ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
 རྩོམ་ཡིག་ཀློག་པ།

ཐང་གའི་བཟོ་དབྱིབས་སྐོར་བཤད་པ།

  རྩོམ་པ་པོ:དགེ་འདུན་བསྟན་པ།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:16450ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/12/1 14:21:57ཚོགས་ཡར་སྤྲོད:admin

                                  ཐང་གའི་བཟོ་དབྱིབས་སྐོར་བཤད་པ།


                                          
ཚངས་དབང་དགེ་འདུན་བསྟན་པ། [ 2013-5-30 ]


   ཐང་ག་ནི་བོད་ཡུལ་ནས་དར་བའི་རི་མོའི་འབྲི་སྟངས་ཤིག་ཡིན་ཞིང་། ཕྱི་གླིང་གི་སྣུམ་ཚོན་རི་མོ་དང་། པར་སིག་གི་ཞིབ་བྲིས་རི་མོ། རྒྱ་ནག་གི་རྒྱལ་སྲོལ་རི་མོ་བཞིན་རང་རྐྱ་འཕེར་བའི་རི་མོ་ཞིག་ཀྱང་རེད། ད་ཆར་འཛམ་གླིང་གི་ལོ་རྒྱུས་སྟེང་ཐང་ག་ཟེར་དུས་ཚང་མས་བོད་དང་འབྲེལ་བ་ཡོད་པའི་རི་མོའི་སྒྱུ་རྩལ་ཞིག་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད། གཙོ་ཕལ་གྱི་དབྱེ་བ་དང་མཚོན་དོན་མི་འདྲ་བ་ཙམ་ལས་ཡིན་པའང་དེ་འདྲ་རང་རེད། འདི་ཇི་ལྟར་དར་ཚུལ་དང་བཟོ་དབྱིབས་སོགས་ལ་བཤད་ལུགས་མི་འདྲ་བ་མང་དུ་མཆིས་མོད། སྐབས་འདིར་ཐང་གའི་བཟོ་དབྱིབས་ཇི་ལྟར་བྱུང་ཚུལ་སྐོར་བཤད་རྩིས་ཡོད། འདིའི་སྐོར་དམིགས་བསལ་དུ་བཤད་དགོས་པའི་རྒྱུ་མཚན་ནི། ཉེ་ཆར་རྒྱ་ནག་གི་མཁས་པ་ཞེ་ཅིས་ཧྲིན་སོགས་ཀྱིས་ཐང་ག་འདི། རྒྱ་ནག་ནས་དར་བར་བཤད་པ་དང་། ཁོ་ཚོས་དེ་ལྟར་བཤད་པའི་ཁུངས་ལུང་དང་རྒྱུ་མཚན་གཙོ་བོ་ཞིག་ནི་ཐང་གའི་བཟོ་དབྱིབས་དེ་རྒྱ་ནག་གི་འཕན་གྱི་བཟོ་སྟངས་ལ་དཔེར་བླངས་ནས་དར་བར་བཤད་དོ།། 
