བཙག་དང་བསེར་བུ་རྒྱུན་པར་འཐབ་ཅིང་།
གྲང་ངར་དང་ཆར་ཆུ་བར་མེད་ལྡང་བའི་ཉིན་སྲིབ་ན།
རྨི་ལམ་ལྟར་རབ་རིབ་ནས་རབ་རིབ་ཏུ་འཕོ་བཞིན་པའི་བང་སོའི་ཕག་ནས།
བརླན་ཤིག་ཤིག་ཏུ་བཞུར་བའི་བཙན་པོའི་སྤྱན་ཆབ་གྱི་ཐིགས་པ་རེ་རེ།
གཙང་བོ་ལྟར་ངའི་བྱང་ཁོག་ན་ཤུགས་ཀྱིས་རྡེག་ཀྱིན་འདུག
བཤད་སྲོལ་ལ། <<དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་>>སྒྲོག་པའི་ཡ་ཐོག་གི་དུས་སུ།
༧ལྔ་བ་ཆེན་མོས་གངས་རིའི་མུ་ཁྱུད་ལ་སྲ་མཁྲེགས་ཀྱི་ལྕགས་རི་བསྐོར་མྱོང་ལ།
ཧོར་དཔལ་གྱིས་ཕག་གྲུའི་མངའ་ཐང་གཏོད་པའི་སྔ་གཞུག་གང་སར།
ཉི་ཟླའི་བགྲོད་ཤུལ་ལའང་ས་དཔྱད་ཀྱི་ཐིག་རིས་འཐེན་མྱོང་བ་ཐོག་ལྟར་གྲགས།
ད་དུང་། ཁ་བ་བབས་པའི་མཚན་མོའི་བསླུ་བྲིད་ཀྱི་བྲང་གཞུང་དུ།
ཚངས་དབྱངས་རྒྱ་མཚོས་ལྐོག་འགྱུར་དང་གསང་བ་མོད་པའི་རྐང་རྗེས་བཞག་ཉིན་ནས་བཟུང་།
སྐྱེས་ཆེན་ཞིག་གི་གཏམ་རྒྱུད་ལ་ཐོལ་བརྒལ་གྱི་དྲི་རྟགས་བཀོད་ཟིན་པར་བརྟེན།
ཁོང་གི་སྙན་ཚིག་དང་མཁའ་འགྲོའི་བརྡ་ཡིག་བསྲེས་མའི་མགུར་གླུ་རེ་རེ།
ཟླ་བ་སྒྲོལ་མའི་འཇོ་སྒེག་དང་ལྷན་དུ་ཁ་བ་རི་པའི་སྐྱ་སེར་ཡོད་ཚད་ཀྱི་ངག་སྒོར་འཁྱིལ།
ཨེ་རེད། བྱང་གྲོང་གི་རྭ་རྩེ་ལྟར་བརྐྱངས་པའི་ལུང་གཞུང་ཆ་དེར།
སྲིད་པ་རྒན་པོའི་ངག་གྲོས་ལས་་ཆུ་མགོ་དང་རྒྱལ་སྨན་གྱི་ཐ་སྙད་དུ་འབོད།
ཤར་ལྷོ་ནུབ་བྱང་གི་མཐའ་བཞིར་མུ་ཏིག་ལྟར་འོད་དུ་འཚེར་ཀྱིན་པ་ནི།
དཔལ་རི་ཐེག་མཆོག་གླིང་།
ཚེ་རིང་ལྗོངས།
སྤྱན་གཡས་དགོན།
རི་བོ་བདེ་ཆེན།
གང་ལྟར། དུས་ཚིགས་ཀྱི་ཁུ་ཁྲག་མ་ལྷུང་པའི་སྔོན་རོལ་ན།
སྟོང་ཉིད་དང་མེ་ཏོག་གིས་བཟི་བའི་རབ་བྱུང་ཟུང་ཞིག་ཐག་རིང་དུ་ཆས་སྐད།
ཕྱི་རབས་པ་ཚོའི་ངག་ལས་བརྡོལ་བའི་རྟོག་བཏགས་ཀྱི་གླེགས་བམ་དེ་ཚོར།
ཀུན་མཁྱེན<<འཇིགས་མེད་གླིང་བའི་གཏམ་ཚོགས>>དང་།
འགོས་ལོ་གཞོན་ནུ་དཔལ་གྱི་<<དེབ་སྔོན་>>དུ་གྲགས།