ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

ཟོལ་མེད་ཀྱི་སྙིང་གཏམ་དྭངས་མ་ཞེས་བྱ་བ་བཞུགས་སོ།

  རྩོམ་པ་པོ:བསྟན་པ་རབ་རྒྱས།ཡོང་ཁུངས:དྲ་ཐོགགཟིགས་གྲངས:16821ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2016/1/4 14:19:18ཚོགས་ཡར་སྤྲོད:admin
 

༄༅།   ཟོལ་མེད་ཀྱི་སྙིང་གཏམ་དྭངས་མ་ཞེས་བྱ་བ་བཞུགས་སོ།།

ས།

སངས་རྒྱས་ལ་ཕྱག་འཚལ་ལོ།
མ་བཅོས་བརྩེ་བའི་གཞན་ཕན་ལམ་སྟོན་རེས།།འགྲོ་བའི་མི་འདོད་ཟུག་རྔུ་ཕྱིར་བསལ་ནས།

ཞི་བསིལ་ཕན་བདེའི་སྒོ་མོ་སྟོང་འབྱེད་པའི། སྟོན་མཆོག་འགྲོ་བའི་སྒྲོན་མེ་གཙུག་ན་རྒྱལ།
རབ་བརྗིད་གངས་རིའི་ཚེམས་དཀར་དགོད་ས་ནས། གངས་ཕྲུག་དཀར་པོའི་སྙིང་གཏམ་དྭངས་མ་ཞིག

བརྩེ་བའི་འོད་ཟེར་དཀར་པོ་དང་འགྲོགས་ཏེ། འཛམ་གླིང་གྲོགས་པོ་ཡོངས་ལ་སྐྱེས་སུ་བསྲིང་།
ཞེས་ཚིགས་སུ་བཅད་པས་བདུན་བསུས་ནས་ཟོལ་མེད་ཀྱི་སྙིང་གཏམ་དྭངས་མ་ཞེས་བྱ་བ་འདི་འཆད་པ་ལ་དོན་རྣམ་པ་གསུམ་སྟེ། སྤྱིར་ནང་པར་ཁས་འཆེ་བ་རྣམས་ཀྱིས་ཐོས་པ་བྱེད་དགོས་ཚུལ་བསྟན་པ། ཐོས་དོན་ཉམས་སུ་ལེན་དགོས་ཚུལ་བསྟན་པ། གངས་ཅན་གྱི་རིག་གཞུང་གི་ནང་ནས་གངས་ཅན་གྱི་རིག་གཞུང་གི་གཙོ་བོ་དེ་མ་ཉམས་པར་བྱེད་དགོས་ཚུལ་བསྟན་པའོ།

དང་པོ་ནི།རང་རེ་ནང་པ་སངས་རྒྱས་པར་ཁས་འཆེ་བའི་སྐྱ་སེར་རྣམས་ཀྱིས། ཕྱི་ནས་ནང་པའི་བཟོ་སྟོན་པ་ཙམ་གྱིས་མི་ཆོག་པར། ཉམས་སུ་ལེན་རྒྱུའི་ཆོས་དང་དེ་ཉམས་སུ་ལེན་ཚུལ་བཅས་ཤེས་པའི་ཆེད་དུ་

ཐོག་མར་ནང་པའི་ཆོས་ལ་སློབ་གཉེར་ཚུལ་བཞིན་དུ་བྱེད་དགོས་སོ། ། དེའང་ཇི་སྐད་དུ། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཞེས་གསུངས་སོ། ། དེ་ལས་ཀྱང་རབ་ཏུ་བྱུང་བའི་ཕྱོགས་གཏོགས་རྣམས་ཀྱིས་ནི་ཀློག་པ་ཐོས་བསམ་བྱེད་རྒྱུ་དང་སྤོང་བ་བསམ་གཏན་སྒོམ་རྒྱུ་འདི་གཉིས་ལས་གལ་ཆེ་བ་གཞན་ཅི་ཡང་བྱེད་རྒྱུ་མེད་ཅིང་རབ་ཏུ་བྱུང་བའི་བྱ་བའི་གཙོ་བོ་ནི་ཀློག་པ་ཐོས་བསམ་བྱེད་རྒྱུ་དང་སྤོང་བ་བསམ་གཏན་སྒོམ་རྒྱུ་འདི་གཉིས་ངོས་བཟུང་ཆོག་པ་ཡིན་ནོ། དེའང་ཇི་སྐད་དུ། རབ་ཏུ་བྱུང་བའི་ལས་ནི་གཉིས་ཏེ། ཀློག་པ་ཐོས་བསམ་གྱི་འཁོར་ལོ་དང། སྤོང་བ་བསམ་གཏན་གྱི་འཁོར་ལོའོ། ཞེས་གསུངས་སོ། གཞན་ཡང་རབ་ཏུ་བྱུང་བའི་རྟགས་ཆ་ལུགས་འཆང་ཙམ་གྱིས་ཆོག་ཤེས་པར་བྱེད་ནས་སྤོང་ཀློག་ལ་མི་བརྩོན་པར་མི་ཚེ་གྲོང་ཆོག་སོགས་ལ་བསྐྱལ་བ་ནི་ཤིན་ཏུ་མི་རིགས་སོ། །དེའང་འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས།ངུར་སྨྲིག་འཛིན་ཙམ་གྱིས་ཆོག་པའི། །བསམ་པ་ནམ་ཡང་མི་བྱའོ། །བསམ་གཏན་ཀློག་པའི་ལས་དག་གིས། །ལུས་ལ་སྙིང་པོ་ལེན་པར་བྱ།།ཞེས་གསུངས་པ་ལྟར་རོ།།