སྤྱིར་ན་ལོ་རྒྱུས་དཔྱད་གཞིའི་ཡིག་ཚང་དང་མི་རེ་རེའི་རྣམ་དཔྱོད་མི་འདྲ་བའི་དབང་གིས་ལྟ་ཚུལ་མི་འདྲ་བ་བྱུང་དང་འབྱུང་བཞིན་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་རེད། ཡིན་ནའང་། འགའ་ཞིག་ནི་ཕྱི་ནས་བལྟས་ན་རིག་གཞུང་གི་ལྟ་བ་ཞིག་བཤད་ཁུལ་བྱས་ཀྱང་ཁོག་ན་མ་རུང་ཁོག་བཅུག་གིས་ཆབ་སྲིད་ཀྱི་དམིགས་ཡུལ་དང་མི་རིགས་ཀྱི་ཞེན་ཁ་འཐེན་ནས་གཞན་གྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་མཁན་དེ་འདྲ་རེད། དེ་དག་ནི་དོན་དངོས་སུ་རིག་གཞུང་ཞིབ་འཇུག་པ་མིན་ལ། རིག་གཞུང་གི་ཞལ་འབག་གྱོན་ནས་ཆབ་སྲིད་ཀྱི་བྲོ་གར་འཁྲབ་པའི་སྐོར་རེད། འདིར་ངེད་ཀྱིས་ཀྱང་ཐང་གའི་བཟོ་དབྱིབས་ལས་འཕྲོས་ཏེ་སྐད་ཆ་འགའ་རེ་བཤད་འདོད་སྐྱེས་སོང་། ཕྲན་ནི་བོད་ཀྱི་ཐང་གའི་རི་མོ་བྲིས་ནས་ལོ་ངོ་སུམ་ཅུ་ཙམ་འགོར་བ་དང་། ཞིབ་འཇུག་གི་ལས་སུ་འཇུག་སྟེ་ལོ་ངོ་ཉི་ཤུ་ལྷག་ཉེ་བའི་རི་མོ་པ་ཞིག་ཡིན་ཞིང་། པིར་ཚོན་གཉིས་ལག་ཏུ་འཛིན་པ་དང་། གཏོང་བ་དང་། བྲི་བ་སོགས་མངོན་སུམ་དུ་སྤྱོད་མྱོང་བའི་མི་ཞིག་ཡིན་པའི་ཆ་ནས་སྐད་ཆ་འགའ་མི་བཤད་ཐབས་མེད་དུ་གྱུར། 
རྒྱ་ཡི་མཁས་པ་ཞེ་ཅིས་ཧྲིན་སོགས་ཀྱིས་བོད་ཀྱི་ཐང་ཀའི་རི་མོ་དེ་རྒྱ་ནག་ནས་དར་བར་བཤད་པ་དང་། དེའི་སྐོར་གྱི་ཆེད་རྩོམ་དང་དཔེ་དེབ་སོགས་ཀྱང་མང་དུ་བྲིས་ནས་གང་སར་ཁྱབ་སྤེལ་བྱས་པ་དེས། རྒྱའི་ཤེས་ཡོན་པའི་ཁྲོད་དུ་ཤུགས་རྐྱེན་མི་དམན་པ་ཐེབས་པ་མ་ཟད། བོད་ཀྱི་ཤེས་ཡོན་པའི་སྡེ་ཁག་ཁྲོད་དུའང་བག་ཆགས་འགོས་ནས་དེང་སང་དེ་འདྲ་ཞིག་ཡིན་ཚུལ་གྱི་རྣམ་འགྱུར་སྟོན་མཁན་མི་ཉུང་བ་ཞིག་ཡོད། ཁོ་ཚོས་མངོན་སུམ་འཛེམ་མེད་དུ་དེ་ལྟར་བཤད་པའི་གཏན་ཚིགས་གཙོ་བོ་གཅིག་ནི། ཐང་གའི་བཟོ་དབྱིབས་ཀྱི་ཐོག་ནས་བཤད་ཡོད་པ་རེད། དེ་ནི་ཏུན་ཧོང་སོགས་ནས་བྱུང་བའི་ཀ་འཕན་ཐང་གའི་བཟོ་དབྱིབས་དང་། ༼སྦ་བཞེད༽་དུ་འཁོད་པའི་མཆན་ཡིག་སྟེ། དར་ཐང་བྱ་བའི་ཚིག་དེ་གཉིས་ལ་བརྟེན་ནས་ཐང་ག་ནི་རྒྱ་ནག་ནས་དར་བའི་རྒྱུ་མཚན་ཁུངས་སྐྱེལ་གཙོ་བོ་ཐུག་ཡོད་པར་བཤད། ལར་ངས་གོང་དུ་བཤད་ཟིན་པ་བཞིན་རིག་གཞུང་ནི་ཇི་ལྟར་གཏིང་ཟབ་ན་དེ་ལྟར་དུ་བཤད་ལུགས་མི་འདྲ་བ་སྣ་ཚོགས་ཡོང་གིན་འདུག