིས། །”ཞེས་པའི་གནས་ལུགས་བཞིན་རྒྱུ་ལས་དཀར་ནག་ལས་འབྲས་བུ་དེ་དང་མཐུན་པར་གསུངས་ནས། ལས་རྒྱུ་འབྲས་ཀྱི་གནས་ལུགས་ཏེ་རྒྱུ་འབྲས་བསླུ་བ་མེད་པ་དེ་བསྟན་ཡོད།
  ༢ སྐབས་དེའི་ལོ་རྒྱུས་དང་སྲིད་ཀྱི་གནས་ཚུལ་ལམ་གནས་སྟངས་མཚོན་པའི་མགུར་གླུའི་དཔེ་མཚོན་བཤད་པ། རྒྱལ་མཆོག་ཁོང་ནི་བོད་ཧྲིལ་པོ་ཟང་ཟིང་གི་རྣམ་པས་ཁེངས་ཤིང་སྡེ་སྲིད་དང༌། ལྷ་བཟང་ཧན་དབར་ཁྱོད་ཤི་ང་གསོན་གྱིས་སྲིད་དབང་བཟུང་འཕྲོག་བྱེད་པའི་གནས་སྐབས་ཀྱི་ཆབ་སྲིད་འཐབ་རྩོད་བྱ་ཡུལ་གྱི་འཇུ་ལུང་ལྟ་བུར་གྱུར་པས་སྐུ་ཉིད་དེ་འདྲའི་རང་གཞན་སྡོད་བཟོད་མི་དེ་བའི་སྤྱི་ཚོགས་རྣམ་པ་དང༌། དེ་ལྟ་བུའི་ཧམ་སེམས་ཅན་གྱི་དབང་སྒྱུར་གྲལ་རིམ་པ་ཚོར་མ་འདོད་པའི་བསམ་པ་འགོག་མེད་འཆར་བ་དག་མགུར་གླུའི་ལམ་ནས་མཚོན་པར་བྱས་པ་སྟེ། དཔེར་ན། ཁུ་བྱུག་མོན་ནས་ཡོང་བ། །ལྷ་ཤིང་བསམ་ནས་ཡོང་ཡོད། །ལྷ་ཤིང་འགྱུར་མདོག་སྟོན་ན། །ཁུ་བྱུག་མོན་ལ་ལོག་འགྲོ། །ཞེས་པ་དགའ་ལྡན་ཕོ་བྲང་གི་བསྟན་སྲིད་ལ་དགོངས་ཏེ་མོན་ཡུལ་དུ་སྐྱེ་བ་བཞེས་ནས་རྒྱལ་བའི་ཁྲིར་ཕེབས་པ་ཡིན་ཀྱང་དབང་རྩོད་ཀྱི་ཟང་ཟིང་ཁྲོད་ནས་བསྟན་སྲིད་ཀྱི་ལྷ་ཤིང་སྔོན་མོ་རང་མདོག་འགྱུར་ཞིང་གསོན་ཉམས་ཤོར་བར་ཡིད་བྱུང་སྐྱེས་ནས་གོ་གནས་འདིར་འདུག་མི་འདོད་དོ་ཞེས་རང་ཡུལ་མོན་ལ་ལོག་ཆོག་ཅེས་བསྟན་པ་དང༌། དཔེར་ན། རང་སེམས་ཁ་བཏགས་དཀར་པོ། །ནག་ནོག་མེད་པར་ཞུས་ཡོད། །མི་སེམས་སྣག་ཚའི་རི་མོ། །འབྲི་འདོད་ཡོད་ན་བྲིས་ཤོག ། ཅེས་ཁོ་བོ་རྒྱལ་བའི་ཁྲི་འཛིན་སྐབས་རང་སེམས་དམ་ཚིག་གཙང་ཞིང་ཆོས་སྲིད་གཉིས་དང་འགལ་བའི་ནག་ནོག་ཅི་ཡང་མེད་པར་ཞབས་འདེགས་ནོངས་པ་མེད་པ་བསྒྲུབས་ཡོད་པས། གཞན་དག་གིས་མ་ཉེས་ཁ་གཡོགས་ཀྱི་ཉེས་མེད་ཉེས་འགེལ་ཇི་ལྟར་བྱེད་འདོད་ཀྱང་བྱེད་དུ་ཆུག་ཅེས་པའི་དོན་བསྟན་ཞིང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང༌། ལྷ་བཟང་ཧན་གྱི་བར་དབང་ཆ་འཕྲོག་རྩོད་ཀྱི་ཛ་དྲག་ཆེ་བའི་འཐབ་རྩོད་བྱུང་བའི་དུས་དེར་ཁོང་ནི་སྐབས་དེའི་ཆབ་སྲིད་འཐབ་རྩོད་ཀྱི་ལག་ཉེས་གཏོང་སར་གྱུར་པས་ཁོང་གིས་སེམས་གཏིང་ནས་སྐབས་དེའི་སྤྱི་ཚོགས་དང་དབང་སྒྱུར་གྲལ་རིམ་པ་ཚོར་མ་འདོད་པའི་རྣམ་པ་དེ་མགུར་གླུར་བརྟེན་ནས་མཚོན་པར་བྱས་པ་ཞིག་ཡིན།
