ཧྲཱིཿ རྒྱལ་བ་རྒྱ་མཚོའི་ཡུམ་གྱུར་ཤེར་ཕྱིན་མ། །
རྒྱལ་སྲས་རྒྱ་མཚོའི་གྲོགས་གྱུར་རྗེ་བཙུན་མ། །
འགྲོ་ཁམས་རྒྱ་མཚོའི་མགོན་གྱུར་བཅོམ་ལྡན་མ། །
ཡོན་ཏན་རྒྱ་མཚོའི་མཆོག་མངའ་ཁྱོད་ལ་འདུད། །
ངག་ཚིག་རྒྱ་མཚོའི་འབྱུང་གནས་ངག་གི་ལྷ། །
བློ་གྲོས་རྒྱ་མཚོའི་དཔལ་སྟེར་བློ་ཡི་ལྷ། །
ལྷ་མཆོག་རྒྱ་མཚོས་མངོན་མཆོད་ལྷ་ཡི་ལྷ། །
རྒྱ་མཚོའི་ལྷ་མོ་དབྱངས་ཅན་ཁྱོད་ཕྱག་འཚལ། །
མཛེས་སྡུག་རྒྱ་མཚོའི་སྐུ་མཆོག་ཅི་ཡང་སྟོན། །
སྒྲ་དབྱངས་རྒྱ་མཚོས་དམ་ཆོས་སྒོ་བརྒྱ་འབྱེད། །
ཡེ་ཤེས་རྒྱ་མཚོའི་རང་བཞིན་ཕ་མཐའ་ཡས། །
སེམས་ཅན་རྒྱ་མཚོ་སྨིན་མཛད་ཁྱོད་ལ་འདུད། །
འཇིག་རྟེན་རྒྱ་མཚོ་རྣམ་རོལ་མཐའ་ཡས་པའི། །
ངོ་མཚར་རྒྱ་མཚོའི་མཛད་པ་སྣ་ཚོགས་སྟོན། །
ཕན་བདེ་རྒྱ་མཚོས་འགྲོ་ཀུན་རྟག་ཏུ་སྐྱོང་། །
རྣམ་ཐར་རྒྱ་མཚོའི་དཔལ་མོ་ཁྱོད་ལ་འདུད། །
མཁྱེན་བརྩེ་རྒྱ་མཚོའི་རྡོ་རྗེ་དབྱངས་ཅན་མ། །
དད་པ་རྒྱ་མཚོས་རྟག་ཏུ་ཕྱག་འཚལ་ཏེ། །
མཆོད་པ་རྒྱ་མཚོས་ཀུན་ནས་མཆོད་བགྱིད་ཅིང་། །
བསྟོད་པ་བརྒྱ་མཚོས་རབ་ཏུ་བསྟོད་བགྱིད་ན། །
ཐུགས་བསྐྱེད་སྨོན་ལམ་རྒྱ་མཚོས་རྗེས་དགོངས་ནས། །
བྱིན་རླབས་ཡེ་ཤེས་རྒྱ་མཚོའི་སྤྲིན་ཆེན་ལས། །
དངོས་གྲུབ་རྒྱ་མཚོའི་གྲུ་ཆར་དེང་ཕབ་ནས། །
རེ་འདོད་རྒྱ་མཚོ་ཡིད་བཞིན་སྐོང་བར་མཛོད། །
གཟུངས་སྤོབས་བློ་གྲོས་རྒྱ་མཚོ་མཆོག་སྩོལ་ཞིང་། །
ངག་ཚིག་རྒྱ་མཚོ་སྨྲ་ལ་རང་དབང་ཐོབ། །
དཔལ་ཡོན་རྒྱ་མཚོའི་གཏེར་དུ་བདག་གྱུར་ཏེ། །
ནུས་སྟོབས་རྒྱ་མཚོས་རྒྱལ་བསྟན་སྤེལ་གྱུར་ཅིག །
སྐྱེ་བ་རྒྱ་མཚོར་ཁྱེད་ཀྱིས་རྗེས་བཟུང་སྟེ། །
ལུང་རྟོགས་རྒྱ་མཚོའི་མཛོད་ལ་མངའ་དབང་བསྒྱུར། །
རྫོགས་སྨིན་སྦྱངས་པ་རྒྱ་མཚོ་མཐར་ཕྱིན་ཏེ། །
བདེ་གཤེགས་རྒྱ་མཚོ་མཉམ་ཉིད་སྐུ་འཐོབ་ཤོག །
འདི་བྲིས་དགེ་བས་འབྲེལ་ཐོགས་ཀུན། །
སྒྲ་དབྱངས་ལྷ་མོས་རྗེས་བཟུང་སྟེ། །
སྙན་ཚིག་བདུད་རྩིའི་དགའ་སྟོན་གྱིས། །
ནོར་འཛིན་ཁྱོན་ཀུན་འགེངས་གྱུར་ཅིག །