ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

བོད་ཀྱི་རིག་གནས་གསེར་གྱི་ཉི་མ་ཡིན་ནམ།

  རྩོམ་པ་པོ:རྣོ་སྦྲེང་ཡོང་ཁུངས:རྣོ་སྦྲེང་གཟིགས་གྲངས:12725ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/11/18 13:58:41ཚོགས་ཡར་སྤྲོད:admin
                བོད་ཀྱི་རིག་གནས་གསེར་གྱི་ཉི་མ་ཡིན་ནམ།
 
                 རྣོ་སྦྲེང་གིས་བརྩམས།
 


   མདང་ནུབ་སྔ་ཉལ་བྱས་པས་ནམ་སྟོད་ལ་གཉིད་ལས་སད་ཅིང་། རྣམ་རིག་ཤིན་ཏུ་གསལ། གློག་བརྙན་ལ་བལྟ་མི་འདོད་ཅིང་། དྲ་ཐོག་གི་གསར་འགྱུར་དང་རྩོམ་ཡིག་ཀྱང་ཀློག་འདོད་བྲལ། ད་ནི་བཤད་ན་འདོད་པའི་སྐད་ཆ་རེ་ཟུང་ཡི་གེར་བསྟར་བར་བྱ། 
ཐོག་མར་རང་དང་བཅས་ལྟ་ཚུལ་འདྲ་མིན་ཅི་རིགས་འདུས་པའི་ཕ་ཡིག་མ་སྐད་ཀྱི་ལམ་ནས་རྩོམ་ཡིག་འབྲི་བའི་ཡི་གེ་བ་རྣམས་ལ་སྙིང་ནས་བཀའ་དྲིན་ཅིག་ཞུ་འདོད་བྱུང་། རྒྱུ་མཚན་ག་རེ་ཟེར་ན།
 ཡི་གེ་བ་འུ་ཅག་ཡོད་པས་བོད་ཀྱི་རིག་གནས་ལ་མཇལ་བྱེད་ཀྱི་ཟམ་ཆེན་ཡོད་པ་རེད་ལ། ཡི་གེ་བ་འུ་ཅག་ཡོད་པས་བོད་དང་བོད་ཀྱི་རིག་གནས་ཀྱི་ངོ་གདོང་ལ་ཡང་ནེམ་འཁྱིལ་ལེར་ཡོད་པ་རེད། 
 དེ་ནི་སྤྱིའི་ཆ་ནས་ཡི་གེ་བའི་ངོམ་དུ་རུང་བའི་གཟི་བརྗིད་རེད་ལ། ཡི་གེ་བའི་ང་རྒྱལ་གྱི་དབུགས་ལྒང་རྒྱས་ས་ཡང་རེད། སུ་ཞིག་གིས་ང་ལ་ལས་རིགས་གང་ཞིག་ལ་མཚོན་ན་སོ་སོའི་དགེ་མཚན་དང་ཐུན་མོང་གི་ཁྱད་ཆོས་ཡོད་པ་མ་རེད་དམ་ཟེར་ན་ཐང་མོད། བདེན་ཏེ། ཤིན་ཏུ་བདེན་མོད། ང་ལ་མཚོན་ན་ཡི་གེའི་ལས་ཀ་གཉེར་ནས་ལོ་བཅུ་ཕྲག་ཅིག་འགོར་པའི་ཁར། བོད་ཀྱི་ཡི་གེ་བ་དག་གི་ཕྱི་ནང་དང་སྲབ་མཐུག ལྕི་ཡང་། ཡག་བཙོག་སོགས་ལ་རྒྱུས་ལོན་ཅུང་ཙམ་ཡོད་པས། བོད་ཀྱི་ཡི་གེ་བ་དག་ལ་བཀའ་དྲིན་ཞུ་བ་དང་དུས་མཚུངས་སུ་དེར་འབྲེལ་གྱི་ལྟ་ཚུལ་རེ་ཟུང་བྲིས་ན་ཤིན་ཏུ་མི་འོས་ཤིང་མི་འཚམ་པ་ཞིག་ག་ལ་ཡིན་ཨང་།
