ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> མི་སྣ།
 རྩོམ་ཡིག་ཀློག་པ།

རླབས་ཆེན་གྱི་བཞུད་ལམ།

  རྩོམ་པ་པོ:རྫ་ཚེ་རིང་བཀྲ་ཤིས།ཡོང་ཁུངས:ངེད་གཟིགས་གྲངས:18641ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2016/3/7 18:03:51ཚོགས་ཡར་སྤྲོད:admin

རླབས་ཆེན་གྱི་བཞུད་ལམ།

རྫ་ཨ་རིག་མཁན་ཆེན་པདྨ་ཚེ་དབང་གླེང་བ

རྫ་ཚེ་རིང་བཀྲ་ཤིས།


 (འདི་ལོའི་ཆོ་འཕྲུལ་ཟླ་བའི་ཚེས་ཉེར་ལྔ་ནི་ངའི་བླ་མ་བཀའ་དྲིན་ཅན་ཉིད་སྐུ་གཤེགས་པའི་འདས་མཆོད་རྗེས་དྲན་ཐེངས་བཅུ་བཞི་བ་རེད།དེ་རིང་ངས་འབྱོར་བའི་དངོས་པོ་གང་ཞིག་གིཡོ་ལང་དཀྲིགས་པོར་བཤམས་ནས་ཁྱེད་ལ་རྗེས་དྲན་ཞུ་བའི་སྟབས་ཁ་མ་འགྲིག་མོད་ཀྱི།ནང་གི་སེམས་པ་མཚོན་པའི་རྩོམ་ཡིག་འདི་ཙམ་གྱིས་རླབས་ཆེན་གྱི་དམ་པ་ཁྱེད་ཉིད་འཚོལ་བཞིན་ཡོད།ཡིག་འབྲུ་འདི་དག་ཁོ་ན་ང་ལ་དབང་བའི་མཆོད་རྫས་གཅིག་པུ་དེའོ།།༢༠༡༦/༣/༤)

——————ཕྱི་ལོག་ཀྱི་ནམ་མཁའ་ནི་ནག་པོ་ནག་རྐྱང་ཡིན་ན་ཡང་།དགེ་བའི་བཤེས་གཉེན་གྱི་ནང་གི་ཉམས་ལེན་གོང་དུ་འཕེལ་བ་ནི་བསམ་གྱིས་མི་ཁྱབ་པ་ཞིག་རེད།


 

༡    བརྙན་མིག་ལ་བལྟས་ཏེ་མིག་ཆུ་ཤོར་བ།


ལོ་གཅིག་ལྷག་གི་སྔོན་ཞིག་ལ།ང་ཐའེ་ཝན་དུ་ཡོད།ངས་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་བརྙན་གྱི་རིན་པོ་ཆེས་གཏམ་བརྒྱུད་འཆད་པ་ཞེས་པའི་ལེ་ཚན་དུ་བླ་མ་རིན་པོ་ཆེ་མཁན་ཆེན་པདྨ་ཚེ་དབང་གི་སྐོར་བཤད་པ་ཡིན།

ཉིན་དེར་།རྒྱུན་ལྡན་ལྟར་ང་དང་བརྙན་ལེན་མཁན་གཉིས་གཅིག་པུར་བརྙན་ལེན་བྱ་ཡུལ་དུ་ཡོད།ཁོར་ཡུག་ཡོད་ཚད་ལྷིང་འཇགས་ཡིན།བརྙན་ལེན་པས་རང་ཉིད་ཀྱིས་བརྙན་ལེན་ཡོ་ཆས་སྟངས་འཛིན་བྱེད་རྒྱུར་རིག་པ་བསྒྲིམས་ནས་འདུགང་ཁྲུ་གང་ལས་མཐོ་ཙམ་ཡིན་པའི་ཆོས་ཁྲི་ཞིག་གི་ཐོག་ཏུ་བསྡད་ཡོད།གོས་ཚགས་བཅོས་ཤིང་མིག་གིས་ཐད་ཀར་བརྙན་མིག་ལ་བལྟས་ནས་སྐད་ཆ་བཤད་མགོ་བཙུགས།ང་ལ་བརྙན་མིག་ལ་ལྟ་བ་ལས་གཞན་པའི་མིག་གིས་འཚོ་རྒྱུ་མེད།དེ་ལས་གཞན་པའི་མི་ཡང་ཡུལ་ངོས་ན་མེད།མ་ཟད་སྙན་མིག་ལ་ཐད་ཀར་ལྟ་བ་ནི་ཆ་རྐྱེན་རེད།

བརྙན་ལེན་ལ་གོམས་པོ་མེད་པ་དང་།དུས་རྒྱུན་ཡར་ལྟ་མ་ལྟ་བྱེད་རྒྱུར་གོམས་པའི་ང་ལ་མཚོན་ན།དེ་ནི་གུ་དོག་དང་མ་བདེ་བ་ཞིག་རེད།འོན་ཀྱང་ངས་བརྙན་མིག་ལ་གཅེར་ཏེ་སྐད་ཆ་བཤད་མུ་མཐུད་བཤད།ངའི་རྒྱ་སྐད་ཀྱི་ཆུ་ཚད་ཡག་པོ་མིན།སྒྲ་གདང་ནི་དེ་བས་ཀྱང་སེམས་ཁ་ཁེངས་པ་ཞིག་མེད།འོན་ཀྱང་།ལེ་ཚན་འདིར་བླ་མ་རིན་པོ་ཆེའི་མཛད་རྣམ་དང་འབྲེལ་བའི་རང་གི་མཐོང་ཐོས་གང་ཡིན་པ་དེ་ཚོ་བདེན་པ་བདེན་ཐུབ་བྱས་ནས་བཤད་པ་ཡིན།བཤད་ཀྱིན་བཤད་ཀྱིན་བླ་མ་རིན་པོ་ཆེའི་དྲུང་དུ་ཡོད་པའི་སྐབས་ཀྱི་འདས་དོན་གྱི་སྣང་བརྙན་མང་པོ་ཞིག་སེམས་ལ་གློག་བརྙན་ལྟར་ཤར་།ཡ་ཆུང་འཆི་མས་བརྣངས།

ང་རྒྱུན་དུ་དད་པས་སེམས་བརླན་ཏེ་ཡོད་མཁན་ཞིག་མིན་ན་ཡང་།བླ་མ་རིན་པོ་ཆེའི་མཁྱེན་བརྩེ་དང་།ཤིན་ཏུ་དུལ་བའི་སྤྱོད་ལམ་གྱི་མཐའ་དེ་ཚོ་སེམས་ལ་འཁོར་བ་དང་།སེམས་པ་རང་བཞིན་གྱིས་མནོན་མི་ཐུབ་པ་ཞིག་རེད།

འོ་ན་སྐབས་དེར་ཁྱོད་ཀྱིས་བླ་མ་རིན་པོ་ཆེའི་རྣམ་ཐར་གྱི་སྐོར་དག་ཇི་ལྟར་གླེང་བ་ཡིན་ཟེར་ན།འོག་ཏུ་གུས་པས་སྐབས་དེའི་སྐད་ཆ་རྨང་གཞིར་བྱས་ཏེ་རྒྱ་ཡིག་ཏུ་བྲིས་པའི་གླེང་རྩོམ་ཞིག་ཡོད་པ་དེ་བོད་ཡིག་གི་ལམ་ནས་ཁྱེད་ལ་ངོ་སྤྲོད་བྱེད།

 

༢   སྔོན་བྱོན་གོང་མའི་རྣམ་ཐར།རྗེས་འཇུག་སྐྱེ་བོའི་ཉམས་ལེན།

 

དགེ་བའི་བཤེས་གཉེན་གྱི་རྣམ་ཐར་ནི་ཉམས་ལེན་པ་ཞིག་ལ་ཧ་ཅང་གལ་ཆེན་རེད།

བོད་བརྒྱུད་ནང་བསྟན་གྱི་བླ་མ་རྣམ་པས་ཀྱང་ཡང་དང་ཡང་དུ་རྩ་བ་བརྒྱུད་པའ་ིབླ་མ་དང་དགེ་བའི་བཤེས་གཉེན་དག་གི་རྣམ་ཐར་ནི།རྗེས་འཇུག་དག་གི་ཉམས་ལེན་གྱི་མིག་དཔེ་རེད་ཅེས་རྩལ་ཏུ་བཏོན་ཏེ་གསུངས་ཡོད།