དེ་ནི་རིག་གཞུང་ཞིབ་འཇུག་གི་ཆོས་ཉིད་ཅིག་ལས་དམིགས་བསལ་ཅན་ཞིག་དང་ཁྱད་པར་བ་གང་ཡང་མ་རེད། ཡིན་ནའང་། ངེད་ཀྱིས་ནི། ཞེ་ཅིས་ཧྲིན་སོགས་ཀྱིས་འདོད་པའི་ལྟ་ཚུལ་དེར་འཐད་པ་མེད་དེ། རྒྱུ་མཚན་ནི། ཏུན་ཧོང་གི་ཀ་འཕན་ཐང་གའི་བཟོ་དབྱིབས་དེ་འདྲ་ནི་ཨུ་རྒྱན་ཡུལ་གྱི་པཱ་མེས་ཡཱང་དང་། མངའ་རིས་ཀྱི་དུང་དཀར་ལུང་བ་དང་། ལ་དྭགས། ཞིན་ཅང་སོགས་ནས་ཀྱང་ཐོན་གིན་འདུག་པས། དེ་ནི་མཐའ་ཅིག་ཏུ་རྒྱ་ནག་གི་བཟོ་དབྱིབས་ཡིན་པའི་ངེས་པ་མེད་ལ། ལྷག་པར་དུ་ཞིན་ཅང་ས་ཁུལ་ནས་མང་པོ་འོང་གིན་འདུག་པས། གོམས་སྲོལ་དེའི་ཐོག་མའི་འབྱུང་ཁུངས་ནི་མི་རིགས་སུ་ཞིག་གི་ཡིན་པ་ད་ཕན་སུས་ཀྱང་བཤད་དཀའ་བར་ཆགས་ཡོད། གལ་ཏེ་རྒྱ་ནག་གི་ཡིན་པའི་དབང་དུ་བཏང་ཡང་བཟོ་དབྱིབས་ཐད་ནས་བཤད་ན། ཐང་གའི་དབྱིབས་ནི་དེ་དང་འདྲ་བ་ཞིག་རེད་ཟེར་བ་ལས་བོད་ཀྱི་རུ་དར་གྱི་བཟོ་དབྱིབས་དང་ཧ་ཅང་འདྲ་བོ་ཞིག་རེད་ཟེར་ན་ད་དུང་རྒྱུ་མཚན་ངེས་ཅན་ཞིག་འདུག་སྙམ། ཐང་གའི་གོང་གཤམ་དང་བཟོ་དབྱིབས་ནི་བོད་བཙན་པོའི་སྐབས་ཀྱི་རུ་དར་དང་ཤིན་ཏུ་འདྲ་མཚུངས་ཡིན་པ་མངོན་གསལ་རེད། ལར་རུ་དར་བྱ་བ་ནི་དམག་དར་ལ་གོ་ཞིང་། རྒྱལ་མཚན་དང་དོན་གཅིག་ཡིན། འོན་ཀྱང་། དེང་སང་གི་རྒྱལ་མཚན་དེ་རྒྱ་ཡི་གདུགས་བརྩེགས་མའི་དབྱིབས་ལྟར་བྲིས་པ་ནི་རྒྱ་སྲོལ་ཡིན་ལ། བོད་ཀྱི་རྒྱལ་མཚན་གྱི་དབྱིབས་དངོས་ནི་རུ་དར་རམ། ཕྱྭ་དར་ཡིན་ཞེས་༼འཇུ་མི་ཕམ་གྱི་སྙན་འགྲེལ་༽དུ་གསལ་བོར་བཤད་ཡོད་པས་དེས་འཐུས་པར་བྱ། བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་གནའི་ལྡེབས་རིས་ཁག་ཏུ། བོད་བཙན་པོའི་སྐབས་སུ་ཡུལ་གཞན་དང་དམག་འཁྲུག་འབྱུང་དུས་རུ་དར་འཕྱར་ཞིང་། རྔམ་བརྗིད་དང་བཅས་ནས་དཔུང་དམག་དྲངས་པ་དང་། རུ་དར་སྟེང་དུ་རང་རང་གི་དགྲ་ལྷ་དང་ཡང་ན་བླ་རྟེན་སེང་གེ་དང་། འབྲོང་། སྟག