མཁས་པ་རྒན་པ་ཚོས་བཤད་ན། བོད་ཀྱི་རིག་གནས་ནི་འཛམ་གླིང་ཞི་བདེ་མཚོན་པའི་རིག་གནས་ཤིག་ཏེ་འཛམ་གླིང་གི་གཞི་ཁྱོན་གང་དུ་ཡང་བཙལ་ན་རྙེད་དཀའ་བའི་རིག་གནས་ཤིག་ཡིན་ཟེར། མཁས་པ་རྒན་པ་ཚོས་བཤད་ན། བོད་ཀྱི་རིག་གནས་ནི་སྲིད་པའི་མཁའ་དབྱིངས་ན་མངོན་པར་འཕགས་པའི་གསེར་གྱི་ཉི་མ་དེ་ཡིན་ཟེར།མཁས་པ་རྒན་པ་ཚོས་བཤད་ན། བོད་ཀྱི་རིག་གནས་ནི་སྐར་ཚོགས་ཁྲོད་ན་དཀར་གྱིལ་ལེར་ཡོད་པའི་དུང་གི་ཟླ་བ་དེ་ཡིན་ཟེར། མཁས་པ་རྒན་པ་ཚོས་བོད་ཀྱི་རིག་གནས་ལ་དེ་ལྟར་བསྟོད་བསྔགས་ཀྱི་རྒྱན་ཆ་རབ་དང་རིམ་པ་ཕུལ་ཡོད། 

བོད་ཀྱི་རིག་གནས་དངོས་གནས་དེ་འདྲ་ཞིག་ཡིན་ནམ། བརྒྱ་ཚོགས་སྟོང་འདུས་དང་། ཁྲི་འདུས་འབུམ་འཁྱིལ་ལེར་ཡོད་པའི་ས་སྒང་རིལ་བོ་འདིའི་སྟེང་ཁོ་ཚོ་ཁོ་ནས་དེ་ལྟར་བཤད་ན་དེ་ལྟར་ཡིན་དགོས་པའི་ངེས་པ་ཡོད་དམ།
 ཡང་སྐོར་ཞིག་གིས། བོད་ཀྱི་རིག་གནས་ཡ་མཚན་ཡིན་པའི་སྒྲུབ་བྱེད་དུ། འཛམ་གླིང་སྟེང་གི་བོད་ཀྱི་གཞས་པ་གྲགས་ཅན་ག་གེ་གོ་མོས་བོད་ཀྱི་རིག་གནས་ལ་དགའ་པོ་བྱེད་ཀྱི་འདུག ཕྱི་གླིང་གི་རྩོམ་པ་པོ་གྲགས་ཅན་ཅིག་ཅིག་ཉིག་ཉིག་གིས་བོད་ཀྱི་རིག་གནས་ལ་བསྟོད་ར་འཐེན་སོང་། རྒྱལ་ནང་གི་ཚོགས་པ་གན་གྱིས་བོད་ཀྱི་རིག་གནས་འདི་ལ་གདེངས་འཇོག་བྱས་ཏེ་གཟེངས་སྐྱེས་གན་གནང་སོང་སོགས་ཀྱིས་མཚོན་པའི་ཐ་ནེ་ཐུན་ནེ་ཡི་གྲངས་ཀ་མང་པོ་འདྲེན་རྒྱུ་ཡོད་མོད། 