 

ཆོས་ཉམས་སུ་ལེན་མཁན་ཞིག་གི་ངོས་ནས།སློབ་སྦྱོང་དང་ཉམས་ལེན་གྱི་ལམ་བུ་ནས་རྟག་པར་རང་ཉིད་ཀྱི་རྣམ་དཔྱོད་ཁོ་ནས་ཐག་མི་ཆོད་པའི་གནད་དོན་མང་པོར་འཕྲད་ཀྱི་ཡོད།ང་ཚོའི་ཤེས་རབ་ནི་ཚད་བཀག་ཡོད་པ་ཞིག་རེད།ང་ཚོས་རང་སྟོབས་ཀྱིས་རྒྱ་ཆེ་གཏིང་ཟབ་ཀྱི་ཆོས་ཀྱི་གོ་དོན་རྟོགས་པར་དཀའ་ལས་ཡོད།ཆོས་ཉམས་སུ་ལེན་པའི་བརྒྱུད་རིམ་ཁྲོད།ངེས་འབྱུང་།བྱམས་བརྩེ།དད་པ་སོགས་ཀྱི་གནས་སྟངས་མཐོ་དམན་འཕེལ་འགྲིབ་མང་པོ་བྱེད་པའི་སྐབས་སུ།ཉམས་ལེན་གྱི་གོལ་ས་དང་།བར་ཆད་ཀྱི་ཉམས་སད་དག་ལ་གདོང་ཐུག་རྒྱག་པའི་སྐབས་སུ།གོམ་ཁ་ཕྱི་ནུར་བྱེད་ལ་ཉེ་བའི་སྐབས་སུ།ཁ་ཕྱོགས་གསལ་པོ་མི་རྙེད་པའི་སྐབས་སུ་བླ་མ་དང་དགེ་བའི་བཤེས་གཉེན་དག་གི་རྣམ་ཐར་ལ་ལྟ་བ་ནི་ཆེས་བཟང་བའི་ཐབས་ཤེས་ཡིན།གང་ཡིན་ཟེར་ན།ཁོང་ཚོ་ནི་རང་དཔེ་གཞན་ལ་སྟོན་མཁན་གྱི་ཆེས་བཟང་ཤོས་ཀྱི་མིག་དཔེ་རེད།

སློབ་མ་མང་པོ་ཞིག་གིས་རྟག་པར་མི་ལ་རས་པ་སོགས་ཀྱི་རྣམ་ཐར་མཇལ་ན་དད་པ་དང་མོས་གུས་ངང་གིས་འཕེལ་གྱི་འདུག་ཅེས་ཤོད་པ་ངས་གོ་མྱོང་ཡོད།འདི་ནི་དམ་པ་གོང་མ་དག་གི་རྣམ་ཐར་ལ་སློབ་སྦྱོང་བྱས་པ་ལས་ཐོབ་པའི་གལ་ཆེ་ཤོས་ཀྱི་བྱིན་རླབས་རེད།

 

༣  མུན་པའི་ཁོར་ཡུག་ནས་ཤེས་རབ་ཀྱི་སྒྲོན་མེ་རྙེད་པ།

 

རྡོ་རྗེ་ཐེག་པ་ལྟར་ན།བླ་མ་ཁྱོད་ཀྱི་དགེ་རྒན་ཡིན་པར་མ་ཟད་སངས་རྒྱས་ཀྱང་རེད།འདི་ལྟ་བུའི་བསམ་བློ་དང་ལྟ་སྟངས་དེ་ཡང་ཐོག་མར་བླ་མ་སྒེར་གྱི་ཉམས་ལེན་དང་།གཞན་ཕན་གྱི་བྱ་སྤྱོད་སོགས་ཀྱི་ལག་རྗེས་ལས་ཡོང་དགོས།དེ་ནི་ཧ་ཅང་གལ་ཆེན་རེད།

མཁན་ཆེན་བཀའ་དྲིན་ཅན་པདྨ་ཚེ་དབང་ལྷུན་གྲུབ་ནི་ངའི་རྩ་བའི་བླ་མ་ཡིན།

སྤྱི་ལོ་༡༩༥༩ནས་མི་ལོ་སུམ་ཅུར་ཉེ་བའི་དུས་ཡུན་ནང་།མཁན་རིན་པོ་ཆེ་མཆོག་གིས་ཆོས་ལ་བཅངས་པའི་ཡིད་ཆེས་དང་འདུལ་ཁྲིམས་གཙང་མའི་ནན་ཏན་བཅས་ལ་ཕྱི་ནུར་ཕྲན་བུ་ཙམ་ཡང་བྱས་མེད།

རིག་གསར་གྱི་དུས་མཇུག་ལ་སླེབས་ཅིང་།བོད་ཁམས་ཧྲིལ་པོ་དང་།མདོ་ཁམས་ཀྱི་ཁུལ་དུ་ཆོས་དད་ཀྱི་འཆིངས་རྒྱ་ཅུང་ཟད་ཀློད་ཏེ་ཆོས་དད་དང་དགོན་བཞེངས་ཀྱི་འགོ་ཚུགས།མི་དག་གི་ལག་མགོར་ཡང་བསྐྱར་ཕྲེང་བ་ཐོགས་ཤིང་།ཁ་ནས་སྐྱབས་འགྲོ་བཏོན།གནས་བབ་དེ་འདྲ་ཞིག་གི་འོག་ནས་ལྷག་ལུས་བྱུང་བའི་དགེ་བའི་བཤེས་གཉེན་ཆེས་ཉུང་ངུ་ཞིག་ཡོད།མཁན་རིན་པོ་ཆེ་ནི་དེའི་ཁྲོད་ཀྱི་གཅིག་རེད།

 

མཁན་ཆེན་འཇིགས་མེད་ཕུན་ཚོགས་དང་མཁན་རིན་པོ་ཆེ་གཉིས་ནི་དུས་ཐོག་གཅིག་ལ་མཉམ་དུ་སློབ་སྦྱོང་བྱས་པའི་རྡོ་རྗེའི་མཆེད་གྲོགས་རེད།ཁོང་གཉིས་ཀྱིས་མཉམ་དུ་རྫ་ལྕང་མ་སྒར་དུ་ཐུབ་དགའ་ཡིད་བཞིན་ནོར་བུར་བསྟེན་གནང་ཡོད།

ཡང་མི་ཚོས།མཁན་རིན་པོ་ཆེའི་ཤེས་རབ་ནི་རྒྱུན་ལྡན་གྱི་མིའི་བསམ་བློ་ལས་བརྒལ་བ་ཞིག་ཡིན་པས་མཁས་པ་ཆགས་པ་ཡིན་སྲིད་ན་ཡང་ང་ཚོས་ཁོང་ནང་བཞིན་ཅིག་ཡོང་ཁག་པོ་རེད་སྙམ་སྲིད།

དོན་དངོས་ཐོག་མཁན་རིན་པོ་ཆེ་ནི་ཤེས་རབ་ཆེན་པོ་ཅན་ཞིག་ཡིན་པ་ཙམ་དུ་མ་ཟད།བརྩོན་པ་རྒྱུན་མི་ཆད་དུ་བསྟེན་མཁན་ཞིག་ཡིན།རྒྱུ་མཚན་དེས་དེ་རིང་གི་གྲུབ་འབྲས་འདི་ཐོབ་པ་རེད།

རིག་གསར་གྱི་དུས་ཡུན་ནང་།གལ་ཏེ་ཁྱོད་ཀྱི་དཔེ་ཆ་ལྟ་ཀློག་བྱེད་བཞིན་པ་མི་ཞིག་གིས་མཐོང་ན་ཚེ་སྲོག་གི་ཉེན་ཁ་ཡོད།འོན་ཀྱང་མཁན་རིན་པོ་ཆེས་སྒྱེད་པུའི་འོག་ཏུ་དོང་བྲུས་ཏེ་ཆོས་དཔེ་སྦ་ས་བྱས།ཁོང་གིས་ཕྱོགས་གཅིག་ནས་ཐབ་ཀ་ལས་ཞོར།མིས་དོ་སྣང་མི་བྱེད་པའི་སྐབས་དང་བསྟུན་ཏེ་ཡ་སྒྱེད་འོག་གི་ཆོས་དཔེ་དེ་ཚོ་བླངས་ནས་གཟིགས་ཀྱི་ཡོད།ཁོང་གི་ཤེས་ཡོན་ལ་ཞག་སྐྱེད་དང་ཟླ་བསྐྱེད་ཀྱི་ཡར་རྒྱས་འབྱུང་བཞིན་ཡོད།འོན་ཀྱང་ཁོར་ཡུག་གི་མི་ཚོས་ཧ་གོ་གི་མེད།

རུ་སྡེའི་མི་རྣམས་ཀྱི་མིག་ལམ་དུ།ཁོང་ནི་སྤྱིར་བཏང་གི་གྲྭ་པ་ཞིག་དང་།ཡི་གེའི་དག་ཆ་ཡག་པོ་ཡོད་མཁན་ཙམ་ཞིག་རེད་ཟེར།ཁོང་སེམས་རྒྱུད་ཧ་ཅང་ཡག་པོ་ཡོད་ཅིང་།མི་གཞན་ལ་ནུས་ཚོད་ཀྱི་རོགས་རམ་བྱེད་རྒྱུར་དགའ་བ་དེ་ཁོང་ཚོས་ཤེས་ཀྱི་ཡོད།སྐབས་དེར་འབྲོག་ཕྱུག་དང་ཞྭ་གོན་ཟེར་བའི་མི་སྐོར་ཞིག་གིས་དུས་ནས་དུས་སུ་གོང་རིམ་ལ་རང་ཉེས་ངོས་ཟིན་དང་འབྲེལ་བའི་ཡར་ཞུའི་གསོ་སྦྱོང་བྱེད་དགོས་ཤིང་།གལ་ཏེ།ཡར་ཞུའི་ཡི་གེར་གོང་རིམ་འགོ་ཁྲིད་ཚོས་ཤེས་ངེས་ཀྱི་ཡིག་ནོར་འདྲ་ཡོད་ན་དེ་ལ་ཁག་དཀྲིས་ནས་ཞྭ་གོན་དེ་ཚོར་ཡང་བསྐྱར་སྡུག་པོ་གཏོང་བ་ཡིན།ཞྭ་གོན་དང་འབྲོག་ཕྱུག་དེ་ཚོས་རྒྱུན་དུ་མཁན་རིན་པོ་ཆེ་བཙལ་ནས་ཡར་ཞུ་འབྲི་རོགས་ཟེར་ཞིང་།སྐབས་དེར་ཁོང་ཚོས་མཁན་རིན་པོ་ཆེ་ལ་པད་ཚེ་ཞུ།

ཁོང་གི་ཤེས་རབ་དང་སློབ་སྦྱོང་གི་ནུས་པ་ནི་དེ་ལྟ་བུའི་ཁོར་ཡུག་ཅིག་ནས་སྙོམ་ལག་རྒྱས།

 

སྤྱི་ལོ་༡༩༨༡གི་གཡས་གཡོན་ཙམ་ན་ཁམས་རྫོགས་ཆེན་དུ་རྫོགས་ཆེན་བོད་ཡིག་སློབ་གྲྭ་ཟེར་བ་ཞིག་དབུ་ཚུགས།བོད་མདོ་ཁམས་ཕྱོགས་ཀྱི་སྙན་གྲགས་ཆེ་བའི་མཁན་སྤྲུལ་དགེ་བཤེས་མང་པོ་ཞིག་རིམ་གྱིས་ས་དེར་འཛོམས་ཤིང་།ཁོང་ཚོས་སློབ་གླིང་འདིར་ཕན་ཐོགས་ཡོད་པའི་མཁས་པ་ཞིག་གང་ནས་གདན་འདྲེན་ཐུབ་པའི་སྐོར་ལ་གོ་བསྡུར་བྱས།

སྐབས་དེར་ར་སྐོར་མཁན་པོ་ཐུབ་ནོར་ཞུ་བ་ཞིག་གིས་མཁན་རིན་པོ་ཆེ་འོས་སྦྱོར་གནང་།

ཁོང་གིས།ང་ལོ་མང་སྔོན་ལ་རྫ་ཆུ་ཁར་དབྱར་རྩ་བརྐོ་མཁན་གྱི་རུ་ཁག་དང་མཉམ་དུ་སྨན་པ་རྐང་རྗེན་མའི་མིང་ཐོག་ནས་ས་ཆ་དེར་ཕྱིན་སྐབས་ཨ་རིག་རྫ་ནས་པད་ཚེ་ཞུ་བའི་དཔེ་ཆ་བ་ཞིག་དང་ཐུག་མྱོང་ཞིང་།ཁོང་ནི་ཤེས་ཡོན་ཧ་ཅང་ཆེན་པོ་ཡོད་པ་ཞིག་ཡིན་པར་ཐེ་ཚོམ་མེད་ཅེས་ལབ།

ཁོང་རྣམ་པས་མི་སྣ་ཆེད་གཏོང་གིས་རྫ་ཆུ་ཁའི་ཨ་རིག་རྫར་བརྟོལ།ཨ་རིག་རྫ་ནི་མཁན་རིན་པོ་ཆེའི་ཕ་ས་འཁྲུངས་ཡུལ་རེད།ཨ་རིག་རྫའི་གྲོང་ཆེན་སྟེང་ཞེས་པའི་ཡུལ་ཚོའི་ལྟེ་གནས་དེ་ནས་ན་བཟའ་ཧ་ཅང་དཀྱུས་མ་གྱོན་པ་དང་།མཐོང་སྣང་ལ་ཡིན་འདོག་དང་རྫིག་ཉམས་གང་ཡང་མེད་པའི་བན་རྒན་ཉམ་ཆུང་ཞིག་རྙེད།ལྟས་ཚོད་ལ་ཤེས་ཡོན་ཆེན་པོ་ཡོད་པའི་མིི་ཞིག་གི་ཆེ་ཚུགས་དང་སྙེམས་པ་གང་ཡང་མི་མངོན།

བསུ་མ་དག་གི་སེམས་ལ་སོམ་ཉི་སྐྱེས་ཤིང་།ཐ་ན་ཁྱིམ་ཚེས་རུ་སྐོར་དག་གིས་ཀྱང་ཁོང་ལ་བོད་ཡིག་གི་དག་ཆ་ལེགས་ཙམ་ཡོད་པ་ལས་གཞན་པའི་ཁྱད་ཆོས་གང་ཡོད་ལ་རྒྱུས་མངའ་མེད།ཤེས་རབ་ཀྱི་རིན་ཐང་ནི་ཤེས་རབ་ཅན་ཁོ་ནས་རྟོགས་པ་ཞིག་རེད།

 

༤        ཉི་མའི་འོད་ཟེར་རི་ནས་ཤར་ཞིང་།བོད་ནང་དུ་བསྟན་པ་ཡང་དར་བྱུང་།

 

འཇུ་མི་ཕམ་རིན་པོ་ཆེར་སྐད་གྲགས་ཆེ་བའི་བརྩམས་ཆོས་ཤིག་ཡོད་ཅིང་།མིང་ལ་མཁས་པའི་ཚུལ་ལ་མཇུག་པའི་སྒོ་ཞེས་ཟེར།དེ་ནི་ཧ་ཅང་གལ་ཆེ་བའི་ཆོས་བཞུང་ཞིག་རེད།

རྫོགས་ཆེན་བོད་ཡིག་སློབ་གྲྭ་དབུ་འཛུགས་ཀྱི་དཔེ་ཁྲིད་ཐོག་མ་དེ་འདི་ལ་བྱས་ན་རྟེན་འབྲེལ་གྱི་གནད་ཆེན་པོ་ཡོད་པའི་ཡིད་ཆེས་དང་ངོས་འཛིན་གཅིག་མཐུན་དུ་བྱུང་།འོན་ཀྱང་།གཞུང་འདིའི་ནང་དུ་གང་འཆད་པ་དེ་བརྗོད་གཞི་བྱེ་བྲག་པ་ཞིག་མ་རེད།ཐེག་པ་གོང་འོག་གི་ལྟ་གྲུབ་དང་།གཞུང་བཀའ་པོད་ལྔའི་དོན་གནད་མང་པོ་ཞིག་མཉམ་འདྲེས་ཀྱིས་གཞུང་འདི་གྲུབ་ཡོད།དེས་ན་གཞུང་གི་གྲུབ་ཆ་ཧ་ཅང་རྙོགས་འཛིངས་ཆེན་པོ་ཅན་ཞིག་ཡིན་པས་ཚད་མཐོ་བའི་གཞུང་ལུགས་ཀྱི་གོ་རྟོགས་དང་ཉམས་མྱོང་མེད་ན་འཆད་མི་ཐུབ།