རབ་ཏུ་བྱུང་ནས་སྤོང་ཀློག་ལ་མི་བརྩོན་པར་སོས་དལ་དུ་འདུག་མི་ཆོག་ཅེས་འདུལ་བའི་སྡེ་སྣོད་ལས་གསུངས་སོ། །དེའང་ཇི་སྐད་དུ།དེང་ཕྱིན་ཆད་ཁྱོད་ཀྱིས་ལུང་ནོད་པར་བྱ།བཀླག་པར་བྱ། ཁ་ཏོན་བྱའོ།ཕུང་པོ་ལ་མཁས་པ་དང་།ཁམས་ལ་མཁས་པ་དང་།སྐྱེ་མཆེད་ལ་མཁས་པ་དང་།རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱའོ།ཞེས་གསུངས་སོ།གལ་ཏེ་ང་ཚོས་སྙིགས་དུས་འདི་ལྟ་བུའི་གནས་སྐབས་ལ་ཚུལ་ཁྲིམས་མིག་འབྲས་བཞིན་དུ་ཅི་ནུས་བསྲུང་བའི་ཁར་ཐོས་བསམ་སྒོམ་གསུམ་གྱི་སྙིང་པོ་ཅི་ལོན་བྱེད་པའི་བསོད་ནམས་ནི།རྫོགས་ལྡན་སོགས་ཀྱི་དུས་སུ་བསྐལ་བའི་བར་དུ་ཚུལ་ཁྲིམས་བསྲུངས་བའི་བསོད་ནམས་ལས་ལྷག་པར་གསུངས་སོ།དེའང་ཇི་སྐད་དུ།རྣམ་དག་ཞིང་དུ་སྐལ་བ་འབུམ། །ཚུལ་ཁྲིམས་རྣམ་དག་བསྲུངས་པ་བས། །དེང་ནས་སང་གི་བར་དག་ཏུ། །འདི་ན་ཉིན་གཅིག་བསྲུངས་བ་མཆོག །ཅེས་སོགས་གསུངས་སོ། དེ་ལས་ལྡོག་ཏེ་སེར་གོས་གྱོན་ཙམ་གྱི་སྒོ་ནས་དཀོར་ཟས་ལ་ཅི་དགར་སྤྱོད་ཅིང་ཐོས་བསམ་སྒོམ་གསུམ་གྱི་ལས་འཕང་ཕྱིས་པའི་རྡོ་བཞིན་དུ་དོར་ཞིང་།དགེ་སེམས་ཀྱི་དྲི་ཙམ་ཡང་ཧ་ལམ་མེད་པ་ལྟ་བུར་གྱུར་ནས་རང་ཉིད་ཀྱི་གནས་བཅའ་སའི་སྐྱེ་བུ་དམ་པའི་ཚུལ་འཛིན་པ་རང་ལ་བླང་དོར་གྱི་གནས་ཅི་ཡང་སྟོན་མི་ཤེས་པ་ཞིག་གི་བྲན་གྱི་བརྟུལ་ཞུགས་བཟུང་ཞིང་དེས་ཆགས་སྡང་དབྱེན་སྦྱོར་སོགས་ཀྱི་ཆོས་མིན་གྱི་ལས་གང་བསླབས་པ་ཉམས་སུ་བསྟར་བའི་དགེ་སྦྱོང་ཆོས་མེད་པོ་དེ་འདྲ་ཞིག་མཛད་པའི་ཁེ་ལས་ཉན་ཆེའོ།དེའང་འདུལ་བའི་སྡེ་སྣོད་ལས།ངུར་སྨྲིག་སྐེད་ལ་དཀྲིས་གྱུར་པ།སྡིག་པའི་ཆོས་ཅན་མ་སྡོམ་པའི། །སྡིག་ཅན་དེ་དག་ཕལ་མོ་ཆེ། །སྡིག་པའི་ལས་ཀྱི་དམྱལ་བར་སྐྱེ། །ཞེས་དང་། ཡང་འདུལ་བའི་སྡེ་སྣོད་ལས།དཔེར་ན་ཀུ་ཤ་འཛིན་ཉེས་ན། །ལག་པ་རྗེས་སུ་བཅོད་པ་བཞིན། །དགེ་སྦྱོང་ཉིད་དུ་སྤྱོད་ཉེས་པས། །དམྱལ་བ་དག་ཏུ་ཉེ་བར་འདྲེན།ཞེས་གསུང་པ་ལྟར་རོ།རྨོངས་པ་མཚར་ཆེ་བ་ཁ་ཅིག་གིས་ཐོས་བསམ་ཅི་དགོས།དམ་པའི་ཆོས་ཉམས་སུ་བླངས་ན་དེས་ཆོག་ཅེས་ཟེར་བ་ནི།ཡ་སོ་ཅན་གྱི་བ་ལང་ཁྲ་བོའི་ངུར་སྒྲ་ལས་ཀྱང་ཐ་ཆད་དོ།དེའང་ཉམས་སུ་ལེན་རྒྱུ་དམ་པའི་ཆོས་ནི་བསླབ་པ་གསུམ་ལྟ་བུ་ཞིག་