རུ་མང་ཀླུ་མཁར་རྒྱལ་གྱི་གཞས་ཚིག་ཕྱོགས་བསྒྲིགས།
ང་ཡི་རིགས་མཐུན་ཚོ།༼གཞས་ཚིག
དབྱངས་གསལ་སོ་བཞིའི་བདག་པོ་ང་མིན་གསུང་བ་མ་གནང་།
སྐད་དང་ཡི་གེའི་དབྱངས་རྟ་ཁྱོད་ཀྱི་སྲོག་རྒྱུན སྲོག་རྒྱུན་ཡིན།
སེམས་ཀྱི་གཏིང་དང་ཡིད་ཀྱི་གཞུང་ན་ཡོད་པ་འདི་ཡིན།
ཁྱོད་ཀྱི་སེམས་པ་ཕྲ་མོ།
འདི་ལ་འཁོར་འཁོར་གནོངས་དང་། འཁོར་འཁོར་གནོངས།
བདུད་རྩི་ཁམས་པ་འདི་ཡིན།
ཟས་གོས་འགྲོ་སྡོད་བར་ནས།
འདི་ཉིད་སྤྱོད་སྤྱོད་གནོངས་དང་། སྤྱོད་སྤྱོད་གནོངས།
ཀུན་ཐུབ་སྨན་མཆོག་ཡིན།
ང་ཡི་རིགས་མཐུན་ཚོ།
ཁ་བ་ཅན་གྱི་ལས་དབང་ང་ལ་འབྲེལ་མེད་མ་གསུང་།
གངས་རིའི་ལྗོངས་འདིའི་དར་རྒུད་ཁྱོད་ཀྱི་བདེ་སྡུག བདེ་སྡུག་ཡིན།
རུས་པའི་གསེབ་དང་ཁྲག་གི་སྦུབས་ན་ཡོད་པ་འདི་ཡིན།
ཁྱོད་ཀྱི་དབུགས་རྒྱུན་ཕྲ་མོ།
འདི་ལ་མཐུད་མཐུད་གནོངས་དང་། མཐུད་མཐུད་གནོངས།
དཔའ་གདེང་སྙིང་རུས་འདི་ཡིན།
འདས་མ་ད་གསུམ་བར་ནས།
འདི་ལ་གཟིགས་གཟིགས་གནོངས་དང་། གཟིགས་གཟིགས་གནོངས།
ལ་རྒྱའི་སྤོབས་པ་འདི་ཡིན།
ང་ཡི་རིགས་མཐུན་ཚོ།
ཀུན་ཐུབ་སྨན་མཆོག་འདི་ཡིན། ལ་རྒྱའི་སྤོབས་པ་འདི་ཡིན།
ང་ཡི་རིགས་མཐུན་ཚོ། རིགས་མཐུན་ཚོ།
༢༠༡༦ ༥ ༢༤ཉིན་བསྐྱར་དུ་བཅོས།
ཁ་བ་ཅན་གྱི་རྒྱན་འདི།༼གཞས་ཚིག
ཕ་ཡུལ་ལུང་བ་དེ་ལ།། དུས་བཞིར་གངས་ཆར་བབས་ཡོང་།།
ཁ་བ་ཅན་གྱི་རྒྱན་འདི།། དུས་བཞིའི་གངས་ཆར་ཡིན་སོང་།།
ཕ་ཡུལ་ལུང་བ་དེ་ལ།། གཡང་ར་སྒོ་བཞིས་གང་ཡོང་།།
ཁ་བ་ཅན་གྱི་རྒྱན་འདི།། གཡང་ར་སྒོ་བཞི་ཡིན་སོང་།།
ཕ་ཡུལ་ལུང་བ་དེ་ལ།། འབྲུ་དྲུག་སྣ་ལྔས་གཏམས་ཡོང་།།
ཁ་བ་ཅན་གྱི་རྒྱན་འདི།། འབྲུ་དྲུག་སྣ་ལྔ་ཡིན་སོང་།།
༢༠༡༥ ༡༢ ༡༤ཉིན།