དེའི་ཕྱིར་དེར་འདུས་དགེ་རྒན་དག་གི་ཁྲོད་དུ་མཁས་འཇུག་འཆད་ཁྲིད་གནང་མཁན་དུ་དང་བླངས་ཀྱིས་ཁས་ལེན་གནང་མཁན་ཞིག་མ་བྱུང་།

ཐ་མ་དེར་མཁན་རིན་པོ་ཆེར་གཞུང་འདི་འཆད་མཁན་གྱི་ཁུར་བཞེས་ཐུབ་མིན་གྱི་བཀའ་འདྲི་ཞུས་པར།མཁན་རིན་པོ་ཆེས།འགྲིག་གི་རེད་ཅེས་ལན་བཏབ།

ཁོང་ཉིད་ཆོས་ཁྲིའི་ཁར་ཕེབས་ཤིང་།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།།ཞེས་པའི་མཆོད་བརྗོད་ཀྱི་ཚིག་ལས་འཕྲོས་ཏེ།དཀོན་མཆོག་གསུམ་གྱི་ཆེ་བ་བརྗོད་པའི་འགྲེལ་བཤད་ཤིན་ཏུ་རྒྱས་པ་གནང་།

སྐབས་དེར་ཁོང་གི་ཐུགས་ཚོར་དང་དགའ་བ་ནི་ཧ་ཅང་དཔོགས་པར་དཀའ་བ་ཞིག་རེད།རྗེས་སུ་སྐབས་དེའི་ཁོང་གིས་མཁས་འཇུག་འཆད་ཁྲིད་དབུ་འཛུགས་སྐབས་ཀྱི་ཚོར་སྣང་སྐོར་ཞལ་འཕྲོས་སུ་གསུང་སྐབས།ཁོང་གིས།

ང་ཚོས་ལོ་ངོ་ཉི་ཤུ་སུམ་ཅུའི་རིང་དྲག་ཆར་དང་རླུང་འཚུབས་མང་པོ་ཞིག་བརྒྱུད་དེ་རྨི་ལམ་དུ་ཡང་རྨིས་པར་དཀའ་བའི་ཉི་མ་འདི་འདྲ་ཞིག་སླར་ཡང་ཤར།ང་ཚོའི་བསྟན་པ་འདི་མུན་པའི་བཙོན་ལས་ཐར་བའི་ཉིན་བྱེད་གསར་དུ་ཤར་བ་དང་འདྲ་བར་བསྟན་པ་ཡང་དར་གྱི་འགོ་བརྩམས་སའི་མགོ་འཛུགས་ཀྱི་གོམ་ཁ་དང་པོ་དེ་རེད།རྒྱུ་མཚན་དེས།ངས་མཆོག་གསུམ་གྱི་ཡོན་ཏན་ཤུགས་ཆེན་པོས་བརྗོད་ཆོག་པའི་བསྐལ་པ་ཞིག་ཤར་བ་ཡོད་པ་དེར་ཡིད་ཆེས་དཀའ་བའི་ཚོར་བ་ཧ་ཅང་ཤུགས་ཆེན་པོ་བྱུང་ཞེས་གསུང་།

 

སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དགུ་བཅུ་གོ་གྲངས་ནང་།མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་རྫ་ཨ་རིག་བཤད་གྲྭར་ཕེབས།སྐབས་དེར་ང་ཡང་ཡུལ་ངོས་ན་ཡོད།

ཐུབ་དགའ་ཡིད་བཞིན་ནོར་བུའི་མདུན་ན་སློབ་སྦྱོང་བྱེད་པའི་སྐབས་སུ་ང་དང་མཁན་པོ་ཚང་བསྡུར་བ་ཡིན་ན་ངའི་སློབ་སྦྱོང་བཟང་བ་ཙམ་ཡོད།ད་ལྟ་ང་གཉིས་བསྡུར་བ་ཡིན་ན།ཁོང་གི་ཤེས་རབ་ཀྱི་ནུས་པ་ནི་ང་ལས་རྦད་དེ་བརྒལ་བ་ཞིག་རེད་ཅེས་མི་མང་ཁྲི་སྟོང་གི་དབུས་སུ་བསྔགས་བརྗོད་མཛད།

འདི་ནི་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཀྱིས་རང་གི་ཆོས་གྲོགས་རྙིང་པ་ཞིག་གི་སློབ་སྦྱོང་གི་ཆེས་ཐ་མའི་འགྲུལ་ཚུགས་ལ་གཟིགས་ཚུལ་རེད། 

ཁོང་ཉིད་གསེར་རྟ་བླ་རུང་སྒར་དུ་ཕེབས་ཟིན་པའི་རྗེས་སུ་ཡང་བཀའ་མོལ་འདི་ཞལ་སློབ་དག་ལ་ཐེངས་མང་གསུང་གནང་བར་མ་ཟད།ཨ་རིག་མཁན་པོ་པདྨ་ཚེ་དབང་གི་མཁྱེན་རྒྱ་ནི་བསམ་གྱིས་མི་ཁྱབ་པ་ཞིག་རེད་ཅེས་གསུངས་འདུག

འདིར་ངས་ཞུ་འདོད་པ་ནི།གལ་ཏེ་ནང་སེམས་ཀྱི་ཐོག་ཏུ་འདང་ངེས་ཀྱི་སེམས་རྩོལ་དང་ནུས་ཤུགས་ཡོད་ན།སློབ་སྦྱོང་དང་སྒོམ་སྒྲུབ་གང་ཡིན་ཡང་།ཆ་རྐྱེན་འདི་དག་ཕྱི་ཡུལ་གྱི་ཐོག་ཏུ་ཡོད་པ་ཞིག་མིན་པར་གལ་ཆེ་ཤོས་དེ་ཁྱེད་རང་ཉིད་ལ་ཐུག་ཡོད་ཅེས་པ་དེ་ཡིན།

ང་ཚོས་ནམ་རྒྱུན།འདི་དང་འདི་ངས་བྱེད་ནུས་ཤིང་ཐུབ་པ་ཞིག་མ་རེད།གང་ཡིན་ཟེར་ན་ཞེས་པའི་ཁག་དཀྲི་ས་ཞིག་འཚོལ་གྱི་ཡོད།ང་ཚོ་ལ་ཡོད་པ་མང་ཤོས་དེ་གང་ཡིན་ཟེར་ན་ཞེས་པའི་ཚིག་བརྗོད་འདི་རེད།དངོས་གནས་བྱས་ན།གང་ཡིན་ཟེར་ན་ཞེས་པའི་སྐད་ཆ་མང་པོ་འདི་དག་ཚིག་ལྷག་རྐྱང་པར་ངོས་འཛིན་བྱས་ཏེ་ཁྲམ་རྟགས་རྒྱབ་ན་འོས།དོན་དངོས་ཐོག་འདི་ཚང་མ་ཁག་འཇོག་བྱེད་ས་ཙམ་རེད།

ང་ཚོས་དགེ་བའི་བཤེས་གཉེན་དག་གི་རྣམ་ཐར་ལས་རླབས་ཆེན་གྱི་མི་བོ་ཆེ་དེ་དག་མཇལ་ཐུབ་ཅིང་།ཁོང་ཚོ་ཚང་མ་རང་ཉིད་ལ་རྟེན་ནས་རང་ཉིད་རླབས་ཆེན་དུ་གྱུར་པ་རེད།

རང་གིས་རང་ལ་ཡིད་རྟོན་བྱས་ཤིང་།བློ་བརྟན་འགྱུར་མེད་ཀྱི་སྙིང་སྟོབས་ཀྱང་མངའ།འདི་ནི་ཁོང་རྣམ་པར་ཡོད་པའི་ཆེས་གཞི་རྩ་དང་།ཆེས་གལ་ཆེན་གྱི་མ་རྩ་རེད།

མདོར་ན་ཆེས་གལ་གནད་ཆེ་བའི་ཆ་རྐྱེན་ནི་རང་ཉིད་ངོ་ཏི་དེ་ཡིན་པ་རེད།

 

༥        མི་སེམས་དབང་མེད་དུ་སྒུལ་བའི་མཛད་སྤྱོད།

 

ཕྱི་ལོག་ཀྱི་ནམ་མཁའ་ནི་ནག་པོ་ནག་རྐྱང་ཡིན་ན་ཡང་།

དགེ་བའི་བཤེས་གཉེན་གྱི་ནང་གི་ཉམས་ལེན་གོང་དུ་འཕེལ་བ་ནི་བསམ་གྱིས་མི་ཁྱབ་པ་ཞིག་རེད།

གཞུང་བཀའ་པོད་ལྔ་ཙམ་མིན་པར།བོད་ཀྱི་རིག་གནས་ཀྱི་ཚན་ཁག་གཞན་ཏེ།རྩོམ་རིགསྨན།བཟོ།སྐར་རྩིས་སོགས་གང་ཡིན་ཡང་།མཁན་རིིན་པོ་ཆེར་མཚོན་ན་གང་ཡང་མཁྱེན།དེ་ལས་གཞན་དུ་ཁོང་གི་ཀུན་སྤྱོད་ནི་མི་རྣམས་ཧ་ལས་དགོས་པ་ཞིག་རེད།

ཆོས་ཕྱོགས་ཀྱི་གོ་བབས་མཐོན་པོར་སོན་པ་ཞིང་ཆེ་ལ་མཐོ་བའི་ཁྲི་སྟན་གྱི་ཐོག་ནས་འདྲ་ཆགས་པོར་བཞུགས་ནའང་ཆོག་མོད།གྲྭ་པ་རྒན་པ་དང་གྲྭ་པ་ཆུང་ཆུང་།བླ་ཆེན་མི་ཆེན་དང་མི་སེར་དཀྱུས་མ་སུ་ཞིག་དང་ཐུག་འཕྲད་བྱུང་ནའང་ཁོང་གིས་གཅིག་མཚུངས་ཀྱིས་སྣེ་ལེན་གནང་།

 

མཁན་ཆེན་མཆོག་གིས་ལྷ་ཁང་དང་མཆོག་རྟེན་ལ་ཞབས་བསྐོར་གནང་བཞིན་པའི་སྐབས་སུ་ཁོང་ལ་དམིགས་བསལ་གྱི་ཞབས་འབྲང་པ་ཡོད་མི་སྲིད།ཁོང་ནི་ཆེས་སྤྱིར་བཏང་གི་གྲྭ་པ་བགྲེས་སོང་ཞིག་ལྟར་ཁ་ཁུ་སིམ་པོས་ཞབས་བསྐོར་གནང་གིན་བཞུད།མཚམས་མཚམས་སུ་ཡུལ་མི་ལོ་ལོན་དང་ཕྲུ་གུ་སོགས་བསྐོར་བ་བྱེད་མཁན་གཞན་པ་འདྲར་འཕྲད་ན།ཁོང་གིས་ངག་འཇམ་པོས།གཅེས་ལོ་ཞེས་འབོད།དེ་ནི་གཅེས་ཕྲུག་པའི་དོན་རེད།ཁོང་གིས་ང་ཚོ་སློབ་བུ་ཉམ་ཆུང་དག་ལ་གཅེས་ལོ་ཞེས་པའི་བྱམས་བརྩེའི་འབོད་ཚིག་འདི་སྤྱད་དེ་མཉེས་ཚོར་གྱི་བཀའ་མོལ་གནང་སྐབས་ཀྱི་ལྟ་བས་ཆོག་མི་ཤེས་པའི་རྣམ་འགྱུར་དེ་དྲན་ན་ད་ལྟའང་ངའི་སེམས་ལ་འགོག་ཐབས་བྲལ་བའི་དགའ་གདུང་གི་ཚོར་བ་སྨྲ་མི་ཤེས་པ་སྐྱེས་ཏེ་འོང་།

 

དྲན་སོས་པ་ཞིག་ལ།ཐེངས་ཤིག་ཕུག་ཁང་དགོན་གྱི་བླ་མ་རྩ་ཆེན་ཞིག་སྐུ་གཤེགས།ཁོང་གི་མཚན་ལ་མགོན་བླ་པདྨ་ཞུ།སྐབས་དེར་ང་ལོ་ན་བཅུ་བདུན་ལ་སོན་ཙམ་ཡིན།མཁན་རིན་པོ་ཆེའི་མདུན་ནས་ཆོས་ཞུ་བའི་གོ་སྐབས་ད་དུང་ཐོབ་མྱོང་མེད།འོན་ཀྱང་ང་མགོན་བླ་རིན་པོ་ཆེའི་སྐུ་གདུང་མཇལ་དུ་ཕྱིན།ཁོང་ནི་ངའི་དབང་ཞུས་པའི་བླ་མ་ཡིན།སྐབས་དེར་མཁན་རིན་པོ་ཆེས་ང་དགོངས་ཀྱི་མེད་ནའང་།སྐུ་གདུང་གི་མདུན་ན་གདུང་མཆོད་ཀྱི་ཚོགས་དབུར་བཞུགས་བཞིན་པའི་ཁོང་གིས།མདུན་ཅོག་ཐོག་གི་སྡེར་མ་ལས་བྱེ་རིལ་དང་དང་གྲོ་གཅུས་སོགས་ཕྱག་གིས་ཟིན་ཚད་ཅིག་བླངས་ཏེ་གནང་བྱུང་།

ང་དངོས་སུ་ཨ་རིག་བཤད་གྲར་འཛུལ་བ་ནས་རྟག་པར་བླ་མ་རིན་པོ་ཆེར་གཅར་མཁན་རྒྱུས་ཡོད་མེད་དང་གྲྭ་རྒན་གཞོན་གང་འདྲ་ཞིག་ཡིན་ན་ཡང་།  ཁོང་གི་གམ་དུ་གཅར་བ་དང་།ཕྱག་ཟུང་བསྐྱངས་ཏེ་འགྲམ་པ་གཡས་གཡོན་གཉིས་ནས་སྐྱོར་བཞིན་དབུ་ཐོད་གཏུགས་གནང་མཛད་པ་སོགས་ཀྱིས་གཞན་ལ་ཇི་ཙམ་ཐུགས་བརྩེ་ཆེན་པོ་གནང་བའི་རྣམ་འགྱུར་དེ་ཡང་ཡང་མཇལ་རྒྱུ་ཡོད།དེ་ཡང་སྐབས་སྐབས་སུ་ཡོད་པ་ཞིག་དང་།སྣང་མེད་དམ།ཡང་ན་འགྲོ་སྟངས་བྱེད་པ་ཙམ་ཞིག་མ་ཡིན་པར་ཕ་བཟང་པོས་བུ་ལ་བརྩེ་བ་གནང་བ་བཞིན་བཅོས་མིན་གྱི་བརྩེ་བ་ཁོངས་ནས་འཕྱུར་བ་ཞིག་རེད།

ཁོང་གིས་སྐུ་ལུས་མདུན་དུ་སྒུར་ཏེ།ཐག་ཉེ་པོས་ཕྱག་ཟུང་གིས་འགྲམ་པ་གཉིས་ནས་སྐྱོར་བཞིན་དབུ་ཐོག་གཏུགས་ཀྱིན་ངང་རྒྱུད་རིང་པོས་ཐུགས་སྨོན་དང་བྱིན་རླབས་གནང་བའི་སྣང་བརྙན་དག་དྲན་པ་ཡིན་ན།ད་ལྟའང་ང་ཚོར་སེམས་འགུལ་ཚད་མེད་ཐེབས་སུ་འཇུག

 

ཁམས་རྫ་ཆུ་ཁའི་ཕྱོགས་ཀྱི་དགུན་དུས་ཀྱི་དྲོད་ཚད་ནི་ཀླད་ཀོར་འོག་གི་ཏུའུ་ཉི་ཤུ་སུམ་ཅུར་འབབ།