ཁྱུང་སོགས་ཀྱི་རི་མོ་བྲིས་ནས་རྔམ་བརྗིད་དང་བཅས་གཡུལ་བཤམས་པར་གྲགས་ཤིང་། རུ་དར་སྟེང་རང་རང་གི་དགྲ་ལྷ་སྟེ་སྲིད་པ་ཆགས་པའི་ལྷ་དགུ་དང་། སྐྱེས་ལྷ་དང་ཡུལ་ལྷ་སོགས་བྲིས་ནས་ལུས་ལྷ་སྲུང་བའི་ལུགས་སྲོལ་ཡོད་ལ། སྲོལ་ལུགས་དེ་ད་ལྟའི་བར་མ་ཉམས་པར་གསོན་པོར་གནས་པ་ནི། རེབ་གོང་གི་དྲུག་པའི་ཀླུ་རོལ་སྐབས་དང་། དབྱར་ཁའི་དུས་སུ་ཆོས་སྐོར་དུ་འགྲོ་སྐབས་ལག་ཏུ་རུ་དར་འཕྱར་ཞིང་རྒྱབ་ཏུ་ཆོས་ དཔེ་འཁུར་ནས་ཞིང་ཁའི་བར་ཚིགས་རྣམས་སུ་སྐོར་བ་རྒྱག་སྲོལ་མཆིས་པ་དེ་དག་རེད། གཞན་ལབ་རྩེ་བསྟོད་པ་དང་གཏོར་ཆེན་གཏོང་བའི་སྐབས་སུའང་རེ་འགའ་དེ་འདྲའི་ལུགས་སྲོལ་ཡོད་པར་མངོན། སྐབས་དེའི་རུ་དར་གྱི་རྣམ་པ་ནི་དར་ལྕེ་ཡོད་མེད་ཙམ་ལས་དེ་བྱིངས་ནི་གྲུ་བཞི་ ཡིན་ཞིང་། བརྒྱ་ཆའི་དྲུག་ཅུ་ཟིན་པའི་དབུས་ནི་དཀར་པོ་ཡིན་ལ་དེའི་ངོས་སུ་རང་རང་གི་ སྐྱེས་ལྷའམ་སྲུང་མ་དང་། དགྲ་ལྷ། བཙན་ལྷ། རླུང་ལྷ་སོགས་བྲིས་ཡོད་ལ། དེའི་མཐའ་ཤན་དུ་རིམ་པ་གསུམ་གྱིས་བརྒྱན་པའི་དང་པོ་ནི་དམར་པོ་དང་། གཉིས་པ་སེར་པོ། གསུམ་པ་སྔོན་པོ་ཡོད་པ་ནི་ཐང་གའི་གོང་གཤམ་གྱི་བཟོ་དབྱིབས་བརྒྱུད་རིམ་དང་ཤིན་ ཏུ་འདྲ་བར་སྣང་། སྔོན་གྱི་བཙན་པོའི་ལྷ་ཁང་རྙིང་པའི་ལྡེབས་རིས་ཀྱི་བཀོད་པ་ཡང་རུ་དར་གྱི་ ཁ་དོག་དང་དབྱིབས་སོགས་ཀྱང་འདི་དང་མཚུངས་ཤིང་། དེང་སང་ཡང་འདུ་ཁང་དང་བཙན་ཁང་ལྟ་བུ་གསར་བཞེངས་བྱེད་སྐབས་རྩིག་ལོགས་ངོས་སུ་ ལྡེབས་རིས་མ་བཞེངས་ཡར་སྔོན་དུ་གོང་དུ་བཤད་པའི་རུ་དར་གྱི་བཟོ་ལྟ་བཞིན་དབུས་ སུ་དཀར་རྩི་དང་། མཐའ་ཤན་དུ་དམར་པོ་དང་། སེར་པོ། སྔོན་པོ་བཅས་རིམ་གྱིས་བཀོད་ཡོད། དེ་ཡང་མཐར་གཏུགས་ན་བོད་ཀྱི་གདོད་མའི་གོམས་སྲོལ་ལས་ཞི་རྒྱས་དབང་དྲག་གི་དབང་ཐང་མཚོན་པའམ་ཡང་ན་རླུང་རྟ་དར་བའི་གོམས་སྲོལ་ད་ལྟའི་བར་བོད་ཁམས་ཀྱི་ས་གནས་གང་སར་མཐོང་ནུས་པ་དེ་ལྟར་རོ།། 