  ༣ དངོས་ཡོད་ཀྱི་འཚོ་བར་ལོངས་སྤྱོད་ཀྱི་བསམ་འདུན་མཚོན་པའི་མགུར་གླུའི་དཔེ་མཚོན་བཤད་པ།
  དེ་ཡང་སྤྱིར་རབ་བྱུང་གི་སྡོམ་པ་བཞེས་པའི་ཆོས་པ་ཞིག་གི་ངོས་ནས་གླེང་ཚེ། མི་ཚེ་ཧྲིལ་པོར་འཇིག་རྟེན་ཁྱིམ་པའི་ལོངས་སྤྱོད་ཀྱི་གནས་མཐའ་དག་རབ་ཏུ་སྤང་དགོས་པ་ནི་མ་མཐར་ཚང་དགོས་པའི་ཆོས་ཁྲིམས་ཤིག་ཡིན། འོན་ཀྱང་ཁོང་གིས་རང་ཉིད་ཀྱི་སྡོམ་པ་སླར་པཎ་ཆེན་སྐུ་ཕྲེང་ལྔ་པ་མཆོག་ལ་ཕུལ་ནས་སྐྱ་ཆས་བཞེས་པ་དང༌། འདོད་ཡོན་གྱི་རྩེ་དགར་རང་དབང་གིས་དགྱེས་རྒུར་རོལ་བའི་དངོས་ཡོད་གནད་དོན་དང༌། གཞན་ཡང་དེའི་སྐབས་གནས་མུས་སུ་མཆིས་པའི་མིང་ཙམ་ཐོགས་པའི་གྲྭ་པའམ་རབ་བྱུང་དག་གི་ཚུལ་མིན་སྤྱོད་པར་ཟུར་ཟ་སོགས་མདོར་ན་རང་ཉིད་རང་དབང་ལ་རྩོད་ལེན་བྱེད་ཕོད་མཁན་ཞིག་དང་གནད་དོན་ལ་ཐད་ཀར་བསམ་འཆར་འདོན་ཕོད་མཁན་གྱི་སྐྱེས་བུ་ཁ་ཞེ་གཉིས་མེད་ཅིག་ཡིན་པ་མགུར་ལས་མཚོན་པ་གནང་ཡོད། དཔེར་ན། ངུར་སྨྲིག་མདོག་གིས་བསྒྱུར་བས། །བླ་མ་ཡོང་གི་ཡོད་ན། །མཚོ་ཕྲོད་སེར་བྱ་ངང་པས། །  འགྲོ་བ་འདྲེན་པ་འདུག་གོ ། ཞེས་པ་ཡང་སྔར་གཏམ་ལྟར་ཨུ་ཡུ་ཡོད་ཚད་ཀྱིས་ཆོས་བྱུང་ན། བྱང་ཐང་གཡག་ཨུ་ཡུས་ཀྱང་ཆོས་འབྱུང་ཞེས་པའི་དཔེ་ལྟར། སྐབས་དེ་དུས་རབ་བྱུང་གི་ཕྱི་ཚུལ་ངུར་སྨྲིག་གོས་ཀྱིས་བརྒྱན་ཅིང༌། ནང་སེམས་ཆོས་ལ་མི་འཇུག་པ་དག་གི་སྐྱུག་བྲོ་བའི་སྤྱོད་ཚུལ་ལ་ཡིད་མ་རངས་པའི་བསམ་པ་ངམ་ངམ་ཤུགས་ལ་ཝ་ལེར་མངོན་པ་སོགས་དང་ཁོང་གི་མི་ཚེའི་ལྟ་བ་སྟེ་ཐམས་ཅད་གསར་གཏོད་ཀྱི་སྙིང་སྟོབས་དང༌། གནད་དོན་ལ་སྦས་གསང་མེད་པར་རྒོལ་ཐུབ་མཁན་གྱི་སྐྱེས་བུ་མཆོག་གྱུར་ཞིག་ཡིན་པ་ང་ཚོར་གསལ་ལེར་འཆར། དཔེར་ན། མཛངས་མའི་ཐུགས་དང་བསྟུན་ན། །ཚེ་འདིའི་ཆོས་སྐལ་ཆད་འགྲོ། །དབེན་པའི་རི་ཁྲོད་འགྲིམས་ན། །བུ་མོའི་ཐུགས་དང་འགལ་འགྲོ། །  ཞེས་པ་འདིས་ཆོས་དང་འཇིག་རྟེན་གྱི་འགལ་བ་མངོན་སུམ་དུ་མཚོན་པར་བྱས་ཤིང་གཉིས་ཀ་ཡོང་ཐབས་མེད་པའི་དོན་དངོས་བསྟན་པ་དང༌། ཡང༌། སྤྲིན་པ་ཁ་སེར་གཏིང་ནག ། སད་དང་སེར་བའི་གཞི་མ། །བན་དེ་སྐྱ་མིན་སེར་མིན། །སངས་རྒྱས་བསྟན་པའི་དགྲ་བོ། །ཞེས་པ་ལས་རྒྱལ་བ་ཚངས་དབྱངས་རྒྱ་མཚོ་ཉིད་ནི་ཡིན་མིན་དབྱེ་བ་གསལ་ལ་ཐུགས་རྒྱུད་དྲང་ཞིང་ཁ་གསལ་གཏིང་གསལ་ཞིག་ཡིན་པས་སྐབས་དེའི་སྤྱི་ཚོགས་ནང་ཆོས་ལ་བརྟེན་ནས་གཞན་མགོ་སྐོར་བའི་ཚུལ་ལ་ཞེ་གཏིང་ནས་མི་འདོད་པ་མཚོན་པ་དང་བཅས་གོང་གསལ་མགུར་གླུ་རྣམས་ལས་ཁོང་ནི་ངོ་ལྐོག་གཉིས་དང་ཕྱི་ནང་གཉིས་ཀྱི་གཡོ་ཟོལ་ལ་བརྟེན་ནས་གཞན་མགོ་སྐོར་མི་འདོད་ལ། མི་ཁ་དང་སྤྱི་ཚོགས་ཀྱི་དགག་ཆ་ཇི་ལྟར་ཆེ་ནའང༌། མངོན་གསལ་དོད་པོས་རང་གི་བསམ་འདུན་མངོན་འགྱུར་ཡོང་བ་བྱེད་ཐུབ་པའི་ཐུགས་རྒྱུད་བཟང་པོ་མཚོན་ཐུབ། འོན་ཏེ་གོ་བ་ལེན་ཕྱོགས་ཐད་མཐའ་གཅིག་ཏུ་འདི་ཡིན་འདི་མིན་ཞེས་ཐག་གཅོད་དཀའ་བ་དང་རང་རང་གི་ལྟ་བ་དང་འདུ་ཤེས་ཀྱི་ཁྱད་པར་ལས་དངོས་པོ་གཅིག་ལའང་བཟང་ངན་གྱི་ལྟ་ཚུལ་དང་གོ་བ་ལེན་ཚུལ་མི་གཅིག་པ་སྣ་ཚོགས་ཡོང་སྲིད་པ་འཇིག་རྟེན་ཆོས་ཉིད་ཡིན་ན་མཁྱེན་ལྡན་དོ་འཁུར་ཅན་ཚོས་མུ་མཐུད་ཐུགས་དཔྱད་ཅི་ཐོངས་གནང་རྒྱུའི་འདུན་པ་ཁོ་ནའོ།
               གསུམ་པ། མཇུག་བསྡུ་བ།
  མདོར་ན། ཚངས་དབྱངས་རྒྱ་མཚོའི་མགུར་གྱི་རྩོམ་པ་པོ་དང་གྲངས་ཚད་སོགས་ཀྱི་ཐད་རྩོད་གླེང་ཡོད་པ་དང༌། ལྷག་དོན་ནང་དོན་འགྲེལ་ཚུལ་ཐད་ཀློག་པ་པོ་སོ་སོའི་ངོས་ནས་གོ་བ་ལེན་སྟངས་ཅི་རིགས་མཆིས་རུང༌། དོན་དམ་དུ་ཁོང་གི་མགུར་གླུར་སྐབས་བབས་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་དང་ལྷག་དོན་མི་དང་མིའི་དབར་གྱི་འབྲེལ་བ་སོགས་མཚོན་ཤུགས་ཆེ་བའི་ནང་དོན་གྱིས་ཕྱུག་པའི་ཁྱད་ཆོས་དང༌། སྒྲ་ཇི་བཞིན་དུ་གོ་བ་ལེན་རུང་བའི་རིགས་གཅིག་དང་སྒྲ་ཇི་བཞིན་དུ་གོ་བ་ལེན་དུ་མི་རུང་བའི་རིགས་གཅིག་བཅས་གཉིས་ཡོད་པས། ང་ཚོས་རྗེས་སུ་འགྲེལ་པ་གནང་སྐབས་ངེས་པར་དུ་གོང་གསལ་རྩ་དོན་གཉིས་པོ་ལ་གཞིགས་ནས་འགྲེལ་དགོས་པ་ལས། གཞན་ཟེར་གྱི་རྗེས་སུ་འབྲངས་ནས་ཉ་ཉུང་མཉམ་བསྲེས་ཀྱི་ལས་ལ་འཇུག་པར་མི་བྱའོ་སྙམ། །
དཔྱད་གཞིའི་ཡིག་ཆ།