དྲན་སོས་པ་ཞིག་ལ།སྤྱི་ལོ་༡༩༩༨ལོ།གུས་དངོས་སུ་ཨ་རིག་བཤད་གྲྭར་བསྡད་པའི་ལོ་དེར་སྟོན་མཇུག་ནས་ཁ་བ་འབབ་མགོ་ཚུགས།རི་ལུང་ཡོངས་སུ་དཀར་བོང་བོང་གི་ཁ་བས་གཡོགས།ས་ཆེན་པོ་བཙག་གིས་བསྡམས།གྲང་ངར་ཧ་ཅང་ཆེ།མང་པོ་ཞིག་ས་ཆ་གཞན་ནས་མཁན་རིན་པོ་ཆེའི་ཞབས་ལ་བསྙེགས་ནས་ཡོང་མཁན་རེད།ས་ཆ་འདི་ཡང་ཕྱི་གྲྭ་ཚོར་མཚོན་ན་རྟེན་ས་གཞན་གང་ཡང་མེད་པའི་རྒྱུས་མེད་ཀྱི་ཡུལ་ཁམས་ཤིག་རེད།  སྐབས་དེར་སྐམ་གློག་ཙམ་ལས་གློག་གི་མཐུན་རྐྱེན་ད་དུང་མ་དར།མང་པོ་ཞིག་ལ་བུད་ཤིང་གི་དཀའ་ངལ་འཕྲད་མགོ་ཚུགས།སྐབས་དེར་མཁན་རིན་པོ་ཆེ་རང་གིས་འགྲོ་སོང་བཏང་སྟེ།ཡུལ་གཞན་ནས་ལྕི་བ་སྐམ་པོ་ཉོས་ཐོག་བརླངས་འཁོར་དུ་དབོར་འདྲེན་བྱས་ཏེ་གྲྭ་པ་ཚོར་གནང་།

ཟོང་འཁོར་བཤད་གྲྭའི་སྒོ་འགྲམ་དུ་ཐོན་པ་དང་།མཁན་རིན་པོ་ཆེ་ཉིད་དངོས་སུ་ལྕི་བ་ཕོག་སར་ཡོང་ནས་གྲྭ་པ་ཚོའི་སྒྱེ་ཁ་འཛེད་རོགས་གནང་བར་མ་ཟད།མཉེས་ཤིང་བརྩེ་བའི་འཚམས་འདྲི་དང་བཅས་ལྕི་སྐམ་བགོ་བཤའ་བརྒྱབ་ཚར་ཚར་གྱི་བར་དུ་གཟིགས་ཏེ་བཞུགས།དེ་ནི་ཁོང་གི་བཟང་ངན་འབྲིང་གསུམ་ཁོང་དུ་བཀུར་བ་དང་།རང་གི་ལག་གིས་སྦྱིན་པ་གཏོང་གནང་བའི་བྱང་ཆུབ་སེམས་དཔའི་མཛད་པའི་ཆ་ཤས་རེད།མཁན་རིན་པོ་ཆེའི་གཏམ་དང་སྤྱོད་ལམ་གྱི་ཆ་ཤས་ཆུང་ཆུང་རེ་ཡང་དེ་ལྟར་ང་ཚོའི་སློབ་སྦྱོང་གི་མིག་དཔེ་གནང་གིན་ཡོད།འོན་ཀྱང་ཡིད་སྐྱོ་བ་ཞིག་ལ།ང་ལྟ་བུའི་ཆོས་དྲེད་དག་གིས་ཁོང་གི་རྣམ་ཐར་གྱི་རྗེས་སུ་སྙོགས་རྒྱུར་ད་དུང་ལམ་ཐག་ཤིན་ཏུ་རིང་པོ་འདུག

 

བླ་མ་རིན་པོ་ཆེ་ཁོང་གི་ཕྱོགས་རིས་མེད་པའི་དག་སྣང་དང་།ཉེ་རིང་མེད་པའི་བརྩེ་བས་སློབ་མ་རྣམས་ལ་བཞག་པའི་བག་ཆགས་ནི་བརྗོད་སླ་བ་ཞིག་མ་རེད།

ཁོང་ལ་གཏན་ནས་ཆ་རྒྱུས་མེད་པ་ཞིག་ཡིན་ན་ནི་དེར་ཟད།གཞན་ཁོང་དང་མཐོང་ཐོས་དྲན་རེག་གི་འབྲེལ་བ་ཡོད་མཁན་གྱི་མི་སུ་འདྲ་ཞིག་གིས་ཀྱང་།ཁོང་གི་སྐུ་གསུང་ཐུགས་ཀྱི་མཛད་པ་དང་རྣམ་ཐར་གྱི་ཆ་ཤས་ལ་འཇུས་ནས་འདི་དང་འདི་འགྲིག་གི་མི་འདུག་ཟེར་མཁན་ཞིག་གཏན་ནས་མ་བྱུང་།མ་མཐའ་ཡང་རྒྱུན་དུ་སྐྱོན་བརྗོད་དང་སྐུར་འདེབས་ལ་བྱང་གོམས་ཀྱི་ཕ་རོལ་དུ་སོན་པའི་ཁོར་ཡུག་གང་ནས་ཀྱང་བླ་མ་རིན་པོ་ཆེ་ལ་འདི་དང་འདི་མ་འགྲིག་པ་རེད་ཟེར་ནས་ལབ་མཁན་ཞིག་ངས་ནི་གོ་མྱོང་མེད།

 

མི་སུ་འདྲ་ཞིག་གིས་རེ་དོགས་དང་འགུ་འཁང་གི་སྐད་ཆ་ག་འདྲ་ཞིག་སྙན་ལམ་དུ་གསོལ་གནང་ནའང་འདྲ།ཁོང་གི་སྙན་ལམ་ནས་མི་གཞན་ལ་སྐྱོན་བརྗོད་བྱེད་ནའང་འདྲ།མཁན་རིན་པོ་ཆེའི་རྣམ་འགྱུར་ནི་སྒམ་ནན་དང་ལྷིང་འཇགས་འབའ་ཞིག་ཡིན།ཁོང་གིས་དེ་ཡིན་དང་འདི་མིན་གྱི་ཞལ་ལྕེ་མི་གཅོད་ན་ཡང་།འོད་སྣང་སྤྲོ་བའི་སྤྱན་ཟུང་དང་རླངས་པོར་འཛུམ་པའི་ཞལ་ཁྱིམ་ལས་ཁོང་གི་བཞེངས་ཕྱོགས་དང་དགོངས་པ་གོ་བར་བྱེད།མདོར་ན་ཁོང་གི་སྔུན་ན།འཇིག་རྟེན་ཆགས་སྡང་གི་སྐད་ཆ་དེ་ཚོ་ཆུ་ནང་དུ་མདའ་འཕངས་པ་བཞིན།འཕངས་ནས་ཕོག་པ་འདྲ་ཡང་ཟུག་ནས་རྨས་པའི་ཤུལ་མེད་པ་ཞིག་རེད།

ལས་སུ་མི་བྱ་སྨྲར་མི་བྱ།།

དེ་ཚེ་ཤིང་བཞིན་གནས་པར་བྱ།།

ཞེས་པ་དེ་ཡང་།སྐབས་དེ་དག་ཏུ་བླ་མ་རིན་པོ་ཆེ་ཁོང་གི་མཛད་སྤྱོད་ལས་གང་མངོན་པ་དེ་འདྲ་ཞིག་ལ་གསུངས་ཀྱི་ཡོད་པ་འདྲ།

 

གྲང་ངར་ཧ་ཅང་ཆེ་བའི་དགུན་དུས་ཀྱི་ཞོགས་པར་ཡང་མཁན་རིན་པོ་ཆེ་སྐབས་དང་སྐབས་སུ་བཤད་གྲྭའི་གཙུག་ལག་ཁང་དུ་ཁེར་བུར་ཕེབས་གནང་ཞིང་།ཁོང་སྐུ་ངོ་མས་མར་མེ་སྦར་བ་དང་།བདུག་སྤོས་མཆོད་པ་སོགས་བྱེད།ད་དུང་མཆོད་ཁྲིའི་ཐོག་གི་རྡུལ་དང་བྱིའུ་བྲུན་དག་བསལ་ནས་གཙང་མ་གནང་།