 ཁོ་བོས་བལྟས་ན། སྒྲུབ་བྱེད་དེའི་རིགས་འཆལ་གཏམ་ཁོ་ནར་ཟད་དེ། འུ་ཚོས་རྒྱུན་དུ་རི་བོ་དངོས་སུ་བརྒལ་རྗེས། རི་བོ་བརྒལ་དུས་ཀྱི་དགའ་སྐྱོ་འདྲེས་མའི་ཚོར་བ་དང་དཀའ་ཁག་སོགས་མྱོང་ཐུབ་པ་ལས། རི་བོ་བརྒལ་བའི་མི་ལ་པར་ཆས་བལྟ་མཁན་དང་བརྙན་གཟུགས་ལས་མྱོང་མཁན། ཡང་ན་རྒྱང་བལྟ་བྱེད་མཁན་སོགས་ཀྱིས་ཕྱིའི་རྣམ་པ་ཙམ་ལས་ནང་གི་དེ་ཉིད་རྟོགས་མི་ཐུབ་ཟེར་བ་མིན་ནམ། ཡང་གཅིག་བྱས་ན་ཅི་ལྟར་རྟོགས་ཐུབ་ཨང་། དེས་ན་ལྷག་ཏུ་བོད་ཀྱི་རིག་གནས་རང་ལྡོག་གི་བཟང་ངན་གྱི་ལེགས་ཉེས་ཅི་ལྟར་འབྱེད། 
 འདི་ནས་གཏམ་རྒྱུད་གཞན་ཞིག་བཤད་ན། སྤྱིར་ང་རང་ཕ་ཡུལ་ལ་འགྲོ་བའི་ཁ་གྲངས་ཤིན་ཏུ་ཉུང་། ཕལ་ཆེར་ལོ་གཉིས་རེའི་ནང་དུ་གཅིག་རེ་མ་གཏོགས་འགྲོ་བཞིན་མེད། འོན་ཏེ་རྗེས་ཕྱོགས་ཅི་ཐུབ་ཀྱིས་ཕ་ཡུལ་ལ་ལན་མང་འགྲོ་ཨེ་ཐུབ་བལྟ་རྒྱུ་ཡིན། 
 དེ་གཙོ་བོ་མ་རེད། གཙོ་བོ་ནི་ང་རང་ཐེངས་སྔོན་མར་ཕ་ཡུལ་ལ་ལོག་དུས། གཉེན་འབྲེལ་དག་གི་བྱིས་པ་ཚང་མ་ང་ཡོད་སར་ཡོང་ཞིང་། ཕ་ཡུལ་ནས་བསྡད་པའི་ཉིན་དེ་དག་གི་རིང་ལ། ངས་ཀྱང་ཁོ་ཚོའི་སློབ་སྦྱོང་གི་རྒྱུགས་འབྲས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཡིན། སྐར་གྲངས་མཐོ་དམའ་ཅི་རིགས་ཡོད་ཅིང་། སྐར་གྲངས་དམའ་མོ་ལོན་ཡོད་པའི་ཚ་བོ་དེ་དག་ལ་བལྟས་ཏེ་ངས་ཀློའུ་ཁ་ནག་དང་ཟོག་འདྲ་མོ་ཞེས་སྡིགས་ག་ལ་ཕོད་དེ། ཡང་གཅིག་བཤད་ན་གཏན་ནས་མི་སྲིད་དེ། རྒྱུ་མཚན་ནི་ང་ཁོ་ཅག་ལས་སྣ་མང་གི་རིག་གནས་ལ་འབྲེལ་འདྲིས་བྱས་མྱོང་བ་དང་། སློབ་གསོ་གཏོང་སྟངས་འདྲ་མིན་ལ་རྒྱུས་ལོན་བྱུང་མྱོང་བས། རང་ཉིད་གནའ་དེང་མ་སློབ་ཆུང་འགྲིམ་དུས་དགེ་རྒན་ཚོས་ཀློའུ་ཁ་ནག་དང་ཟོག་འདྲ་མོ་ཞེས་པའི་སློབ་གསོ་གཏོང་སྟངས་ལས་བརྒལ་ཡོད།
སྐབས་དེར་རང་ཉིད་ཅུང་མཐོ་ས་ནས་འགྲེང་ནས་ན་རེ། ཐེངས་འདིའི་སྐར་གྲངས་དམའ་མོར་བླངས་པར་སྐྱོན་ཆ་མི་འདུག ད་དུང་ཧུར་བརྩོན་བྱས་ན་སྐར་མ་མཐོན་པོ་ལེན་རྒྱུའི་གོ་སྐབས་ཡོད་པ་རེད། 