1 བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་བར་ཆ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང༌།
2 ཚངས་དབྱང་རྒྱ་མཚོའི་གསང་རྣམལྷ་བཙུན་ངག་དབང་རྡོ་རྗེ། བོད་ལྗོངས་དཔེ་སྐྲུན་ཁང༌།
3 བོད་ཀྱི་རྩོམ་རིག་ལོ་རྒྱུས་སྨད་ཆ། ( ཉེ་རབས་སྡེ་ཚན་ ) ལྷག་པ་ཆོས་འཕེལ།
4 དོར་ཞི་གདོང་དྲུག་སྙེམས་བློའི་དཔྱད་རྩོམ་ཕྱོཊ་བསྒྲིཊམི་རིགས་དཔེ་སྐྲུན་ཁང༌།
·རྩོམ་ཡིག་གོང་མ:ཉི་མ་ལྷ་སར་སྤྲིངས་པའི་འཕྲིན་པ་ཞིག
·རྩོམ་ཡིག་འོག་མ:གཞས་ཚིག མ་སྐྱེས་ཨ་མ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·གྲགས་ཅན་གསུང་ཚིག༥༡ 2015/11/24 20:57:38
·རྟ་གཡག་ལུག་གསུམ་གྱི་གཏམ་རྒྱུད། 2014/4/18 10:54:55
·ཀ་རྩོམ་འགྲིག་མཐུན་མ། 2014/3/15 12:53:40
·སྟོན་མཇུག་གི་སྨྱུག་རིས། 2013/10/25 21:13:59
·ཕྱིར་མིག་ཁྲོད་ཀྱི་བདག་གི་མི་ཚེ། 2013/10/7 22:13:25
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:wayrav
H9JqV1  <a href="http://oenvsbuwruhs.com/">oenvsbuwruhs</a>, [url=http://efcmaltzdcrv.com/]efcmaltzdcrv[/url], [link=http://psyyzkgqbcmv.com/]psyyzkgqbcmv[/link], http://xgutlwwtdcjk.com/
发表时间:2017/9/13 13:14:42 [来自: 5.188.211.13]

 评论者:yapidlcv
88WFwu  <a href="http://ficzfoofjzkt.com/">ficzfoofjzkt</a>, [url=http://ykjwbquitbjw.com/]ykjwbquitbjw[/url], [link=http://arzixtxbdtmx.com/]arzixtxbdtmx[/link], http://pidvlghytvby.com/
发表时间:2017/9/13 12:01:33 [来自: 5.188.211.13]

 评论者:gbgqysdyl
5CV1XZ  <a href="http://ktioeyklqxqx.com/">ktioeyklqxqx</a>, [url=http://iyrunffxmkwg.com/]iyrunffxmkwg[/url], [link=http://ioxuebhmvxpo.com/]ioxuebhmvxpo[/link], http://pvwcwhqirvwi.com/
发表时间:2017/9/13 10:43:45 [来自: 5.188.211.13]

འབྲེལ་ཡོད་དཔྱད་བརྗོད 126 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།107.42MS