ལ་གོ་དགོས་པས་དེ་ཕྱོགས་མཚོན་ཙམ་ཀྱང་མི་ཤེས་བཞིན་དུ་བསླབ་པ་གསུམ་ལྟ་བུ་ཉམས་སུ་ལེན་པར་སུས་ཀྱང་མི་ནུས་ཞིང་དེ་ལྟར་བཤད་པ་དེ་ནི་འབེན་ངོས་མ་ཟིན་ནའང་ཅི་སྐྱོན།འབན་ལ་མདའ་རྒྱག་དགོས་ཞེས་ཟེར་བ་དང་འདྲའོ།དེ་ལྟ་བུ་ཐོས་བསམ་བཀག་པའི་སྡིག་ཚིག་དེ་དག་ལུང་རིགས་སྨྲ་བའི་བསྟན་འཛིན་གྱི་སྐྱེ་བུ་དག་གིས་ལུང་དང་རིགས་པའི་སྒོ་ནས་ཆོས་བཞིན་འབུར་འཇོམས་བྱེད་རིགས་སོ།ཐོས་བསམ་གྱི་ལས་སོགས་ལ་སྙིང་ནས་རྒྱབ་སྐྱོར་བྱེད་པའི་ཁར་ཐོས་བསམ་སོགས་ལའང་ཅི་ནུས་ཀྱི་སྒོ་ནས་འཇུག་ཅིང་།རང་ཉིད་ཀྱི་ཆ་ནས་ཀྱང་བསླབ་གསུམ་གྱི་ཉམས་ལེན་བཟང་པོ་ལྡན་ཞིང་བསྟན་འགྲོའི་དོན་རླབས་ཆེན་མཛད་མཁན་གྱི་དགོན་དཔོན་དང་སྤྲུལ་སྐུ་སོགས་ཀྱི་གོ་ས་འཛིན་པ་དེ་དག་ནི།ཕྱག་བྱ་བའི་འོས་སུ་གྱུར་པ།མཆོད་པར་བྱ་བའི་འོས་སུ་གྱུར་པ་མིང་དོན་མཚུངས་བའི་བསྟན་འཛིན་ཡིན་པས་དེ་དག་ལ་ངེས་པར་དུ་དད་གུས་བྱེད་རིགས་ཤིང་།དེ་འདྲའི་དགོན་དཔོན་དང་སྤྲུལ་སྐུ་རྣམས་ནི་རྒྱལ་བསྟན་གསལ་བའི་ཉིན་བྱེད་དང་འགྲོ་བའི་བསོད་ནམས་ཀྱི་ཞིང་དུ་བཞུགས་པའི་གསོལ་བ་ལན་བརྒྱར་འདེབས་རིགས་སོ།དཔེར་ན་རྟ་གཡག་སོགས་ནི་སྤུ་མདོག་དང་གཟུགས་དཔྱད་ལེགས་ཉེས་སོགས་ཀྱི་སྒོ་ནས་བཟང་ངན་བལྟ་དགོས་ཀྱང་།བསྟན་འཛིན་གྱི་སྐྱེ་བུ་ཡིན་མིན་དེ་ནི་གཙོ་བོ་ཉམས་ལེན་དང་བཤད་སྒྲུབ་ཀྱི་ཕྱག་རྗེས་བཅས་ཀྱི་སྒོ་ནས་ཐག་བཅོད་དགོས་པ་ལས་བླུན་པོས་རྨོངས་དད་བྱེད་ཡུལ་ཡིན་མིན་ཙམ་ལ་བལྟ་རྒྱུ་མེད་དོ།ཡང་དེ་མིན་དགོན་དཔོན་དང་སྐུ་སྐྱེ་སོགས་ཀྱི་མིང་འཛིན་པ་དམ་པའི་རང་རྟགས་ཀྱི་ཟུར་ཙམ་ལྡན་པའི་ཁ་ཅིག་ནི།རང་ཉིད་ལ་ལྷག་བསམ་སོགས་ཅུང་ཟད་ལྡན་ཡང་སྣ་ཐག་མི་ལ་ཤོར་ནས་རང་གི་ཉམས་ལེན་འདི་དང་བསྟན་འགྲོའི་དོན་ཆེན་འདི་བསྒྲུབས་བཅས་ཅུང་བྱེད་ཙམ་ཡང་སྟོན་རྒྱུ་མེད་པར་གྱུར་པ་ནི་ཤིན་ཏུ་ཕོངས།ཡང་དེ་མིན་གྱི་ཐོས་བསམ་སོགས་ལ་དགྲར་འཛིན་ཞིང་རྒྱུ་འབྲས་ལ་ཡིད་ཆེས་གཏིང་ནས་ལོག་ཅིང་ཐོས་བསམ་སོགས་དགོས་་མེད་སྨྲ་བའི་ཕུད་སྒྲ་རྒྱུན་མར་འབྱིན་པའི་དགོན་དཔོན་དང་སྐུ་སྐྱེ་ཀྱི་མིང་ཙམ་ལ་སྐྱབས་འཆའ་བའི་ཐ་ཤལ་བ་ཁ་ཅིག་ནི།རྒྱལ་བསྟན་ཉམས་པའི་རྩ་བ་ལྟ་བུར་སྣང་བས།རྒྱལ་བའི་བསྟན་པ་ལ་ཤ་ཞེན་ཅན་གྱི་སྐྱེ་བུ་དམ་པ་རྣམས་ཀྱིས་ལུང་རིགས་རྒྱ་ཕྲག་གི་སྒོ་ནས་ཆོས་བཞིན་དུ་ཚར་བཅོད་བྱེད་རིགས་སོ།དེས་་ན་ཅུང་བྱེད་མིང་ཆེ་བའི་དགོན་དཔོན་དང་།བླ་ཆེན་སོགས་ཀྱི་གོ་ས་འཛིན་པ་དག་གིས་གྲྭ་པ་གསར་བུ་པ་རྣམས་ཐོག་མར་ཐོས་བསམ་ལ་བསྐུལ་ཞིང་དེ་ནས་ཐོས་དོན་ཉམས་སུ་ལེན་པ་ལ་བསྐུལ་དགོས་པ་ལས་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་རྒྱབ་ཏུ་དོར་དགོས་པའི་སློབ་གསོ་ནམ་ཡང་མཛད་མི་རུང་ལ།ཉམ་ཆུང་གི་གྲྭ་པ་སོགས་ཀྱིས་ནི་བསྟན་པ་ཞི་རྒྱ་ཆེ་བར་སྤེལ་ནུས་མཁན་ཉུང་ཞིང་།ཅུང་བྱེད་མིང་ཆེ་བའི་དགོན་ དཔོན་དང་བླ་ཆེན་སོགས་ཀྱི་གོ་ས་འཛིན་པ་དག་གིས་བསྟན་པ་གསོས་ན་ཡང་ཉམ་ཆུང་གྲྭ་པ་ཕལ་ཆེར་ལས་ནུས་པ་ཆེ་བས།དམ་པ་གོང་མའི་གསུང་ལས།ལེགས་ན་བསྟན་པའི་རྒྱན་དུ་ཆེ། །ཞེས་སོགས་གསུངས་པ་ལྟར་ཡིན་ཞིང་།དེང་དུས་ཀྱང་དེ་ལྟ་བུའི་མིང་དོན་མཚུངས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཤིན་ཏུ་མང་པོ་འཇོག་རྒྱུ་ཡོད་དོ།དེ་ལས་བཟློག་ན།དེ་བསྟན་པ་ཉམས་པར་བྱེད་པའི་སྟོབས་དང་ལྡན་པ་ཞིག་ཏུ་འགྲོ་བ་ལ་ཚེགས་མེད་དོ།དེའང་ཇི་སྐད་དུ།ང་ཡི་བསྟན་པ་ཟབ་མོ་འདི། །གཞན་གྱི་འཇིགས་པར་མི་ནུས་ཏེ། །ང་མིན་ང་འདྲ་ཞིག་གི་བཤིག་ཅེས་པའི་ལུང་ལའང་བསམ་རིགས་སོ།ཕྱིས་སུ་དགོན་སྡེ་མང་པོ་ཞིག་ལ་སངས་རྒྱས་ཀྱི་བསྟན་པའི་སྙིང་པོ་བཤད་སྒྲུབ་ཀྱི་སྡེ་མེད་ཅིང་ཅུང་བྱེད་ཡོད་པ་དེ་དག་ཕལ་ཆེར་གྱིས་བཤད་སྒྲུབ་ཀྱི་ལས་དེ་ཞོར་ལས་བྱེད་ཅིང་།རྔ་རྡུང་གར་འཁྲབ་གྲོང་ཆོག་སོགས་གཙོ་བོར་བྱེད་་པའི་རྐྱེན་གྱིས་སངས་རྒྱས་ཀྱི་བསྟན་པ་རྣར་མ་དེ་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་གྱུར་པར་སྣང་ངོ་།དེའང་ཇི་སྐད་དུ་རྗེ་མི་ལས་རས་པའི་ཞལ་ནས།གྲོང་ལྟག་དགོན་ཆུང་ཁྲ་མོ་དེ། མིག་དགོན་པ་ཟེར་ཡང་གྲོང་ཡུལ་རེད། །ཅེས་གསུངས་སོ།དེའི་ཚུལ་ཡང་དམ་པ་དག་གི་གསུང་ལས་རྒྱས་པར་བསྟན་འདུག་པས་དཔྱོད་ལྡན་དག་གི་དེར་གཟིགས་པར་འཚལ་།དེས་ན་དགོན་སྡེ་དེ་དག་གིས་བཤད་སྒྲུབ་ཀྱི་ལས་དེ་གཙོ་བོ་དང་དེ་མིན་གར་འཁྲབ་གྲོང་མཆོག་སོགས་ཀྱི་ལས་དེ་ཞོར་ལས་མཛད་ན་དེའི་མ་ཆོག་པ་མེད་དོ།