 སྤྱིར་ན་སྐར་མ་ཞེས་པ་ནི་མི་ཞིག་གི་ཆུ་ཚད་འབྱེད་བྱེད་ཀྱི་ཚད་ཐིག་ཅིག་གཏན་ནས་མིན་ནའང་། རྗེས་སོར་ཁྱེད་ཅག་གིས་ཚད་ཐིག་འཛིན་བྱེད་མིན་ཅེས་དཔང་ཡིག་དང་སྐར་གྲངས་ཤར་ལ་གཡུག་མི་རུང་། རྒྱུ་མཚན་ནི་སྤྱི་ཚོགས་འདི་དང་ལམ་ལུགས་འདིའི་ནང་དུ་དཔང་ཡིག་གི་གསེར་གྱི་རྣ་ལུང་དང་སྐར་གྲངས་སོགས་ཀྱི་དངུལ་དཀར་མཛུབ་དཀྲིས་མེད་ན་མྱི་གྲལ་ལ་འགྲོ་སྲོལ་མེད། ལས་ཀ་ཞིག་སྒྲུབ་ཐབས་དཀའ། དེ་བས་ཁྱེད་ཅག་གིས་ཧུར་བརྩོན་བྱོས་དང་། མ་འོངས་པའི་བདག་པོ་ནི་ཁྱེད་ཅག་ཡིན་ཞེས་ཉན་ཚོད་ལ་ཤིན་ཏུ་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྐད་ཆ་འགའ་ཚམ་ཚོམ་མེད་པར་ཁོ་ཚོ་བཤད་ཡོད་པ་དང་འདྲ་ཡང་། དོན་དམ་དུ། ངས་ཁོ་ཚོའི་སློབ་གསོའི་གནས་སྟངས་དང་། བྱིས་པ་རེ་རེའི་སློབ་སྦྱོང་གི་གནས་ཚད། དགའ་ཕྱོགས། གོམས་སྲོལ། ཆུ་ཚད་སོགས་ལ་རྒྱུས་ལོན་ཞིབ་ཕྲ་ཞིག་གཏན་ནས་མེད། 
 གཅིག་བྱས་ན་ཁོ་ཚོས་ངའི་སྐད་ཆ་དེ་དག་གི་ཁྲོད་ནས་ཆ་ཤས་ཤིག་སློབ་ཆུང་ནས་སློབ་འབྲིང་། མཐོ་འབྲིང་ནས་སློབ་ཆེན་བར་དུ་ཡིད་ལ་བཟུང་ནས་ཡོང་སྲིད། ཁྲིགས་ཁྲིགས་མེད་ན་སྐད་ཆ་ཧྲིལ་བོ་ཕལ་ཆེར་རྣ་ལམ་ནས་གཏན་དུ་འཇགས་མི་སྲིད་ན་ཡང་ཐང་། ཡང་བྱས་ན་ཁོ་ཚོས་ངའི་སྐད་ཆ་དེ་དག་ཉིན་མ་ཕྱི་ཉིན་ནས་ཡིད་འཛིན་གྱི་ཁང་མིག་ལས་ཕྱི་རུ་དོར་ཀྱང་ངེས། གང་ལྟར་ངས་དབང་བོ་རྣོན་པོ་དང་ལང་ཚོ་གསར་བ་ཡོད་པའི་ཁོ་ཚོ་ལ་རེ་བ་དང་ཡིད་ཆེས། སྤོབས་པ་སྟེར་འོས།
