ཆབ་མདོ་ནས་ཉི་མ་ལྷ་ས་དྲན་ཚུལ།
གསེར་ཁབ།
༼ ཞར་བཀོད་གཅིག ༽
ནམ་མཁའ་སྔོ་ཡུག་ཡུག་བྱེད་པའི་དེ་རིང་།
ང་ཆབ་མདོ་རྡོ་བའི་གྲོང་ན་ཡོད།
ངས་མི་ལོ་ཉེར་ལྔའི་རྡོག་ཕྲེས་འཁུར་ནས།
རྡོ་བའི་གྲོང་གི་ཕ་ས་མྱུལ་བཞིན་ཡོད།
བྱ་རྒོད་ཀྱིས་ལྡིང་བསྐོར་མ་རྒྱབ་པའི་སྔ་རོལ་ནས།
སེམས་སུ་རྒྱང་རིང་སྒོམ་ཏེ།
རྣམ་ཤེས་ཁྲག་ཁྲིག་གི་སླད་དུ།
ཕ་རོལ་ནས་ཚུར་རོལ་ལ་བཅོལ་བའི་རེ་བ་རྟ་རྔ་ཙམ་དེ་འགྲེལ་ཕྱིར།
རྒྱང་བསྐྱོད་བྱེད་ཀྱིན་མིག་འབྲས་མཁའ་ལ་སྡིགས་ཀྱིན།
འཁོར་བའི་ལམ་སྣེར་མཆོངས་ཡོད།
ས་ཆབ་མདོ་མིག་ལ་འཇོག་གིན་འཇོག་གིན།
ཡུལ་ཅན་ནང་གི་རྒྱབ་རི་སྨུག་པོ་འཚོལ་དུས།
རྐང་འགོར་ཁོན་པ་གསེར་དངུལ་ཟངས་ལྕགས་ཁོ་ན་རེད།
ངའི་མཐོང་ལམ་ནང་གི་ཆབ་མདོ།
ནས་མགོ་བཟས་ནས་ཚར་གྱིན་པའི་ཁམས་པའི་མི་བུ་དག་རེད་མི་འདུག
མུན་ཁོག་གིས་བསྐྱངས་པའི་ཆབ་མདོ།
ནམ་དུས་སྔོན་ཀར་ཐོགས་ཡོང་བའི་གཟུགས་ཀྱི་ཁ་དོག
བག་ཡངས་ལྷོད་ལ་ཉལ་བའི་གསེར་ཆུ་བཞིན།
ལམ་སྣེ་འཚོལ་དགོས་དོན་མི་འདུག
གཡས་རི་ནགས་ཀྱིས་ཟིན་ཡང་གཡོན་རི་ཕོངས་ལ་འཐིམས་ཟིན།
དེ་ལྟར་ན། ངས་ཕ་ཡུལ་གྱི་མ་རྒན་མོར་འགྲེལ་བཤད་གང་འདྲ་བྱེད་དགོས་མི་ཤེས།
སེམས་པ་རྡོ་བའི་ཡུལ་ཅེར་ཡང་།
རྣམ་ཤེས་ལོ་ཟླའི་སྲུབ་ན་རུལ་འགྲོ
དབུགས་རིང་ཞིག་འཕེན་ནས་རང་ཁྱིམ་དུ་ལོག་འདོད་ཀྱང་།
དུས་ཚིགས་ཀྱི་སྒོ་དང་སྒེའུ་ཁུང་ནས།
དོན་དམ་པར། ང་ད་དུང་ཡང་ཐར་ཐུབ་མེད།
འདི་ལྟར། ཐོ་རངས་ཀྱི་དྲན་པས་ཕྱི་བསྐོར་ནང་བསྐོར་རྒྱབ་ཀྱང་།
ཟུར་དུ་དྲན་འོང་བ་ནི་ཉི་མ་ལྷ་སའི་རྡོ་སྐས་སྐྱ་སྐྱ་དག་རེད།
2015.2.10
ཆབ་མདོ་མ་གཞི་ནས་སྙན་ངག་ཅིག་རེད།
རྡོ་བཅལ་སྐྱ་སྐྱའི་བར་གསེབ་ནས་བྱམས་གླིང་དགོན་མཇལ་བྱུང་།
གནས་རྙིང་རྒྱང་མཇལ་ལྟ་བུའི་གདན་ས་འདི།
ལོ་རྒྱུས་གང་ཞིག་གིས་སྒལ་གཞུང་ན་ཐིམས་པའི་ཤུལ་བཞག་རེད་དམ།
རྡོ་དང་ས་ཡིས་བརྩིགས་པའི་གདན་ས་འདི།
རི་སྤྱང་སྔོན་མའི་གཏམ་རྒྱུད་དང་འདྲ་བར།
གཡོ་མེད་སྒུལ་མེད་ཀྱི་ནམ་མཁའི་ལོགས་སུ།
སྨྱུག་མས་བསླེས་པའི་གཟེབ་དྲ་བཞིན་ཁ་རོག་གེར་འགྲེང་དུས།
བྱ་ཚིག་དང་ཐ་སྙད་མང་པོས་སྐད་ཅོར་རྒྱག་བཞིན།
རླུང་ལས་བསྐྱེད་པའི་ལག་ཚིགས་གཉིས་པོ།
དུས་རབས་འདིའི་བྱམས་སེམས་རློན་པའི་སྟེང་དུ།
བླ་མེད་ཀྱི་ཐར་ལམ་དུ་དྲངས་རྗེས།
མཐའ་མཇུག་གི་འབོད་པ་ཡོད་ཚད།
སྙན་ངག་དེའི་ཐ་སྙད་ལ་སྦྱོར་དགོས་ཨང་།
2015.4.12