ཁ་བ་བབས་བྱུང་།༼གཞས་ཚིག
ཁ་བ་ལྷབ་ལྷུབ་བབས་ནས།། ང་དང་དྲིན་ཆེན་ཕ་མའི།།
ལས་མཐུན་དྲན་པ་བསྒྲིབས་སོང་།། བུ་ཆུང་རྒྱང་ན་ཡོད་ཀྱང་།།
སེམས་པ་ཁ་བས་མ་ཁོགས།།
ཁ་བ་མར་མར་བབས་ནས།། ང་དང་ཆུང་འདྲིས་བྱས་པའི།།
མཛའ་མཐུན་རི་མོ་གསུབ་སོང་།། བུ་ཆུང་རྒྱང་ན་ཡོད་ཀྱང་།།
སེམས་པ་ཁ་བས་མ་ཁོགས།།
ཁ་བ་ལྷོད་ལྷོད་བབས་ནས།། ང་དང་ཆུང་གྲོགས་དམ་པའི།།
སེམས་མཐུན་མར་མེ་གཟིམས་སོང་།། བུ་ཆུང་རྒྱང་ན་ཡོད་ཀྱང་།།
སེམས་པ་ཁ་བས་མ་ཁོགས།།
༢༠༡༥ ༡༢ ༡༤ཉིན་ཁ་བ་འབབ་དུས་ཤིག་ལ།
ང་ཚོ་འཛོམས་སོང་།༼གཞས་ཚིག
— — —མཚོ་སྔོན་མི་རིགས་སློབ་ཆེན་གྱི༢༠༡༥ལོའི་གྲ་སྒྲིག་འཛིན་གྲྭ༦པར།
ང་ཚོ་ཕུགས་བསམ་གྱིས་འཛོམས་སོང་།
རེ་བ་དང་འདུན་པ་གཅིག་ཡིན།
རྨི་ལམ་དང་སྨོན་ལམ་གཅིག་ཡིན།
མཐར་བགྲོད་ཀྱི་ལམ་བུ་གཅིག་རེད།
གོམ་བགྲོད་ཀྱི་ཁ་ཕྱོགས་གཅིག་རེད།
སློབ་གྲོགས་ལགས། ཕུགས་བསམ་མེད་ན་ང་ཚོ་འཛོམས་ཐབས་བྲལ།
ཕུགས་བསམ་ཡོད་པས་ང་ཚོ་གཅིག་ཏུ་འཛོམས། མདུན་དུ་བསྐྱོད།
ང་ཚོ་ཤེས་བྱ་ཡིས་འཛོམས་སོང་།
ཤེས་པ་དང་ཡོན་ཏན་གཅིག་ཡིན།
འདོད་པ་དང་འདུན་པ་གཅིག་ཡིན།
མཐར་བགྲོད་ཀྱི་ལམ་བུ་གཅིག་རེད།
གོམ་བགྲོད་ཀྱི་ཁ་ཕྱོགས་གཅིག་རེད།
སློབ་གྲོགས་ལགས། ཤེས་བྱས་དབུལ་ན་ང་ཚོ་འཛོམས་ཐབས་བྲལ།
ཤེས་བྱ་ཡོད་པས་ང་ཚོ་གཅིག་ཏུ་འཛོམས། ཧུར་སེམས་བསྐྱེད།
ང་ཚོ་ལས་དབང་གིས་འཛོམས་སོང་།
ལས་སྐལ་དང་བསོད་ནམས་གཅིག་ཡིན།
ཚོགས་བསགས་དང་བསྐོས་ཐང་གཅིག་ཡིན།
མཐར་བགྲོད་ཀྱི་ལམ་བུ་གཅིག་རེད།
གོམ་བགྲོད་ཀྱི་ཁ་ཕྱོགས་གཅིག་རེད།
སློབ་གྲོགས་ལགས། ལས་དབང་མིན་ན་ང་ཚོ་འཛོམས་ཐབས་བྲལ།
ལས་དབང་ཡིན་པས་ང་ཚོ་གཅིག་ཏུ་འཛོམས། དགའ་བ་འཕེལ།
༢༠༡༥ ༩ ༩
རེ་བའི་གཞི་མ།༼གཞས་ཚིག
ང་རང་སྟོད་ནས་ཆས་ཆོག། ཁྱོད་རང་སྨད་ནས་ཕེབས་ཤོག།
གཞིས་འཛོམས་བྱེས་འཛོམས་བྱུང་ན།། རེ་བའི་གཞི་མ་ཡིན་སོང་།།
རེ་བ་ཡ་རེ་བ།རེ་བ་ཡི་གཞི་མ་ཡིན།
ང་ཡིས་ལམ་སྣ་དྲངས་ཆོག། ཁྱོད་ཀྱིས་ལམ་རྗེས་ཐེད་ཤོག།
མི་འགྱུར་ཚིག་གསུམ་ཞུས་ན།། རེ་བའི་གཞི་མ་ཡིན་སོང་།།
རེ་བ་ཡ་རེ་བ།རེ་བ་ཡི་གཞི་མ་ཡིན།
ང་ཡིས་བྲོ་གར་འཁྲབ་ཆོག། ཁྱོད་ཀྱིས་གླུ་གཞས་ཐོངས་ཤོག།
དགའ་བའི་གླུ་བྲོ་བར་ན།།རེ་བའི་གཞི་མ་གྲུབ་ཡོད།།
རེ་བ་ཡ་རེ་བ།རེ་བ་ཡི་གཞི་མ་ཡིན།
༢༠༡༥ ༩ ༨ཉིན་གྱི་ནངས་མོར་ཙོང་ཁ་ནས།
སེམས་དང་བསམ་པ་བསྟན་ཡོད།
བརྩེ་བ་རྨ་ཀླུང་སྔོན་མོ།། དགའ་བ་བྲག་རི་ལྷུན་པོ།།
རང་བྱུང་ལྷུན་གྱིས་གྲུབ་འདྲ།། ནམ་ཡང་འགྱུར་རྒྱུ་མི་འདུག།
སྤྲོ་དུས་སྤྲོ་སྤྲོ་བྱེད་ཆོག། སྡུག་དུས་སྡུག་ཡུས་འཐེན་ཆོག།
སེམས་དང་བསམ་པ་བསྟན་ཡོད།།
དུངས་སེམས་འོ་མ་དཀར་པོ།། ལྷག་བསམ་འབྲི་མར་སེར་པོ།།
གསེར་གྱི་ཟོམ་ལ་བཅུས་འདྲ།། ནམ་ཡང་ཟགས་པ་མི་འདུག།།
དགའ་དུས་ཞལ་འཛུམ་བསྟན་ཆོག། སྐྱོ་དུས་སྐྱོ་གཏམ་ཤོད་ཆོག།
སེམས་དང་བསམ་པ་བསྟན་ཡོད།།
སེམས་པ་ཆུ་མིག་དྭངས་མོ།། བསམ་པ་ཤེལ་དཀར་མུ་ཏིག།
མི་འགྱུར་དམ་བཅའ་བཞག་འདྲ།། ནམ་ཡང་བརྗེད་པ་མི་འདུག།
ཁམས་དུས་སྙིང་གཏམ་འཆད་ཆོག། སུན་དུས་སུན་སྣང་བསྐུར་ཆོག།
སེམས་དང་བསམ་པ་བསྟན་ཡོད།།
༢༠༡༥ ༩ ༡༠ཉིན་གྱི་ཞོགས་པར་ཙོང་ཁ་ནས།
གྲོ་ཚང་གི་གནའ་ཅོང་།༼གཞས་ཚིག
རང་བྱུང་གི་རི་ཁྲོད་ན།།བདེ་ལྷོད་ཀྱི་གཉིད་དུ་ཡུར།།
ལོ་རྒྱུས་ཀྱི་ཟིལ་ཤུགས་དེ།།འདས་སོང་གི་མཚར་སྒྲུང་ཞིག།
སྲ་མཁྲེགས་ལ་བྱུང་བའི་སྒྲ་ཞིག་གིས།
ཁམས་གསུམ་ཟིལ་གྱིས་གནོན།