 སྤྱིར་ན་ཁུ་བོ་ཁྱེད་ཅག་ལ་རབ་ཏུ་དགའ་ ཤིང་། ཁུ་བོས་ཁྱེད་ཅག་ལ་ཤིན་ཏུ་གཅེས། རྗེས་སོར་ཀྱང་ཁྱེད་ཅག་ནར་སོན་པའི་གོ་རིམ་ཁྲོད་ནས་ཕྱོགས་སྣ་སྒོ་མོ་ནས་རོགས་རམ་དང་ཕན་པ་ཆ་ཤས་ཡང་ཤས་ཙམ་བྱེད་ཐུབ་ཀྱང་སྲིད་མོད། མི་ཚེའི་བགྲོད་ལམ་དཀར་ནག་གང་ཞིག་ལ་ཞུགས་མིན་དང། རང་ཉིད་ཀྱི་ལང་ཚོ་དང་། རང་ཉིད་ཀྱི་ཡིད་ཆེས། རང་ཉིད་ཀྱི་རིན་ཐང་སོགས་བདེན་པ་ར་སྤྲོད་བྱེད་མཁན་སྔར་བཞིན་རང་རང་ཁོ་ན་ལས་གཞན་སུ་ཡང་ཡོད་པ་མ་རེད།
གཏམ་རྒྱུད་བཤད་ནས་མཚམས་འདིར་སླེབས་དུས། ངས་བཤད་འདོད་པ་ནི་བོད་ཀྱི་རིག་གནས་ནི་གསེར་གྱི་རིལ་བུ་ཞིག་ཡིན་ཁད་འདྲ་འདྲའི་བསྟོད་བསྔགས་ཕུལ་མཁན་གྱི་ཕྱི་ནང་གི་ཚན་རིག་པ་དང་དཔྱད་བརྗོད་པ། ཆོས་ལུགས་པ། གཞས་པ། ཁེ་ལས་པ་སོགས་ཀྱིས་བོད་ཀྱི་རིག་གནས་ལ་མོས་མདོག་སྙིང་ལ་རྗེ་བོ་སྟོན་ན་ཡང་། བྱས་ན་དངོས་ནས་དུངས་པ་ཟབ་མོ་ཡོད་ཀྱང་ངེས་མོད། སྔར་བཞིན་བོད་ཀྱི་རིག་གནས་ལ་རིན་ཐང་དང་ཁྱད་ཆོས་ཡོད་མེད་བོད་མི་ཡན་གར་བ་རེ་རེར་རག་ལས་ཡོད་པ་ལས། གཞན་གྱིས་རོགས་དང་སྐྱོར་ལ་རེ་བ་བཅའ་ས་དང་སྐྱབས་བཅོལ་བྱེད་ས་ཁྱོན་ནས་ཡོད་པ་མ་རེད་ཞེས་པ་དེ་ཡིན།
ཤུ། དོན་དམ་དུ་བོད་ཀྱི་རིག་གནས་ནི་མཁས་པ་རྒན་པ་ཚོས་བསྟན་ཡོད་པའི་གསེར་གྱི་ཉི་མ་དེ་ཡིན་ནམ། དུང་གི་ཟླ་བ་དེ་ཡིན། ངས་བསམ་ན་བོད་ཀྱི་རིག་གནས་གསེར་གྱི་ཉི་མ་མ་རེད་ལ་དུང་གི་ཟླ་བ་ཡང་མ་རེད། ཏག་ཏག་བདེན་ངོ་མ་ནི། འཛམ་གླིང་ཧྲིལ་བོའི་སྒང་གི་བོད་མིའི་འཚོ་བ་དང་གོམས་སྲོལ། རིག་གནས། ཀུན་སྤྱོད་སོགས་ཚུགས་ཐུབ་ཅན་དང་སྒེར་ཚུགས་ཅན་ཞིག་ཡིན་པ་མངོན་གསལ་དོད་པོ་རེད་ལ། མཐོང་ཆོས་མྱོང་གྲུབ་རེད་མོད། ཚུགས་ཐུབ་ཅན་གྱི་བོད་མིའི་རིག་གནས་སྲོལ་རྒྱུན་ཅན་ལས་འགོངས་མི་ཐུབ་པའི་བོད་མིའི་སྤྱི་ཚོགས་སུ་གནས་པས། རིགས་མཐུན་སྤུན་ཟླ་ཚོས་ཟླ་མེད་ཉི་ཟླ་ཞིག་ཡིན་ཚུལ་ལབ་ཀྱིན་པ་མ་གཏོགས། རྒྱལ་སྤྱིའི་སྒང་ནས་ཡོངས་ཁྱབ་ཀྱིས་གསལ་ལྷང་ལྷང་གིས་བསྒྲགས་མྱོང་ངམ། ཁྱེད་ཀྱིས་ཐོས་ཨེ་བྱུང་། 

ད་ལྟའི་དུས་རབས་ནི་བཤད་པ་ལས་སྒྲུབ་པ་གཙོ་བའི་དུས་རབས་ཤིག་ཡིན་པ་དང་། ཆེ་བ་རྒྱལ་སྤྱིའི་ལས་དོན་དང་ཆུང་བ་ཁྱིམ་ཚང་གི་བཟའ་དོན་བར་དུ། སྒྲུབ་པ་ཡིས་ཡོད་ཚད་ལ་བདེན་ཁ་སྟེར་བའི་སྐབས་འདིར། བོད་མིའི་སྤྱི་ཚོགས་སུ་ད་དུང་འཛམ་གླིང་ཞི་བདེ་བཤད། སེམས་ཅན་ཐམས་ཅད་བཤད། མདོར་ན་ངག་ནས་བསྐལ་བ་སྟོང་གི་དོན་དག་རྐྱང་རྐྱང་བཤད་ནས་ཡོད་པ་མ་གཏོགས། སྒྲུབ་ཐུབ་པའི་ལས་དོན་ཆུང་ཆུང་མང་པོ་ཞིག་མྱིག་ནང་ལ་མི་འཇོག ཚོད་ལྟ་བྱས་ན་རེ་བ་ཡོད་པའི་ལས་དོན་མང་པོ་ཞིག་ལ་དོ་སྣང་མི་བྱེད། མདོར་ན་རང་རང་གིས་ཅི་ཞིག་སྒྲུབ་ཐུབ་མིན་ལ་འདང་ཡེ་ནས་མི་རྒྱག་པར། ངས་འདི་སྒྲུབ་འདོད། གན་ལས་འདོད། ང་གན་ལ་དུངས། དེ་ལ་མོས་སོགས་ཀྱི་གཏམ་ཉི་ཚེ་བ། དགོད་གཏམ་ཤོར་བ། སློབ་ཆེན་སློབ་མའི་ཕུགས་བསམ་གླེང་བ་ལྟ་བུ་ཏག་ཏག་ལ་མགོ་འཐོམ་ནས་ཉིན་མ་སུམ་བརྒྱ་དྲུག་ཅུ་དང་། ལོ་འཁོར་ཟླ་བ་བཅུ་གཉིས་ཅི་འདྲའི་མང་པོ་ཞིག་བཤད་དེ་ཚར་གྱིན་ཡོད། གླེང་ནས་རྫོགས་ཀྱིན་ཡོད། དེ་ནི་བཤད་ལ་དགའ་ཞིང་སྒྲུབ་ལ་མི་དགའ་བའི་བོད་མི་མང་པོ་ཞིག་གི་ངོ་གདོང་ཡིན་ལ། དེ་ནི་ལག་ལེན་མེད་ཅིང་ཁ་བཤད་མོད་པའི་རིགས་མཐུན་སྐོར་ཞིག་ཁ་སྣ་ཡིན།
མཁས་པ་ཚོས་གསེར་གྱི་ཉི་མ་རུ་འབོད་པའི་བོད་ཀྱི་རིག་གནས་སྲོལ་རྒྱུན་ཅན་གྱི་ངོས་ནས་བལྟས་ན་གསེར་གྱི་ཉི་མ་ཡིན་ལ། སྲོལ་རྒྱུན་ཅན་གྱི་ངོས་ནས་དེ་ལྟར་སོང་ཚེ་བོད་མིའི་རིག་གནས་ལ་མཛད་མཐའ་མེད་ཅིང་། དཔག་མཐའ་དཀོན་པས། ད་དུང་ཡང་སྲོལ་རྒྱུན་ཅན་གྱི་ངོས་ནས་བོད་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུ་ཟེར་ན། རང་མགོ་རང་གིས་གཡོག རང་སྐད་རང་གིས་འུར་བ་མ་གཏོགས། མཐར་ཐུག་ན་ཅང་མེད།
འུ་ཚོས་སྔོན་གྱི་ལམ་ཁ་དེད་དེ་བོད་ཀྱི་རིག་གནས་སྲོལ་རྒྱུན་ཅན་གྱི་ངོས་ནས་རྒྱུན་སྐྱོང་བྱེད་རྒྱུ་ཟེར་ན་དགོད་གཏམ་དུ་འགྱུར་ངེས་རེད་ལ། འུ་ཚོས་སྲོལ་རྒྱུན་ཅན་གྱི་ངོས་ནས་རང་གི་རིག་གནས་ལ་སྡོམ་ཚིག་བཀོད་དེ་ཁྱབ་བསྒྲགས་གནང་ན། དེ་གཞན་གྱིས་མཐོང་ཆུང་བྱེད་ཡུལ་དུ་མི་འགྱུར་བའི་ངེས་པ་ཡང་མེད། འུ་ཚོ་ནི་འུ་ཚོ་ཡིན་པས། གཞན་མ་ཡིན་མོད། རང་གཞན་སུ་ཡིན་རུང་གནས་ལུགས་དང་དངོས་ཡོད། བདེན་པ་ལ་བརྩི་བཀུར་བྱ་སྲིད་པས། འུ་ཚང་གི་ཤ་ཉེ་ཚོ་ལ། མི་མ་ཡིན་པའི་སྐད་སྒྲ་སྟེ། འགྲེལ་ས་མི་འགྲོ་བ་ཞིག་དང་། བདེན་དཔང་བྲལ་བ་ཞིག གང་ཟག་ཁྱད་པར་ཅན་ལས་སྤྱིར་བཏང་གི་མིས་མི་གོ་བ་ཞིག ངེས་པར་དུ་ཡིད་ཆེས་བྱ་བ་ཞིག་བཤད་ཚེ། རྣ་ལམ་ལ་འགྲོ་བའི་དབང་དུ་བཏང་རུང་། མི་གོ་ནི་ཞིག་གོ་ཁུལ་གྱིས་ཉན་ཁུལ་བྱེད་ཀྱང་། གཞན་ནི་དེ་ལྟ་བུ་ཡིན་པའི་ངེས་པ་མེད་དོ། །
དེ་བས། འཛམ་གླིང་ཧྲིལ་བོའི་སྒང་ན་སྒེར་ཚུགས་ཀྱིས་འགྱིང་བའི་བོད་ཀྱི་རིག་གནས། ས་སྒང་རིལ་བོའི་ཟུར་ན་ཐུན་མིན་གྱིས་རོལ་བའི་བོད་མིའི་འཚོ་བ། རྒྱུན་སྐྱོང་དང་དར་སྤེལ། འཐུས་ཚང་དུ་གཏོང་དགོས་ན། ངེས་པར་དུ་དེང་རབས་ཅན་དང་རྒྱལ་སྤྱི་ཅན་ཏུ་འགྱུར་ཨེ་ཐུབ་ལ་འབད་དགོས་སྙམ། དེ་ནི་ཐུན་མིན་གྱི་མི་རིགས་ཤིག་དང་རྒྱུན་རིང་བའི་ལོ་རྒྱུས་ཤིག ཚུགས་ཐུབ་ཀྱིས་གནས་ཐུབ་མིན་དང་། ང་རྒྱལ་གྱི་གོམ་པ་སྔུན་ལ་སྤོ་ཐུབ་མིན་གྱི་འགག་རྩ་རུ་གྱུར་འདུག་པས། ཁོ་བོའི་བསམ་ཚོད་ལ། འུ་ཚོས་དེང་རབས་ཅན་དང་རྒྱལ་སྤྱི་ཅན་གྱི་ངོས་ནས་བོད་མིའི་རིག་གནས་རྒྱུད་འཛིན་དང་དར་སྤེལ། འཐུས་ཚང་དུ་གཏོང་རྒྱུ་གལ་ཆེ་སྙམ།
འུ་ཚོས་དེ་ལྟར་བོད་ཀྱི་རིག་གནས་དེང་རབས་ཅན་དང་རྒྱལ་སྤྱི་ཅན་དུ་འགྱུར་བར་འབད་འབུངས་བྱས་ཏེ། རྒྱུན་སྐྱོང་དང་དར་སྤེལ་གྱི་ལམ་བུར་འདེད་དགོས་ན། ལས་རིགས་རིས་མེད་ན་ཡོད་པའི་རྒན་དར་གཞོན་གསུམ་གྱིས་བཤད་པ་ཉུང་དུ་གཏོང་དགོས་ཤིང་། སྒྲུབ་པ་མང་དུ་གཏོང་དགོས་ཏེ། རྒྱང་རིང་བཤད་པ་ལས་ཐག་ཉེ་ཡི་ཆུང་ཆུང་ནས་ཧུར་གྱིས་མགོ་རྩོམ། རྒྱུན་སྐྱོང་། དེ་ནི་གོམ་པ་སྤོ་སྟངས་དང་པོ་ཡིན་ལ། རེ་བ་འབུས་ས་ཐོག་མ་ཡང་ཡིན། དེའི་ཕྱིར། མཁས་རྒན་ཚོས་བཤད་པའི་བོད་ཀྱི་རིག་གནས་དེ་དོན་དམ་དུ་གསེར་གྱི་ཉི་མ་དང་དུང་གི་ཟླ་བ་ཡིན་མིན། དེང་རབས་ཅན་དང་རྒྱལ་སྤྱི་ཅན་གྱི་ངོས་ནས་ཀུན་ལ་བདེན་པ་ངོ་སྤྲོད་བྱས་ན་དང་ལེན་བྱེད་ཐུབ་པ་ལས། སྲོལ་རྒྱུན་ཅན་གྱི་ངོས་ནས་མི་མ་ཡིན་པའི་སྐད་ཆ་ཏེ། མངོན་རྗེས་ཀྱི་བློ་གང་གི་ཡུལ་ཡང་མིན་པ་རྐྱང་རྐྱང་བཤད་པ་ལ་མགོ་རུབ་རྒྱབ་ན་གཞན་ལྟ་ཞོག་རང་རེའི་གཞོན་རབས་པ་དག་གིས་ཀྱང་དང་དོད་བྱ་མི་སྲིད་དོ།།
·རྩོམ་ཡིག་གོང་མ:དབྱངས་ཅན་མའི་གཟིགས་སྣང་བསྟོད་པ་ཞེས་བྱ་བ།
·རྩོམ་ཡིག་འོག་མ:ཐང་ག་བྱ་བའི་མིང་བོད་སྐད་རྣལ་མ་ཡིན་པའི་སྐོར།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:uxceejyq
kqd0nq  <a href="http://ldwgprrwjyat.com/">ldwgprrwjyat</a>, [url=http://wmhlkggskxeo.com/]wmhlkggskxeo[/url], [link=http://wtufasdcykhg.com/]wtufasdcykhg[/link], http://olqcpmuqufhj.com/
发表时间:2016/7/24 19:56:15 [来自: 46.161.9.32]

འབྲེལ་ཡོད་དཔྱད་བརྗོད 1 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།27.34MS