མ་གཞི་འདི་ནི་དཀོན་གཉེར་གྱི་ལས་འགན་ཡིན་ན་ཡང་།མཁན་རིན་པོ་ཆེས་འདི་ལྟར་གནང་བ་ནི།ཁོང་ཉིད་ཀྱིས་ལག་ལེན་དངོས་ཀྱི་ཐོག་ནས་ཇི་ལྟར་དཔལ་མར་མེད་མཛད་དཔལ་ཡེ་ཤེས་ཀྱི་རྣམ་པར་ཐར་པ་ལ་རྗེས་སུ་སློབ་པའི་ངང་ཚུལ་རེད།རྒྱུན་པར་ཆོས་ཁྲིད་གང་གི་སྐབས་སུའང་ཕྱག་མ་འཚལ་བར་ཆོས་ཁྲིར་བཞུགས་པའི་ལུགས་མེད།

 

ཁོང་གིས་རྟག་པར་མི་གཞན་ལ་སེམས་ཐག་ཉེ་བོས་མཐུན་འཇུག་གནང་ངེས་ཞིང་།མི་གཞན་གྱི་གཏམ་སྤྱོད་ལ་དགག་སྒྲུབ་ཀྱི་སྦྱོར་བ་མི་རྩོམ།སུ་གང་གི་ཁ་གཏད་དུ་ཡང་མི་བཞེངས་མོད།ཁོང་ལ་ཁོར་ཡུག་གི་མི་སུ་ཞིག་གི་ཆོས་མཐུན་མིན་པའི་གཏམ་སྤྱོད་དང་རྙོག་འཛིངས་ཆེ་བའི་མི་དང་མིའི་བར་གྱི་འབྲེལ་བས་ཤུགས་རྐྱེན་ཐེབས་མི་སྲིད།  དེའི་ཕྱིར།ཁོང་ནི་འདམ་གྱི་དབུས་ན་ཁེར་ཚུགས་ཐུབ་པོར་སྐྱེས་པའི་མེ་ཏོག་པདྨ་ཞིག་སྟེ།ནམ་ཡང་བློ་བརྟན་འགྱུར་མེད་ཅིག་རེད།

 

༦    བཀའ་མོལ་གནང་བ་ཉུང་ན་ཡང་།མཉེས་ཚོར་ཆེན་པོས་རེ་རེ་བཞིན་གཟིགས་བྱུང་།

 

སྤྱི་ལོ་༡༩༩༨ལོར་མཁན་རིན་པོ་ཆེ་ལ་དངོས་སུ་བསྟེན་རྒྱུའི་གོ་སྐབས་བྱུང་།སྤྱི་ལོ་༢༠༠༢ལོར་མཁན་རིན་པོ་ཆེ་ཞི་བར་གཤེགས།ཕལ་ཆེར་བྱས་ན་ལོ་བཞི་མ་ཟིན་ཙམ་ཞིག་གི་རིང་བླ་མ་རིན་པོ་ཆེའི་བཀའ་དྲིན་དང་ཐུགས་རྗེ་ཐོབ།

 

ངས་ཤེས་པ་ལྟར་ན།ཁོང་གིས་སྔ་མོའི་ལོ་བཅུ་ལྷག་རིང་གཙོ་ཆེར་མདོ་སྔགས་ཐུན་མོང་གི་གཞུང་དང་གདམས་ངག་གིས་སློབ་མ་རྗེས་སུ་བཟུང་།དགོང་ལོ་མཐོན་པོར་ཕེབས་ཤིང་།སྐུ་མ་གཤེགས་པའི་ལོ་འགའི་རིང་དེར་སྔགས་སྐོར་སྤྱི་དང་རྫོགས་ཆེན་གྱི་སྐོར་ཡང་མང་ཙམ་གསུང་།ལམ་འགྲོ་རྒྱུག་པ་ཞིག་ལ།གུས་པ་སྐུ་དྲུང་ན་བསྙེན་པའི་སྐབས་དེ་དག་ནི་མཁན་རིན་པོ་ཆེ་སྔགས་ཀྱི་སྨིན་གྲོལ་གང་མང་གསུང་བའི་སྐབས་དང་ཁེལ།སྐུ་ཚེའི་མཇུག་གི་ལོ་གསུམ་གྱི་རིང་དེར་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང།ཀློང་ཆེན་མཛོད་བདུན།ངལ་གསོ་སྐོར་གསུམ་སོགས་ཀྱི་སྨིན་ཁྲིད་ཡང་རེ་རེ་བཞིན་གནང་བ་རེད།

 

སྤྱི་ལོ་༡༩༩༥ནས་སྤྱི་ལོ་༡༩༩༨གྱི་ལོ་གསུམ་ཙམ་རིང་།མཁན་རིན་པོ་ཆེ་ཁོང་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་ཏུ་ཕེབས།ཆོས་འཁོར་རྒྱ་ཆེར་བསྐོར་ཞིང་གདུལ་བྱ་དང་མཚན་སྙན་བླ་ལྷག་ཏུ་རྒྱས།འོན་ཀྱང་།ཕྱིར་གདན་སར་འཁོད་རྗེས་ནས་དགུང་ནའི་བབས་ཀྱིས་སྐུའི་ཟུངས་ཇེ་ཞན་དུ་གྱུར་ཅིང་།དགུན་དུས་སུ་མང་ཆེ་བ་འཕྲོད་བཞེས་ཀྱི་ཆེད་རྒྱ་ཡུལ་གྱི་གྲོང་ཁྱེར་ཁག་ཏུ་བཞུགས།འོན་ཀྱང་བླ་མ་རིན་པོ་ཆེ་གང་དུ་བཞུགས་ན་ཡང་ཆོས་ཀྱི་བྱ་བ་དག་ཁོ་ན་ཐུགས་དབུས་སུ་མཆིས།ཨ་རིག་བཤད་གྲྭ་ནི་རྫོང་མཁར་དང་ལམ་ཐག་ལེ་དབར་བཅུ་ཕྲག་འགས་ཆོད་ཅིང་།ཡུལ་ཚོ་དང་དགོན་པ་གང་དུ་ཡང་ཁ་པར་གྱི་འཕྲིན་ལམ་མེད།ང་ཚོས་རྫོང་དང་དགོན་པའི་བར་དུ་བང་ཆེན་བརྒྱུད་དེ་མཁན་རིན་པོ་ཆེའི་སྐུ་གཟུགས་ཀྱི་གནས་བབས་དང་མཛད་འཕྲིན་ལ་བྱ་ལོན་བྱ་ཐབས་བྱེད་ཀྱི་ཡོད།

ཆེས་རྗེས་མའི་ལོའི་དགུན་དུས་མཁན་རིན་པོ་ཆེ་རྒྱ་ཡུལ་དུ་བཞུགས།དགོང་མོ་ཞིག་ལ་གློ་བུར་དུ་བཤད་གྲྭའི་མཁན་སློབ་ལས་འཛིན་དག་མཉམ་འཛོམས་དགོས་པའི་ཛ་དྲག་གི་ཚོགས་བརྡ་ཞིག་འབྱོར།

རྫོང་ནས་འབྱོར་བའི་བང་ཆེན་པའི་ངག་ལ་བྱུང་བའི་སྐད་ཆ་དག་ནི་དོ་ནུབ་ཀྱི་ཚོགས་འདུའི་བརྗོད་གཞི་རེད།