དེ་ལས་ཆེ་བརྗོད་ཀྱི་གོ་ཐང་ཞིག་མངོན།
གྲོ་ཚང་གི་གནའ་ཅོང་ཡེ།
ལན་གཅིག་རྡུང་ན་བསམ་ཡོད།
ལན་གཅིག་གྲགས་ན་བསམ་ཡོད།
བརྗིད་ཆགས་ཀྱི་བཟོ་བཀོད་ཁྲོད།།སྨྲ་མེད་ཀྱི་སྒོམ་དུ་བཞུགས།།
ལོ་རྒྱུས་ཀྱི་ངར་ཤུགས་དེ།།ད་ལྟ་ཡི་ཁ་ཤོབ་ཅིག།
སྲ་མཁྲེགས་ལས་བྱུང་བའི་སྒྲ་ཞིག་གིས།
ཁམས་གསུམ་དབང་དུ་སྡུད།
དེ་ལས་ཆབ་སྲིད་ཀྱི་དབང་ཐང་ཞིག་མངོན།
གྲོ་ཚང་གི་གནའ་ཅོང་ཡེ།
ལན་གཅིག་དཀྲོག་ན་བསམ།
ལན་གཅིག་སད་ན་བསམ།
གཞོང་ཐང་ནས་ཙོང་ཁ་གྱི་ཐང་དུ་བགྲོད་པའི་ལམ་བར་དུ།
ཁྲི་གཤོག་རྒྱན་མོ།༼གཞས་ཚིག
མཁའ་མཐའི་གནམ་ས་འདྲེས་མཚམས་ན།
ཁྲི་གཤོག་རྒྱན་མོ་ཡོད།
ཨེ་མ། ཁྲི་གཤོག་རྒྱན་མོ།
ལྷ་ཡུལ་གྱི་མེ་ལོང་།
མི་ཡུལ་གྱི་བླ་མཚོ།
སུ་ཡི་མིག་མཐའ་ནས་བཞུར་ཏེ།
སུ་ཡི་སྙིང་ཁོངས་སུ་འཁྱིལ་སོང་།
མཁའ་མཐའི་གནམ་ས་དབྱེ་མཚམས་ན།
ཁྲི་གཤོག་རྒྱན་མོ་ཡོད།
ཨེ་མ། ཁྲི་གཤོག་རྒྱན་མོ།
ལྷ་ཡུལ་གྱི་ཆབ་རྒྱུན།
མི་ཡུལ་གྱི་བདུད་རྩི།
སུ་ཡི་བློ་ཡུལ་ལས་འགོངས་ཏེ།
ས་ཡུ་མིག་མཐའ་ནས་ཤོར་སོང་།
གྲོ་ཚང་།༼གཞས་ཚིག
བོད་བཙན་པོའི་མཐའ་དཔུང་།
ཡུལ་གངས་ལྗོངས་ཀྱི་མཐའ་གནས།
མདོ་སྨད་གྲོ་ཚང་། དག་ཞིང་ཕྱུག་མོ།
རི་བོ་མཐོན་པོ་དེ་ལས་འགྱུར་མེད་ཀྱི་ཐེར་ཟུག་ཅིག
ཆུ་བོ་ཀྱག་ཀྱོག་དེ་ལས་དཀའ་སྡུག་གི་ལོ་ཟླ་ཞིག
གཡང་གཟར་མཐོན་པོ་དེ་ལས་འདས་སོང་གི་བྲིས་རིས་ཤིག
ཉི་མ་དང་མཉམ་དུ་ཆས།ཟླ་བ་དང་ལྷན་དུ་ཡོད།
གངས་རིའི་ལྗོངས་ལ་ངོ་མཚར་བྱིན།ཁ་བ་ཅན་ལ་གཟི་བྱིན་སྤྲས།
གྲོ་ཚང་། གངས་རིའི་གནས་མལ་ཕྱུག་མོ།
བོད་བཙུན་པོ་ཡི་མཐའ་རྒྱན།
ཡུལ་བསིལ་ལྗོངས་ཀྱི་མཐའ་འདུག
མདོ་སྨད་གྲོ་ཚང་། དག་ཞིང་དྲོན་མོ།
རི་བོ་བརྗིད་ཆགས་དེ་ལས་རྟག་བརྟན་གྱི་ངང་ཚུལ་ཞིག
ཆུ་བོ་དྭངས་མོ་དེ་ལས་སླད་མེད་ཀྱི་ལྷག་བསམ་ཞིག
གཡང་གཟར་རལ་པོ་དེ་ལས་ཞེན་ཆགས་ཀྱི་ཕྱི་མིག་ཅིག
ཉི་མ་དང་མཉམ་དུ་ཆས།ཟླ་བ་དང་ལྷན་དུ་ཡོད།
གངས་རིའི་ལྗོངས་ལ་ཁྱད་མཚར་བསྐྲུན།ཁ་བ་ཅན་ལ་སྤོབས་པ་བསྩལ།
གྲོ་ཚང་། གངས་རིའི་ཕ་གཞིས་དྲོན་མོ།
༢༠༡༥ ༡༢ ༤ཉིན་གྱི་མཚན་མོར་གྲོ་ཚང་ནས་ཡིད་ལ་བཀོད།
༢༠༡༥ ༡༢ ༥ཉིན་གྱི་མཚན་མོར་གྱི་ཐང་ནས་ཡི་གེར་བཀོད།
༢༠༡༥ ༡༢ ༦ཉིན་གྱི་ནངས་མོར་ཙོང་ཆུའི་འགྲམ་ནས་སླར་ཡང་བཅོས།
ནམ་མཁའི་དབྱིངས་རིམ་ལ་མི་ཤོང་བའི་གླུ་སྐད།༼གཞས་ཚིག
༼ས་ཆེན་པོའི་དཀྱིལ་གཞུང་ནས་གནམ་སྔོན་པོའི་དབྱིངས་རིམ་ལ་བལྟས།
སེམས་བསམ་པའི་ནང་རིམ་ནས་དབྱངས་སྙན་མོའི་འགུག་ལུགས་ལ་དྲངས།༽
གླུ་རེ་ལེན། གླུ་རེ་ལེན།
སེམས་པ་ཨ་ཆེན་ཐང་ལ་ལྷུང་ཡང་།
བསམ་པ་གངས་དཀར་རྩེ་ལ་བཟུང་ཡོད།
བྱ་ལས་བྱེད་སྟངས་སྐྱོ་བོ་ཡོད་ཀྱང་།
རེ་བའི་འདུན་པ་མ་འོངས་རྒྱང་ལ་གཏད་ཡོད།
རྒྱང་ལ་གཏད་ཡོད།
མེས་པོའི་རུས་རྐང་འཚོལ་བཞིན་འཚོལ་བཞིན།
མེས་པོའི་གདམས་ངག་སྲུང་བཞིན་སྲུང་བཞིན།
ཚོར་བ་དབྱངས་ལ་བརྒྱུས་ཏེ། གླུ་སྐད་ཅིག་གྱེར་ཡོད།
གླུ་སྐད་རྒྱང་ལ་གྱེར། གླུ་སྐད་མཁའ་ལ་གྱེར།
སེམས་ཀྱི་འཁོར་ཕྱོགས།༼གཞས་ཚིག
སེམས་ཀྱི་འཁོར་ཕྱོགས་མིན་ན།། སེམས་པའི་གཏིང་ལ་ཟུག་སོང་།།
འགྲོགས་འདྲིས་ཟབ་པའི་བརྩེ་བ།། སེར་པོ་གསེར་ལས་ལྷག་འདུག།
མིག་གི་ལྟ་ཕྱོགས་མིན་ན།། སྙིང་གི་ཟུར་ལ་བཞད་སོང་།།
ཡུན་རིང་འགྲོགས་པའི་བརྩེ་དུངས།། དཀར་པོ་དུང་ལས་དཀར་འདུག།
རྣ་ཡི་ཉན་ཕྱོགས་མིན་ན།། ཡིད་ཀྱི་དབུས་ནས་ཐོས་སོང་།།
བསླུ་མེད་སེམས་པ་དམར་པོ།། དམར་པོ་མེ་ལས་ཚ་བ།།
༢༠༡༥ ༡༢ ༡༡ཉིན།
ངའི་ཆུང་དུས།༼བྱིས་གླུ།
གངས་མཐོན་པོ་གནམ་གྱི་ཀ་བ་འདི།
ང་ཆུང་བའི་དུས་ཀྱི་བླ་རི་ཡིན།
ངའི་བློ་རྩ་གངས་རི་འདི་ལས་དཀར།
གངས་རི་ཡ། བླ་རི་ལགས།
ཐང་ཡངས་མོའི་ལུག་ཆུང་འབའ་འབའ་འདི།
ང་ཆུང་བའི་དུས་ཀྱི་རྩེད་གྲོགས་ཡིན།
ངའི་བརྩེ་བ་ལུག་ཆུང་བལ་ལས་འཇམ།
ལུག་ཆུང་ཡ། རྩེད་དུ་འགྲོ།
ཆུ་གཙང་མོ་མངར་འཇམ་ལྡན་པ་འདི།
ང་ཆུང་བའི་དུས་ཀྱི་བཏུང་བྱ་ཡིན།
ངའི་བསམ་པ་ཆུ་མོ་འདི་ལས་དྭངས།
ཆུ་མོ་ལགས། བཏུང་མཆོག་རེད།
ངའི་ཕ་ཡུལ།༼བྱིས་གླུ།
ཉི་མ་རི་ལ་ཤར་སོང་།། རི་ལ་མདངས་ཤིག་རྒྱས་སོང་།།
རི་མགོའི་རྩྭ་རྩེའི་ཟིལ་བ།། མུ་ཏིག་བསྟར་ལ་བརྒྱུས་སོང་།།
ངའི་ཕ་ས་ཕ་ཡུལ་འདིར། སྣོད་བཅུད་ཀྱི་བཀོད་པ་མཛེས།
འབྲི་མོ་ལྷས་ལ་འཁོར་སོང་།། ལྷས་ལ་གཡང་ཞིག་བསྣན་སོང་།།
འབྲི་མོའི་འོ་མ་དཀྲོག་ན།། དཀར་པོ་སེར་པོ་བྱུང་ཡོང་།།
ངའི་ཕ་ས་ཕ་ཡུལ་འདིར། ཟས་བཅུད་ཀྱི་ཕུན་ཚོགས་འཛོམས།
ནང་མི་ཡུལ་འཛོམས་སོང་།། ཡུལ་ལ་སྐྱིད་ཅིག་མངོན་སོང་།།
ཉེ་འབྲེལ་ཕུ་ནུ་མིང་སྲིང་།། འཛོམས་གསུམ་དགའ་བྲོ་འཁྲབ་ཡོད།།
ངའི་ཕ་ས་ཕ་ཡུལ་འདིར། འགྲོ་མི་ཡི་བསོད་ནམས་འཁོར།
༢༠༡༥ ༨ ༡༦ཉིན་གྱི་ཕྱི་དྲོར་རྐང་ཚའི་རིག་གནས་ཁང་དུ་བྲིས།
ཚེ་རིང་སྒྲོལ་དཀར།༼གཞས་ཚིག
དྲན་དུས་སྒོམ་པས་མི་འོངས།། དགོས་དུས་རེག་རྒྱུ་མི་འདུག།
ཚེ་རིང་ལ། ཚེ་རིང་སྒྲོལ་དཀར་ལ་སོ།
ཁྲི་གདུགས་ཉི་མ་གཞོན་ནུ།། ཤར་རིའི་རྩེ་ནས་འཕགས་བྱུང་།།
སེར་ཆེན་མེ་ཏོག་ལྷེབ་མ།། ཉི་མའི་གམ་ནས་བཞད་སོང་།།
རང་གིས་བསམ་པའི་མེ་ཏོག། ནམ་ཡང་བཞད་རྒྱུ་མི་འདུག།
ཚེ་རིང་སྒྲོལ་དཀར་ལ་སོ། ཚེ་རིང་།
ལབ་དུས་བསམ་ཐོག་མི་འགྲོ།། འབོད་དུས་འཕྲལ་དུ་མི་འབྱོར།།
ཚེ་རིང་ལ། ཚེ་རིང་སྒྲོལ་དཀར་ལ་སོ།
དཀར་གསལ་ཟླ་བ་གཞོན་ནུ།། ནུབ་རིའི་རྩེ་ནས་འཕགས་བྱུང་།།
ཀུ་མུད་འཛུམ་ཆུང་གྲོལ་ལེར།། ཟླ་བའི་ལོགས་ནས་བཞད་བྱུང་།།
རང་གིས་བསམ་པའི་མེ་ཏོག། ནམ་ཡང་བཞད་རྒྱུ་མི་འདུག།
ཚེ་རིང་སྒྲོལ་དཀར་ལ་སོ། ཚེ་རིང་ལ།
ཨ་མ་ལགས།༼གཞས་ཚིག
རླུང་བསེར་བུ་ཙག་ཁ་ཆེ་ས་ནས།
ངའི་ཆེད་དུ་འདུར་བཞིན་དྲིན་མོ་ཆེ།
ཨ་མ་ལགས། བུ་ངའི་སྙིང་ནོར་ཡིན།
གང་བྱས་ལས་དེ་བུ་ཡི་ཆེད་དུ་ཡིན།
ཨ་མ་ལགས།
ཤ་རུས་ཟད་ཅིང་ཟུངས་ཁྲག་སྐམ་ན་ཡང་།
བུ་ཡི་ཆེད་དུ་འགྱུར་མེད་དམིགས་འདུན་བཅངས།
ཨ་མ་ལགས། བུ་ངའི་སྙིང་ནོར་དཀོན་པོ།
ཁྱོད་ནི་ང་ཡི་རྣམ་ཤེས་ཀྱི་བླ་སྲོག་དང་།
ང་ནི་ཁྱོད་ཀྱི་ཟུངས་ཁྲག་གི་སྙིང་པོ་ཡིན།
གཏམ་བཤད་ཚེགས་མི་ཁ་ཆེ་ས་ནས།
ངའི་ཆེད་དུ་རྒྱུག་བཞིན་པའི་དྲིན་མོ་ཆེ།
ཨ་མ་ལགས། བུ་ངའི་སྙིང་ནོམ།
གང་བཤད་གཏམ་དེ་བུ་ཡི་དོན་དུ་བཤད།
ཨ་མ་ལགས།
ལུས་ཐང་ཆད་ཅིང་རེ་ཐག་ཆད་ན་ཡང་།
བུ་ཡིད་ཆེད་དུ་འགྱུར་མེད་དམིགས་སོ་བརྟན།
ཨ་མ་ལགས། ངའི་སྙིང་ནོར་དཀོན་པོ།
ཁྱོད་ནི་ང་ཡི་རྣམ་ཤེས་ཀྱི་བདག་པོ་དང་།
ང་ནི་ཁྱོད་ཀྱི་ཟུངས་ཁྲག་གི་དྭངས་མ་ཡིན།
རྐང་ཚའི་རིག་གནས་ཁང་ནས།
བརྩེ་བ་ཁྲ་ཆིལ་དགུ་ཆིལ།༼གཞས་ཚིག
ཐེ་ཚོམ་དང་རེ་དོགས་ཀྱི་བར་ནས།
བརྩེ་བ་ལ་འགྱུར་བ་ཡོད།
ཡིད་ཆེས་དང་སེམས་ཁུར་གྱི་ཀློང་ནས།
བརྩེ་བ་ལ་བློ་ཁ་ཤོར།
རེ་ཆད་དང་ཡིད་མུག་གི་བར་ནས།
བརྩེ་བ་ལ་གས་ཆག་ཤོར།
ཁ་མཚར་དང་ཀུ་རེ་ཡི་ཁྲོད་ནས།
བརྩེ་བ་ལ་ཚོད་བགམ་བྱས།
སུན་སྣང་དང་སྐྱོ་འཚེར་གྱི་བར་ནས།
བརྩེ་བ་ལ་ཞེན་པ་ལོག
ཨ་གསར་དང་ཧོལ་རྒྱུགས་ཀྱི་བར་ནས།
བརྩེ་བ་ལ་དགའ་མོས་བྱས།
ཁྱོད་སྔར་བཞིན་ངའི་སེམས་ནས་གནད་དུ་འཛིན།༼གཞས་ཚིག
ཁྲ་ཁྲ་རིག་རིག་དེང་རབས་འཇིག་རྟེན་གྱི་རང་བཞིན།
ཟང་ཟིང་ལང་ལོང་དེང་རབས་དུས་རབས་ཀྱི་འཁོར་ཕྱོགས།
རེ་ཞིག་ངལ་ཞིག་གསོས་ནས་འདང་ཞིག་བརྒྱག་དུས།
ཁྱོད་སྔར་བཞིན་ངའི་སེམས་ནས་གནད་དུ་འཛིན།
མེད་ན་མི་ཆོག་ངེས་པར་ཡོད་དགོས་པ།
ཁྱོང་རང་གནད་དུ་འཛིན་པའི་གཏན་ཚིགས་ལགས།
ཁྲ་ཆིལ་དགུ་ཆིལ་ད་ལྟའི་འཁོར་བ་ཡིན་འགྲོ་ལུགས།
འ་འུར་ལྡར་ལྡིར་ད་ལྟའི་ལོ་ཟླ་ཡི་བསྟུན་ཕྱོགས།
རེ་ཞིག་དལ་དུ་བཏང་ནས་བློ་ཞིག་འཁོར་དུས།
ཁྱོད་སྔར་བཞིན་ངའི་སེམས་ནས་གནད་དུ་འཛིན།
ཡོད་ན་མི་ཆོག་ངེས་པར་འཐོབ་དགོས་པ།
ཁྱོང་རང་གནད་དུ་འཛིན་པའི་གཏན་ཚིགས་ལགས།
ཁ་བའི་མེ་ཏོག༼གཞས་ཚིག
ང་ཡི་དུངས་སེམས་བསྣམས་པའི་ཁ་བའི་མེ་ཏོག
གངས་རི་ལས་ཐོན་པའི་ཁ་བའི་མེ་ཏོག
སུ་ཡི་བློ་ཁ་ལ་བཞད་སོང་།
དཀར་པོ་མདངས་ལ་ལྷག་བསམ་ཞིག་མཆེད་ཡོད།
དགུང་ཨ་སྔོན་ལས་བྱོན་ཏེ་ས་དོག་མོ་ལ་འབྱོན་དུས།
ང་ཡི་བློ་སེམས་དྲངས་སོང་།
ཁ་བའི་མེ་ཏོག
༼ང་ཡི་སྐྱོ་བ་འཁུར་བའི་ཁ་བའི་མེ་ཏོག
ང་ཡི་གདུང་བ་གྱེར་བའི་ཁ་བའི་མེ་ཏོག
ང་ཡི་དགའ་བ་གློད་པའི་ཁ་བའི་མེ་ཏོག༽
ང་ཡི་སེམས་འདུན་ཁུར་བའི་ཁ་བའི་མེ་ཏོག
གངས་ཆབ་ལས་ཆད་པའི་ཁ་བའི་མེ་ཏོག
སུ་ཡི་བློ་རྩ་ལ་འཐིིམས་སོང་།
མྱུར་མོ་འགྲོས་ལས་བློ་སྤོབས་ཤིག་མངོན་ཡོད།
གནམ་སྔོན་མོ་ལས་གྱེས་ཏེ་ཐང་ཡངས་མོ་ལ་ལྷགས་དུས།
ང་ཡི་ཡིད་ཁམས་བསླུས་སོང་།
ཁ་བའི་མེ་ཏོག
༼ང་ཡི་སྐྱོ་བ་འཁུར་བའི་ཁ་བའི་མེ་ཏོག
ང་ཡི་གདུང་བ་གྱེར་བའི་ཁ་བའི་མེ་ཏོག
ང་ཡི་དགའ་བ་གློད་པའི་ཁ་བའི་མེ་ཏོག༽
༢༠༡༥ ༡༢ ༡༢ཉིན་ཁ་བ་ལྷབ་ལྷུབ་འབབ་དུས་སུ་ཙོང་ཁ་གྱི་ཐང་ནས།