གཉིས་པ་ཐོས་བསམ་ཉམས་སུ་ལེན་དགོས་ཚུལ་བསྟན་པ་ནི།ང་ཚོ་ནང་པ་སངས་རྒྱས་པ་ཁས་འཆེ་བ་རྣམས་ཀྱིས་སྡེ་སྣོད་གསུམ་ལ་ཐོས་བསམ་མཛད་པའི་མཐའ་མར་ཁ་ནང་དུ་ཕྱོགས་ནས་ཉམས་ལེན་མཛད་འོས་སོ།དེ་ལྟར་མཛད་པའི་མཐར་ཐུག་གི་ཕན་ཡོན་ནི།སྡེ་སྣོད་གསུམ་ལས་ཐོས་བསམ་མཛད་པའི་མཐར་མར་ཁ་ནང་དུ་ཕྱོགས་ནས་ཉམས་ལེན་མཛད་པའི་སྐྱེ་བུ་དེ་དག་སྲིད་པར་དབང་མེད་དུ་སྐྱེ་བའི་རྫོང་ལས་རིམ་གྱིས་ཐར་ནས་སངས་རྒྱས་ཀྱི་གོང་འཕང་རིན་པོ་ཆེ་ཐོབ་པར་འགྱུར་རོ། དེའང་ཇི་སྐད་དུ།ཐོས་པའི་རྗེས་འཇུག་སྒྲུབ་ལ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་གསུངས་སོ།དེ་འདྲའི་གནས་སྐབས་ཀྱི་ཕན་ཡོན་དེ་ཡང་།སྡེ་སྣོད་གསུམ་ལ་ཐོས་བསམ་མཛད་པའི་མཐར་མར་ཁ་ནང་དུ་ཕྱོགས་ནས་ཉམས་ལེན་མཛད་པའི་སྐྱེ་བུའི་རང་རྒྱུད་ཀྱི་ཆགས་སྡང་རྨོངས་གསུམ་སོགས་རིམ་གྱིས་ཞི་བར་འགྱུར་ཞིང་།དེ་དག་གི་རང་རྒྱུད་ལ་ཞི་བདེ་སོགས་ཤིན་ཏུ་ངོ་མཚར་བ་འདྲེན་པར་འགྱུར་རོ།ནང་པ་མ་ཡིན་པའི་ཁ་ཅིག་གིས་ཐོས་དོན་ཉམས་སུ་ལེན་ཅི་དགོས།ཐོས་དོན་ཉམས་སུ་ལེན་དགོས་ཞེས་ནང་པའི་ཆོས་ལུགས་པ་སོགས་ཀྱིས་བཤད་ནའང་ཆོས་ལུགས་ཉམས་སུ་བླངས་བའི་ཕན་ཡོན་ཅི་ཡང་རྙེད་རྒྱུ་མེད་དོ་ཞེས་ཀྱང་གསུངས་མི་རིགས་ཏེ།ནང་ཆོས་ཉམས་སུ་བླངས་བའི་མཐར་ཐུག་གི་ཕན་ཡོན་རེ་ཞིག་བཞག་ནས་གཞན་བཟང་ཁྱོད་ལ་ནང་ཆོས་ཉམས་སུ་བླངས་པའི་གནས་སྐབས་ཀྱི་ཕན་ཡོན་ཅུང་ཟད་བཤད་པར་བྱ་བ་ནི།ནང་པའི་སྡེ་སྣོད་དག་ལས་བཤད་པའི་རྒྱུ་འབྲས་ཀྱི་སྤང་བླང་དང་བྱམས་སྙིང་རྗེ་དང་དགེ་བཅུའི་ཚུལ་ཁྲིམས་བཅས་ཀྱི་རྣམ་བཞག་སོགས་ཉམས་སུ་ལེན་ནུས་པའི་ནང་ཆོས་ཚུལ་བཞིན་དུ་ཉམས་སུ་ལེན་མཁན་མང་དུ་མཆིས་ཤིང་།དེ་དག་གི་བསམ་པའི་འཁྱེར་སོ་དང་སེམས་ཀྱི་ཞི་བདེ་བཅས་ནི་ཐ་མལ་བའི་མི་གཞན་ལས་ལྷག་ཅིང་དེའི་རྐྱེན་གྱི་ནང་ཆོས་ཚུལ་བཞིན་དུ་ཉམས་སུ་ལེན་མཁན་དེ་དག་གིས་སེམས་ཅན་གཞན་ལ་ཤེས་བཞིན་དུ་གནོད་པ་མི་བྱེད་པའི་ཁར་གཞན་ཕན་གྱི་ལས་ལ་ཤིན་ཏུ་དགྱེས་པ་ཡིན་ནོ།ལུང་པ་ཁ་གཅིག་གི་མི་ཀུན་ལ་དེ་ལྟའི་བའི་བསམ་པའི་འཁྱེར་སོ་དེ་ཡོད་ན་དེ་འདྲའི་ལུང་པ་དེ་ཞི་བདེའི་ལུང་པར་འགྲོ་རྒྱུ་དང་།རྒྱལ་ཁབ་གཅིག་གི་མི་ཀུན་ལ་དེ་ལྟ་བུའི་བསམ་པའི་ཁྱེར་སོ་དེ་ཡོད་ན་དེ་འདྲའི་རྒྱལ་ཁབ་དེ་ཞི་བདེའི་རྒྱལ་ཁབ་ཏུ་འགྲོ་རྒྱུ་དང་།འཛམ་གླིང་ཡོགས་ཀྱི་མི་ཀུན་ལ་དེ་ལྟ་བུའི་བསམ་པའི་ཁྱེར་སོ་དེ་ཡོད་ན་འཛམ་གླིང་ཞི་བདེའི་འགྲོ་རྒྱུ་སྨོས་ཅི་དགོས།དེའང་ནང་ཆོས་ཚུལ་བཞིན་དུ་ཉམས་སུ་ལེན་མཁན་དེ་དག་གི་བསམ་པའི་ཁྱེར་སོ་དང་སེམས་ཀྱི་ཞི་བདེ་བཅས་ནི་ཐ་མལ་བའི་མི་གཞན་ལས་ལྷག་ཚུལ་དེང་དུས་ཚན་རིག་གི་ལམ་ནས་ཀྱང་གསལ་བར་གྲགས་ཤིང་།དེའང་ནུབ་ཕྱོགས་ཀྱི་ཚན་རིག་པ་ཁ་ཅིག་གིས་བཤད་ན་ཞེ་སྡང་དང་ཁྲག་དོག་མངོན་དུ་ལྡང་བའི་གང་ཟག་དེའི་ཀླད་རྩ་གཡས་གཡོན་གཉིས་ཀྱི་ནང་ནས་གཡས་ངོས་ཀྱི་ཀླད་རྩའི་བྱེད་ལས་ཆེ་ཞིང་།བྱམས་སྙིང་རྗེ་དང་ཞི་བདེ་སོགས་མངོན་དུ་ལྡང་བའི་གང་ཟག་དེའི་ཀླད་རྩ་གཡས་གཡོན་གཉིས་ཀྱི་ནང་ནས་གཡོན་ངོས་ཀྱི་ཀླད་རྩའི་བྱེད་ལས་ཆེའོ། ཞེས་ཟེར།འདི་ནི་ཇི་སྐད་དུ།གཡས་པ་ཉི་མ་དུག་གི་རླུང་། །གཡོན་པ་ཟླ་བ་བདུད་རྩིའི་རླུང་།ཞེས་པའི་ནང་པའི་ལུང་དེ་དང་གནད་ཕྱོགས་འདྲའོ། དེས་ན་སྤྱི་ལོ ༢༠༠༤ཡས་མས་སུ་ནུབ་ཕྱོགས་ཀྱི་ཚན་རིག་པ་ཁ་ཅིག་གིས་མིའི་ཀླད་པར་རྟགས་དཔྱད་བྱེད་དུས།སྤྱིར་གཏང་གི་ཆ་ནས་ནང་ཆོས་ཚུལ་བཞིན་དུ་ཉམས་སུ་མི་ལེན་མཁན་དང་།ནང་ཆོས་ཚུལ་བཞིན་དུ་ཉམས་སུ་ལེན་མཁན་དེ་དག་གི་ཀླད་རྩ་གཡས་གཡོན་གཉིས་ཀྱི་ནང་ནས་ནང་ཆོས་ཚུལ་བཞིན་དུ་ཉམས་སུ་མི་ལེན་མཁན་དེ་དག་གི་ཀླད་རྩ་གཡོན་པའི་བྱེད་ལས་ཆེ་ཞིང་།ནང་ཆོས་ཚུལ་བཞིན་དུ་ཉམས་སུ་ལེན་མཁན་དེ་དག་གི་ཀླད་རྩ་གཡས་གཡོན་གཉིས་ཀྱི་ནང་ནས་ཀླད་རྩ་གཡོན་པའི་བྱེད་ལས་ཆེའོ།ཞེས་གསུངས་པ་འདིའི་ཆ་ནས་ཀྱང་ནང་ཆོས་ཚུལ་བཞིན་དུ་ཉམས་སུ་ལེན་མཁན་གྱི་སྐྱེ་བུའི་ཁྱད་ཆོས་ཀྱི་ཟུར་ཙམ་ཞིག་རྟོགས་ནུས་སོ།

གསུམ་པ་གངས་ཅན་གྱི་རིག་གཞུང་གི་ནང་ནས་གངས་ཅན་གྱི་རིག་གཞུང་གི་གཙོ་བོ་དེ་མ་ཉམས་པ་བྱེད་དགོས་པའི་ཚུལ་བསྟན་པ་ནི།དེང་གི་དུས་སུ་ཤར་ཕྱོགས་ཨེ་ཤི་ཡའི་གླིང་ནས་ནུབ་ཕྱོགས་ཀྱི་གླིང་ཆེན་དག་གི་བར་བོད་ཀྱི་རིག་གཞུང་ཞེས་ཡོངས་སུ་གྲགས་འདི་ནི།གཙོ་བོར་ཟབ་མོ་སྟོང་པ་ཉིད་ཀྱི་ལྟ་བ་དང་།

འཚེ་མེད་ཞི་བའི་སྤྱོད་པ་འདི་གཉིས་བསྟན་པའི་གངས་ཅན་གྱི་ནང་དོན་རིག་པ་འདིའི་དབང་གིས་ཡིན་ཞིང་།གཙོ་བོར་འདི་གཉིས་མ་ཉམས་པར་བྱེད་ཐུབ་ན་བོད་ཀྱི་རིག་གཞུང་གི་གཙོ་བོའི་སྲོག་ཟིན་པ་ཡིན་ནོ།བོད་ཀྱི་རིག་གཞུང་གི་གཙོ་བོ་འདིའི་ལག་རྗེས།བྱམས་སྙིང་རྗེ་ལྷུར་ལེན་པ།སློབ་དཔོན་དང་ཤེས་ཡོན་ཅན་སོགས་ལ་ཞེ་ས།ཕ་མ་རྒན་འཁོགས་ལ་བྱམས་སྐྱོང་དང་།འཕྲལ་གྱི་ཁེ་ཕན་ཙམ་ལ་མི་དམིགས་པར་ཕྱི་ཐག་རིང་པོར་བསྲུང་བ་བཅས་སོགས་བྱེད་པའི་ཡ་རབས་སྤྱོད་བཟང་འདི་ནི།གསེར་དངུལ་སོགས་ཀྱི་ཉོ་རྒྱུ་མེད་པའི་ནང་གི་ཀུན་སྤྱོད་ཀྱི་ནོར་བུ་ཞིག་ཡིན་པས།འདི་ཡོངས་སུ་བརླགས་ན་ཕྱི་རོལ་གྱི་རྟེན་གསུམ་རྒྱ་སྟོང་ཞིག་པ་ལས་ཚབས་ཆེ་བས།ང་ཚོའི་ཅིས་ཀྱང་ནང་གི་ཀུན་སྤྱོད་ཀྱི་ནོར་བུ་འདི་མིག་འབྲས་བཞིན་བསྲུང་ཅི་ནུས་བྱེད་རིགས་སོ།དེ་ལྟ་བུའི་ནང་གི་ཀུན་སྤྱོད་ཀྱི་ནོར་བུ་འདི་བསྐྲུན་པར་བྱེད་པའི་ནང་དོན་སྡེ་སྣོད་རིན་པོ་ཆེ་ལ་མཐོང་ཆེན་བྱེད་མ་ཤེས་ན་ཤིན་ཏུ་འཕོངས།དེས་ན་ང་ཚོའི་གངས་ཅན་གྱི་རིག་གཞུང་གི་རྩ་བ་བོད་ཡིག་དང་།གངས་ཅན་གྱི་རིག་གཞུང་གི་གཙོ་བོ་ནང་དོན་རིག་པ་གཉིས་མ་ཉམས་པར་བྱེད་རྒྱུ་འདི་ང་ཚོའི་ཐོག་ཏུ་བབས་པའི་ལས་འགན་ནོ། སྔོན་བྱོན་དམ་པའི་ཤུལ་ལམ་རིང་མོ་དེ།། གོ་སླའི་ཚིག་གི་ལམ་ནས་གདམས་པའི་དགེས།།གཅེས་སུ་འོས་པའི་གངས་ཅན་རིག་པའི་གཞུང་།།འཛམ་གླིང་ས་ཡི་ཏོག་ཏུ་འགྱིང་གྱུར་ཅིག
ཅེས་པ་འདི་ནི་གངས་ཅན་གྱི་རིག་པའི་གཞུང་ལུགས་ལ་མི་ཕྱེད་པའི་ལྷག་བསམ་འཆང་བའི་ངག་དབང་དབྱངས་ཅན་གཙུག་ལག་རྒྱ་མཚོ་ལུང་རིགས་སྨྲ་བའི་ཉི་མའམ་ཤྭཀྱའི་དགེ་སློང་བསྟན་པ་རབ་རྒྱས་སམ་ཀུན་དགའ་དབང་ཕྱུག་གིས་ཤིན་ཏུ་གོ་སླ་བར་སྦྱར་བའོ།། དགེའོ།།

·རྩོམ་ཡིག་གོང་མ:དཔེ་ཀློག་གི་གལ་ཆེའི་རང་བཞིན་གླེང་བ་མཛངས་མ་དགའ་བའི་གཏམ།
·རྩོམ་ཡིག་འོག་མ:ཉི་ཐིག་གིས་འཚོས་པའི་གྲྭ་ཤག་གི་སྒེའུ་ཁུང་།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:pdjbkjpkf
pwMcHw  <a href="http://tyosqjxkfwgi.com/">tyosqjxkfwgi</a>, [url=http://btulacttabli.com/]btulacttabli[/url], [link=http://qkyxfcqrizwn.com/]qkyxfcqrizwn[/link], http://bvnruytzpwcp.com/
发表时间:2017/9/13 13:15:09 [来自: 5.188.211.13]

 评论者:oueqsft
ADyW4R  <a href="http://abdpnzofgnpi.com/">abdpnzofgnpi</a>, [url=http://fayogovftwbw.com/]fayogovftwbw[/url], [link=http://ujxyycbcffrz.com/]ujxyycbcffrz[/link], http://mjrqgebajrnp.com/
发表时间:2017/9/13 12:01:32 [来自: 5.188.211.13]

 评论者:uunuciz
rPpuxx  <a href="http://tywnvlopusco.com/">tywnvlopusco</a>, [url=http://lxugosfqlwhp.com/]lxugosfqlwhp[/url], [link=http://vgssitpskrgv.com/]vgssitpskrgv[/link], http://wriwenxaekak.com/
发表时间:2017/9/13 10:44:22 [来自: 5.188.211.13]

འབྲེལ་ཡོད་དཔྱད་བརྗོད 21 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS