འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག
སྤོས་ཁང་སྒྲོལ་བཟང་།
གཏམ་དཔེར་བདེ་སྡུག་ཞུ་ས་དཔོན་པོ་ཞེས་བརྗོད་སྲོལ་ཡོད་ཀྱང་དེ་ནི་སྔོན་ཆད་ཡིན། དེང་གི་རང་ཅག་དགོན་པ་ཉུང་ཤས་ཀྱི་འགོ་ཁྲིད་ཁ་ཤས་ནི་དཔོན་ངན་ཞིག་གམ་ཡང་ན་ཁྱིམ་ཚང་ངན་པའི་ཨ་མ་ཞིག་དང་འདྲ་བར་ལོ་མང་པོ་བྱེད་ཀྱིན་ཡོད་ལ་ཁ་ཅིག་ཚེ་མ་ཟད་བར་དུ་དབང་ཆ་བེད་སྤྱོད་ཀྱི་རྫོགས་འགྲོ་གིན་ཡོད། དཔོན་པོ་ངན་པས་གཤམ་འོག་ཚོ་ནི་གཡོག་པོའི་འདུ་ཤེས་ཙམ་ལས་མེད་ལ་ཁྱིམ་ཚང་ངན་པའི་ཨ་མ་ཟེར་བ་ནི་གང་འདྲ་ཡིན་ནམ་སྙམ་ན། འདི་ནི་དེ་ལྟར་རོ། ཨ་མ་འདི་ནི་རང་གི་བུ་ཡི་མནའ་མར་ཡིད་ཆེས་མེད་པའམ་ཡང་ན་བུ་མོར་ཡིད་ཆེས་མེད་པར་རང་ཉིད་ཀྱི་ཁྱིམ་ནང་གི་བཅའ་དངོས་དྲག་ཤོས་དག་སྒམ་ནང་དུ་བླུག་ནས་ལྡེ་མིག་སྐེ་ལ་འདོགས་ཀྱིན་ཡོད། ཐ་ན་མར་དང་ཆང་ལ་ཡང་བདག་པོ་བརྒྱབ་སྟེ་ནང་མི་གཞན་ཚོའི་འདོད་བློ་སྐོང་གི་མེད། དེའི་ཁྱིམ་ཚང་འདིར་འཆམ་ཞིང་མཐུན་པའི་སྒོ་ནས་དོན་གྲུབ་ཡོང་སྲིད་དམ། རྒྱ་ལ་འོངས་ཀྱང་མཐར་ཁྱིམ་ཚང་གཞན་གྱི་རྗེས་སུ་འོང་སྲིད། གཏམ་དཔེ་ལས། ༼ནང་བཀྲ་མ་ཤིས་ན། ཕྱི་དོན་མི་གྲུབ།༽ཟེར་བའི་དཔེ་ལྟར་རེད། དེ་བཞིན་ང་ཚོའི་དགོན་པ་ཉུང་ཤས་ལའང་དགོན་པའི་འགན་འཛིན་འདི་འདྲ་ཡོད། ཕྱི་རོལ་གྱི་འཇིག་རྟེན་མི་མཐོང་ལ་དེ་བས་སངས་རྒྱས་ཀྱི་བཀའ་དང་ཡབ་སྲས་རྣམ་པའི་བསྟན་བཅོས་ནི་མཆོད་འབུལ་བྱེད་སའི་ཡུལ་ཞིག་རེད་སྙམ་པ་མ་གཏོགས་སློབ་སྦྱོང་བྱེད་དགོས་པའི་རིག་གཞུང་ཞིག་རེད་བསམ་གྱིན་མེད། ཁོང་ཚོས་དགོན་པ་ནི་རང་ཉིད་ཀྱིས་མི་ཚེའི་སྤྲོ་སྐྱིད་གཏོང་ས་ཤིག་དང་དགེ་འདུན་ནི་བྲན་གཡོག་ཞིག་རེད་བསམ་གྱིན་ཡོད། ཐ་ན་ཁོང་ཚོས་འགོ་ཁྲིད་ཅེས་པའི་ཐ་སྙད་འདིའི་དོན་ཡང་རྟོགས་ཀྱིན་མེད། དཔེར་ན་དགེ་འདུན་ཅུང་ཟད་སློབ་གཉེར་ལ་དགའ་ཕྱོགས་ཡོད་པ་ལྷག་དོན་ལོ་ཆུང་དག་གིས་ནང་བསྟན་སློབ་གླིང་ཁག་ཏུ་ཅུང་ཟད་སློབ་གཉེར་བྱེད་པར་འགྲོ་དགོས་ཞེས་རེ་བ་ཞུས་ཀྱང་བཀག་འགོག་ནན་པོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད། ངོ་མ་བཤད་ན་མ་འོངས་པར་ད་ལྟའི་དགེ་འདུན་འདི་ཁོ་རང་གི་གོང་དུ་འགྲོ་གིན་རེད་བསམ་སྟེ་འགོག་གི་ཡོད། ད་ནི་དུས་རབས་ཉེར་གཅིག་ཤར་སོང་ལ་གོ་ལ་ཡོངས་ཤེས་རིག་གི་ལམ་དུ་ཡང་འགྲོ་གི་ཡོད་དུས། རང་ཅག་ནང་བསྟན་པའི་ཤེས་ཡོན་ཅན་ཡིན་གསུངས་པའི་དགོན་པའི་དགེ་འདུན་དག་གིས་སློབ་གཉེར་ལ་ཤུགས་མ་བརྒྱབ་ན་སྟོན་པའི་ཞབས་འདྲེན་དང་སྟོན་པའི་སངས་རྒྱས་ཀྱི་སློབ་མ་རྨོངས་དད་ཅན་ཞིག་ཏུ་འགྲོ
་བས་ད་ནས་བཟུང་སྟེ་སློབ་གཉེར་གཙོ་བོར་བཟུང་དགོས། དེ་ལྟར་བཟུང་བ་ལ་དེ་བས་ཐོག་མར་དགོན་པའི་འགོ་ཁྲིད་ནི་༼འཇོན་ཐང་ཅན་ལ་དབང་ཆ་སྤྲོད།༽ཟེར་བ་ལྟར་ཤེས་འཇོན་ལྷག་བསམ་གྱིས་ཕྱུག་པ་ཞིག་འདེམས་དགོས། དེ་ཡང་ལོ་གསུམ་རེ་ནས་བརྗེ་པོ་བརྒྱབ་དགོས། དེ་ལྟར་བྱས་ན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་༼དགོན་པ་ནི་དགོན་པ་འདྲ་བ་ཞིག་དང་གྲྭ་པ་ནི་གྲྭ་པ་འདྲ་བ་ཞིག་དགོས་༽གསུངས་པ་ལྟར་འོང་ངོ་། །དེ་ལྟར་མིན་ན་བསྟན་རྒྱས་ག་ཚོད་འདོན་ཀྱང་། ལྷ་སྲུང་ག་ཚོད་མཆོད་ཀྱང་། མཆོད་མེ་ག་ཚོད་བསྒྲོན་ཀྱང་། ཞལ་གསེར་ག་ཚོད་ཕུལ་ཡང་། དགོན་པ་ཟེར་ཀྱང་རིག་དངོས་སྲུང་སྐྱོབ་ཁང་ཞིག་ལས་དོན་ངོ་མའི་དགོན་པ་ཞིག་དང་དགེ་འདུན་ཞིག་མི་འོང་ངོ་།།