མཁན་རིན་པོ་ཆེ་སང་ཉིན་རྒྱ་ཡུལ་གྱི་གྲོང་ཁྱེར་ཧྲང་ཧྭེ་ནས་ཐད་ཀར་བསམ་ཡས་སུ་ཕེབས་རྒྱུ་ཡིན་ཞིང་།དེ་ནི་མཁན་རིན་པོ་ཆེའི་ཐག་གཅོད་རེད།བསམ་ཡས་སུ་ཕེབས་ན་འོས་འཚམས་ཡིན་པའི་སྐུ་གཟུགས་ཀྱི་གནས་བབས་མེད་ན་ཡང་།ཐག་གཅོད་དེར་སུས་ཀྱང་འགྱུར་བ་གཏོང་མ་ཐུབ།རྫོགས་ཆེན་བསྟན་པའི་ཤིང་རྟ་ཆེན་པོ་རྒྱལ་བ་ཀློང་ཆེན་པ་སྐུ་གཤེགས་ཁ་བསམ་ཡས་སུ་ཕེབས་གནང་ཞིང་།མཆིམས་ཕུའི་ནགས་ཁྲོད་ནི་དུར་ཁྲོད་བསིལ་བའི་ཚལ་དང་གཉིས་སུ་མེད་ཅེས་གསུངས་སྐད།བཀའ་མོལ་འདིར་མཁན་རིན་པོ་ཆེས་ཀྱང་ཐུགས་སྣང་གནང་མྱོང་ཡོད་ཅིང་།ཐ་ན་ཁོང་གི་ཐུགས་སྲས་བུ་སློབ་གཞན་ལའང་སྐོར་གྱི་ཐུགས་འདུན་གསུང་མྱོང་ཡོད།

མངོན་རྟགས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་ཤར།མཁན་རིན་པོ་ཆེ་ཡུན་རིང་བཞུགས་དཀའ་བའི་རྣམ་པ་ཤུགས་ཆེ་རུ་ཕྱིན།སློབ་བུ་ཚང་མས་ཆོས་མཚམས་བཞག་ནས་ཁོང་གི་ཆེས་ཐ་མའི་གསེར་ཞལ་ཐེངས་གཅིག་མཇལ་རྒྱུར་སེམས་ཐག་བཅད།

ང་དང་རོགས་པ་དག་གིས་མཚན་མོ་ཕྱི་བོར་ཉེ་འཁོར་གྱི་གྲོང་པ་དག་གི་སྒོ་བརྡུང་ཞིང་།ལམ་གྲོན་ཙམ་ཞིག་འགྲིག་པ་དང་ལམ་ལ་ཆས་འགོ་བརྩམས།

ང་ཚོས་བསམ་ཡས་དགོན་པ་ནས་མཁན་རིན་པོ་ཆེ་དངོས་སུ་མཇལ་ཞིང་།བཀའ་མོལ་གནང་བ་ཧ་ཅང་ཉུང་ན་ཡང་།མཉེས་ཚོར་ཆེན་པོས་ང་ཚོ་ལ་རེ་རེ་བཞིན་གཟིགས་བྱུང་།

 

༧        བླ་མ་ནི་ནམ་ཡང་རང་གི་སེམས་ནང་དུ་མཆིས།

 

ང་བསམ་ཡས་དགོན་པ་དང་རེ་ཞིག་ཁ་བྲལ་ནང་ཡང་ལྷ་སར་ཡད་ཙམ་སྡོད་རྩིས་བྱས།དེ་ནི་མཁན་རིན་པོ་ཆེའི་སྐུ་གཟུགས་ཀྱི་གནས་བབ་ཅིར་འགྱུར་ལ་ངང་སྒུག་བྱ་རྩིས་ཡིན།

འོན་ཀྱང་བླ་མ་རིན་པོ་ཆེས་ང་ལ་དེ་མ་ཉིད་དུ་བཤད་གྲྭར་སོང་ནས་འཛིན་གྲྭ་མུ་མཐུད་དེ་ཁྲིད་དགོས་པའི་བཀའ་གནང་ཕེབས།ད་ནི་ཅི་གསུང་བཀའ་སྒྲུབ་བྱེད་རྒྱུ་ལས་གཞན་པའི་རྒྱུ་མཚན་ལྷག་མེད།མར་བཤད་གྲྭར་འབྱོར་བའི་ཕྱི་ཉིན་དེར་བླ་མ་ཞིང་དུ་གཤེགས་པའི་གཏམ་ཐོས།དེ་ནི་ངས་མི་ཚེ་འདིར་བླ་མ་རིན་པོ་ཆེ་དང་ཞལ་དངོས་སུ་མཇལ་བ་ཐ་མར་གྱུར།

ཞག་བདུན་ཕྲག་བདུན་གྱི་རྗེས་སུ་ང་ཚོས་སློབ་ཁྲིད་ཀྱི་མགོ་འཛུགས་བྱས་ཤིང་།ལོ་དེའི་དབྱར་ངོས་སུ་ཕྲན་ནས་མཁན་རིན་པོ་ཆེ་སྐུ་ངོ་མས་ཞལ་བཀོད་གནང་སྟེ་སློབ་དེབ་གོ་སྒྲིག་བྱས་ཟིན་ཡོད་པ་ལྟར།ངོར་བློ་གཏེར་དབང་པོའི་མཆན་འགྲེལ་གྱི་ཐོག་ནས་མངོན་པ་མཛོད་ཀྱི་སློབ་ཁྲིད་ཐེངས་གཅིག་བྱས།

 

འཇིག་རྟེན་གྱི་ལྟ་ཚུལ་སྤྱད་དེ་བསམ་ན།བླ་མ་དང་ཁ་བྲལ་བ་རེད།ནང་ཆོས་ཀྱི་དགོངས་པས་བལྟས་ན།བླ་མ་ནི་རྟག་ཏུ་སེམས་ལ་གནས།ངས་རང་ཉིད་སློབ་མ་བཟང་པོ་ཞིག་བྱེད་ཐུབ་ཡོད་ཅེས་བཤད་མི་སྤོབས་ན་ཡང་།ངའི་སེམས་ནང་དུ་བླ་མ་ཡོད།

ངའི་སེམས་ནང་དུ་དགེ་བའི་བློ་གྲོས་ཕྲ་མོ་ཞིག་ཡོད་ན།དེ་ཡང་བླ་མའི་བཀའ་དྲིན་ཡིན།

ངས་ཁ་ཕོ་བྱས་ན་ཆོག་པའི་སློབ་སྦྱོང་དང་ཉམས་ལེན་ཞིག་མ་འཁྱོངས་ཐལ་ཏེ།

མི་ཚེ་འདིར་བསམ་གྱིས་མི་ཁྱབ་པའི་བླ་མ་འགའ་ཞིག་དང་འཕྲད་པ་བྱུང་།འདི་ཁོ་ན་ངའི་བསོད་ནམས་དང་སྤོབས་པ་ཡིན།  བླ་མ་མཁྱེན།

 

གུས་སློབ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་(2015/11/25)འཛམ་ླིང་དཀར་ཟས་ཀྱི་ཉིན།འཕགས་ཡུལ་བྱང་ཕྱོགས་ཀྱི་ཧི་མ་ཅལ་གྱི་རི་སུལ་ཞིག་ཏུ་བྲིས།

·རྩོམ་ཡིག་གོང་མ:སྙིང་གཏམ་བཅོ་ལྔ་པ།
·རྩོམ་ཡིག་འོག་མ:སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
·འཛམ་གླིང་དཀར་ཟས་ཉིན་མོ།། 2016/1/10 16:56:00
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pswbeoyidy
9JHk7w  <a href="http://uyoejotgpczh.com/">uyoejotgpczh</a>, [url=http://fuolzxmtyknb.com/]fuolzxmtyknb[/url], [link=http://iizauxdhfqbr.com/]iizauxdhfqbr[/link], http://peprlmytxzyo.com/
发表时间:2017/2/21 9:47:25 [来自: 5.188.211.14]

 评论者:syadjy
Antarb  <a href="http://umnmuxfojiue.com/">umnmuxfojiue</a>, [url=http://mdxcisbtvgpx.com/]mdxcisbtvgpx[/url], [link=http://gmxfiwgmzymn.com/]gmxfiwgmzymn[/link], http://slmxntpkmqwa.com/
发表时间:2017/2/21 9:42:52 [来自: 5.188.211.11]

 评论者:lxmepjazu
IpxJi0  <a href="http://qkctnjznsiri.com/">qkctnjznsiri</a>, [url=http://gnvwztkwlirw.com/]gnvwztkwlirw[/url], [link=http://xuewqfrtwqrh.com/]xuewqfrtwqrh[/link], http://ytgwyyaknnrf.com/
发表时间:2017/2/21 9:38:09 [来自: 5.188.211.13]

འབྲེལ་ཡོད་དཔྱད་བརྗོད 29 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS