སྙིང་གཏམ་བཅོ་ལྔ་པ།
རྩོམ་པ་པོ། སྤོས་ཁང་སྒྲོལ་བཟང་།
༼༡༽སྟོན་པས་མི་རྟག་པ་གསུངས་བ་ནི་དུས་ཚོད་ལ་གཅེས་སྲུང་བྱེད་རྒྱུའི་དོན་ཡིན་པ་ལས་དོན་མེད་སྡུག་བསྔལ་མྱོང་དགོས་པའི་དོན་མིན། ༼༢༽ང་ཚོ་གྲོགས་པོ་ཆགས་པ་ནི་ཕན་ཚུན་རོགས་རམ་ཆེད་དུ་རེད་མ་གཏོགས་གནོད་སྐྱེལ་བའི་ཆེད་མ་ཡིན།༼༣༽ རང་ལ་སྙིང་ནས་བརྩེ་མཁན་ཞིག་ཡོད་ན་སུའི་བློ་དང་མ་མཐུན་ན་ཡང་དེ་དང་མཉམ་དུ་མི་ཚེ་སྐྱེལ་ཐུབ་པ་བྱེད་དགོས། ༼༤༽གཞན་གྱིས་རང་ལ་གུས་ཞབས་བྱེད་ན་མི་འདི་གླེན་པ་རེད་མ་བསམ་ཅིག དེ་ནི་ཆེས་བཟང་བའི་རྒྱུ་ནོར་ཡིན། ༼༥༽ཟས་ལ་གྲོན་ཆུང་གནང་རྒྱུ་ནི་ཡ་རབས་སྤྱོད་བཟང་ཞིག་ཡིན་པ་ལས་ངོ་ཚ་དགོས་པ་ཞིག་གཏན་ནས་མིན།།༼༦༽ཡི་གེ་ཤེས་ན་ལེགས་མོད་ཀྱང་། ཡིག་རྨོངས་པ་མཐའ་དག་བླུན་པོ་རེད་སྙམ་པ་ནི་འཁྲུལ། བླང་དོར་ལ་རྨོངས་ཚེ་ཡིག་ངོ་ཆོད་ཙམ་གྱིས་ཅི་ཡང་མི་ནུས།༼༧༽མིས་རང་ལ་མཐོང་ཆེན་བྱེད་ཀྱིན་མིན་འདུག་མ་ཟེར་བར་རང་གིས་སྐྲུན་དགོས།
༼༨༽ངས་ཡིད་ཆེས་ཀྱིས་ཅ་ལག་ཕུལ་ན་ཁྱེད་ཀྱིས་སྣང་མེད་དུ་འཕྲོ་བརླགས་མ་གཏོང་།།༼༩༽ཅི་ཙམ་དབུལ་རུང་སློབ་གསོས་དབུལ་མི་རུང་། སློབ་གསོ་ནི་སྤྱི་ཚོགས་ཀྱི་ཁ་ཕྱོགས་རེད། ༼༡༠༽རྗེས་འཇུག་ཚོས་མ་བསླུས་ན་མེས་པོ་ཚོས་བསླུས་མིན་འདུག །༼༡༡༽དཔེ་ཆར་བལྟ་བ་ནི་དུས་ཚོད་འགྲོ་བ་དང་སེམས་གཡེངས་པའི་ཆེད་མ་ཡིན་པར་རང་ཉིད་ཡར་རྒྱས་འགྲོ་བའི་ཆེད་ཡིན་པས་མུ་མཐུད་ལྟོས་ཅིག
༼༡༢༽འཚོ་བ་ནི་རྙོག་གྲ་ནས་འགོ་འཛུགས་ལ་རྙོག་གྲ་ནས་མཇུག་རྫོགས་པས་རང་ལ་གཅེས་འཛིན་དང་གཞན་ལ་གུས་བཀུར་བྱེད་དགོས།༼༡༣༽ཆེས་འཇིགས་སུ་རུང་བ་འདི་སོ་སོ་རང་ཉིད་ཡིན།།
གཞན་ལ་ཁྲེལ་དགོད་མ་བྱེད། རང་ལ་གད་མོ་མ་ཤོར་བ་བྱེད་དགོས། ༼༡༤༽ཕན་ཐོགས་བྱེད་བསམ་ན། སྒོར་མོ་མེད་ཀྱང་ཆོག། བཙོག་གཅིན་གཙང་མར་འཁྲུས་ན་དེ་ཡང་གཞན་ལ་ཕན་ཐོགས་པ་ཡིན།༼༡༥༽མདོར་ན་ཕ་ཡུལ་གྱིས་ཅི་ཞིག་གནང་བ་འདི་མ་ཡིན་པར་རང་གིས་ཕ་ཡུལ་ལ་ཅི་ཞིག་ཕུལ་ཐུབ་པ་བསམ་དགོས། ཨ་རོགས་ཚོ།