འོ་ན་ཐང་གའི་གོང་གཤམ་གྱི་དབྱིབས་ནི་སྲིད་རིང་ཞིང་ཞེང་ཐུང་བ་དང་། རུ་དར་གྱི་དབྱིབས་ནི་གྲུ་བཞི་ཡིན་པས་མི་འགྲིག་གོ་སྙམ་ན། ཐང་གའི་རི་མོའི་ལོ་རྒྱུས་འཕེལ་རིམ་ལ་གཞིགས་ན། ཐོག་མར་རས་བྲིས་ཐང་ག་ལས་ལྡེབས་རིས་སམ་ལོགས་ཐང་འདི་དར་བ་ཡིན་པ་རྩོད་མེད་ཡིན་ཙ་ན། དང་ཐོག་གི་གྲུ་བཞིའི་རྣམ་པ་ནས་རིམ་གྱིས་ད་ལྟའི་འདི་ལྟར་འགྱུར་བར་སེམས། དེ་མིན་གནའ་དུས་ཀྱི་རྒྱའི་དར་འཕན་ནི་སྲིད་རིང་ཞིང་ཞེང་ཧ་ཅང་དོག་པས་གོང་གཤམ་ གྱི་དབྱིབས་དང་གནམ་སའི་ཁྱད་པར་ཡོད། གལ་ཏེ་འཚེམ་བཟོའི་ལག་རྩལ་ལ་བཤད་པ་ཡིན་ན་མི་ཤེས། འོན་ཀྱང་། བོད་ལ་དེའི་སྐབས་སུ་དེ་འདྲའི་འཚེམ་བཟོའི་ལག་རྩལ་རྩ་བ་ནས་མེད་ཅེས་སུས་ཀྱང་བཤད་དཀའ་འོ།། 
རེབ་གོང་ས་ཁུལ་དུ་དྲུག་པའི་ལྷ་ཟླ་ཆེན་མོའི་ཀླུ་རོལ་རྩེད་སྐབས་གཞི་བདག་རྣམས་ཀྱི་ཐང་ག་དར་ཤིང་ཐོག་ཏུ་བཀལ་ཏེ་མདུན་དུ་བསྐྱོད་པ་སོགས་གནའ་རབས་དམག་གི་འགྲོ་སྟངས་ཀྱི་གོམས་སྲོལ་ནི་ད་ལྟའི་བར་མ་ཉམས་པར་ཡོད། གཞན་གོང་གི་གནས་ཚུལ་དེ་འདྲ་གནའ་དུས་སུ་དར་ཡོད་པའི་ཁུངས་ལུང་གལ་ཆེན་ཞིག་ནི། སླེ་ལུང་བཞད་པའི་རྡོ་རྗེའི་༼དམ་ཅན་བསྟན་སྲུང་གི་རྣམ་ཐར༽་ལས། བྷ་ཏ་ཧོར་གྱི་སྒོམ་གྲ་བཅོམ་ནས་རྒྱལ་པོ་སྤྱན་འདྲེན་པའི་ཕོ་ཉར་བཀའ་བསྒོས་པ་ན་ལྷ་སྲས་ཀྱིས་སློབ་དཔོན་ཆེན་པོར་གསོལ་བ་བཏབ་པས་སློབ་དཔོན་ཆེན་པོས་རྗེ་འབངས་ཐམས་ཅད་ཀྱིས་མཐོང་བར་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་རྟ་བདག་བརྒྱད་དང་། མགོ་བརྙན་སྣ་ཚོགས་ཡོད་པའི་གནོད་སྦྱིན་བྱེ་བའི་ཚོགས་སྤྲིན་ཕུང་གཏིབས་པ་ལྟར་བཀུག་སྟེ་ལྷ་སྲས་ཀྱི་གྲོགས་མཛད་དགོས་པར་གཉེར་དུ་གཏད། དེའི་ཚེ་ཐ་མི་མགོན་བཙོན་གྱིས་རྣམ་སྲས་ཀྱི་བཀོད་པ་རྣམས་འཕྱར་དར་ལ་རི་མོ་བྲིས། སློབ་དཔོན་གྱིས་རབ་གནས་མཛད་པས་རྒྱལ་པོའི་བླ་དར་དུ་གྲགས། ཞེས་གསལ་བ་དེར་བལྟས་ནའང་། གོང་དུ་བཤད་པའི་རུ་དར་དང་འབྲེལ་བ་ཆུ་ལ་ཆུ་བཞག་གི་ཚུལ་དུ་མཚུངས་འདུག་གོ། བླ་དར་དེ་ལ་སི་ཐང་ཞེས་གྲགས་པའི་གནས་ཚུལ་ནི་༼ཆོས་འབྱུང་མཁས་པའི་དགའསྟོན༽་དང་། ༼བཀའ་ཐང་སྡེ་ལྔ༽་བཅས་སུའང་གསལ་བོ་བཤད་ཡོད། དེ་ལྟར་ན་ལྕང་སྐྱ་རོལ་བའི་རྡོ་རྗེའི་༼ཙན་དན་ཇོ་བོའི་དཀར་ཆག༽་ཏུ་འཁོད་པའི་སི་ཐང་གི་ལོ་རྒྱུས་ལའང་བསྐྱར་དུ་དཔྱད་པ་གཏོང་དགོས་པ་འདྲ་ཡང་། གང་ལྟར་འདིར་དེའི་སྐོར་ཞིབ་ཏུ་མི་བཤད། དེ་མིན་༼དཔའ་པོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན༽་དང་། སླེ་ལུང་གི་༼དམ་སྲུང་རྣམ་ཐར༽་བཅས་སུ་གསལ་བའི་བླ་དར་དང་འབྲེལ་བའི་སི་ཐང་སོགས་ཀྱང་། དོན་དུ་རུ་དར་ལ་བཤད་པ་མངོན་གསལ་རེད། མདོར་ན་ངེད་ཀྱིས་ནི་ཐང་གའི་བཟོ་དབྱིབས་དེ། བོད་ཀྱི་རུ་དར་ལས་འཕེལ་རྒྱས་བྱུང་ནས་དར་བ་ཞིག་རེད་འདོད་དེ་མཁས་དབང་རྣམ་པས་བརྟག་པར་བྱའོ།། 
ཞེ་ཅིས་ཧྲིན་སོགས་ཀྱིས་ད་དུང་ཐང་གའི་རས་གཞིའི་སྐོར་ལ། སོ་མ་རཱ་ཛཱ་ནི་རྒྱ་གར་སྐད་ཡིན་ཞིང་། རྒྱ་སྐད་དུ་(大麻)བྱ་བ་དེ་ཡིན་པར་བཤད་པ་ནི་བོད་རྒྱ་ཚིག་མཛོད་ཆེན་མོ་ཡི་ནང་དོན་ལྟར་གོ་བ་ལེན་པ་འདྲ་ཡང་། རྒྱའི་གསོ་རིག་གི་གཞུང་རྣམས་སུ་སོ་མ་རཱ་ཛཱ་ལ་(黄葵子)བྱ་བ་དང་། སྲོ་མ་ར་ཙ་ལ་(大麻仁)ཞེས་བྲིས་ཡོད་དེ། དེ་གཉིས་སྒྲ་མཚུངས་པ་ལས་དོན་མི་གཅིག་གོ རས་འཐག་པ་ནི་སྲོ་མ་ར་ཙ་བྱ་བ་འདི་ཡིན་པ་༼ཤེལ་གོང་ཤེལ་ཕྲེང་༽དུ་གསལ་བས། འདི་དག་གི་གོ་དོན་དང་གསལ་བཤད་ཐད་ལའང་གོ་ནོར་ཐེབས་འདུག་པ་མང་དུ་སྣང་ཡང་དེ་ཙམ་གྱིས་ཆོག་པར་བྱའོ།། 

·རྩོམ་ཡིག་གོང་མ:གྲགས་ཅན་གསུང་ཚིག༥༡
·རྩོམ་ཡིག་འོག་མ:དཔེ་ཀློག་གི་གལ་ཆེའི་རང་བཞིན་གླེང་བ་མཛངས་མ་དགའ་བའི་གཏམ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:woitxpmy
Uf6LHr  <a href="http://igufmlmbhydz.com/">igufmlmbhydz</a>, [url=http://touqetrpqafx.com/]touqetrpqafx[/url], [link=http://tlflorqxvimf.com/]tlflorqxvimf[/link], http://xzfoqervwusj.com/
发表时间:2016/6/10 4:30:04 [来自: 46.161.9.32]

འབྲེལ་ཡོད་དཔྱད་བརྗོད 1 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS