ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> རིག་དཔྱད།
 རྩོམ་ཡིག་ཀློག་པ།

གླུ་ཐལ་སྦྱར་མ་ལ་དཔྱད་པ།

  རྩོམ་པ་པོ:ཟམ་གདོང་།ཡོང་ཁུངས:དྲ་ཐོགགཟིགས་གྲངས:6612ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/9/11 22:12:58ཚོགས་ཡར་སྤྲོད:admin

གླུ་ཐལ་སྦྱར་མ་ལ་དཔྱད་པ།

༄༅། །བངྒཱལའི་ཡུལ་དུ་བྲམ་ཟེ་ཤིང་སཱལ་ཆེན་པོ་ལྟ་བུའི་རྒྱུད་དུ་བྱུང་བའི་འཕགས་ཡུལ་གྱི་སྙན་ངག་མཁན་ཆེན་པོ་ཉི་དབང་མགོན་པོ་ཞེས་མཚན་སྙན་གྱི་གྲགས་པའི་སྨུག་རྩིས་ནོར་འཛིན་སྒེག་མོའི་འགྲམ་པ་སྨུག་པོར་བྱས་པའི་སྐྱེས་མཆོག་དེ་ནི། དུས་རབས་ཉི་ཤུ་པ་འདིའི་ངག་རིག་སྨྲ་བ་ཀུན་གྱི་སྙེམས་པའི་གཙུག་གཏོར་གྱི་རྩེ་མོར་འགྲན་པར་མི་བཟོད་པའི་ཚིག་འཕྲེང་གི་གོམ་པ་འཇིགས་པ་མེད་པའི་སྟངས་སྟབས་ཀྱིས་འགོད་པ་ལ་ཁྱུ་མཆོག་རླབས་པོ་ཆེའི་གནས་ཐོབ་པ་ཞིག་ཡིན་པར་མ་ཟད། བྲམ་ཟེའི་རིགས་ལས་བྱུང་ཞིང༌། རིག་བྱེད་ཀྱི་གནས་ཀུན་ལ་བྱང་བའི་སྐྱེས་བུ། བདེ་བར་གཤེགས་པའི་བསྟན་པའི་ཕྱི་རོལ་གྱི་མུ་ལ་སྟེགས་སུ་བྱས་པའི་ལྟ་གྲུབ་ཨ་འཐས་སུ་བཟུང་བ་ཞིག་ཡིན་པར་སྤྱིའི་སྣང་ཚུལ་དུ་མངོན་ནའང༌། ངེས་པ་ཉིད་དུ་ཚུལ་དང་ཚུལ་མ་ཡིན་པའི་གནས་ལ་ལྷག་པར་དཔྱོད་པའི་རྣམ་དཔྱོད་ཀྱི་རོལ་པ་ཀུ་ཤའི་རྩེ་ལྟར་ཕྲ་ཞིང་མཛངས་ལ། ཕྱོགས་སུ་མ་ལྷུང་བའི་བློ་ཡི་འཇུག་པ་ཚངས་པའི་ཐིག་ལས་མི་འགོལ་བར་གནས་པའི་དབང་གིས་ཇི་སྐད་དུ།
བདག་ནི་སངས་རྒྱས་ཕྱོགས་མི་འཛིན།།
སེར་སྐྱ་སོགས་ལ་མི་སྡང་ཡང༌།།
གང་ཞིག་རིགས་པར་ལྡན་པའི་ཚིག།
དེ་ཉིད་སྟོན་པར་ཡོངས་སུ་འཛིན།།
ཅེས་གསུངས་པའི་ངང་ཚུལ་དང་རྗེས་སུ་མཐུན་པར་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་འདྲེན་མཆོག་ཤཱཀྱའི་རྒྱལ་པོ་དེའི་གསང་གསུམ་གྱི་ཡོན་ཏན་གྱི་ཕུང་པོ་སྤྱི་དང༌། ཁྱད་པར་དུ་འགྲོ་བ་ཀུན་ལ་བུ་གཅིག་པ་ལྟར་རྗེས་སུ་གཅེས་པའི་བརྩེ་བ་ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་ཀུན་ལ་ཁྱབ་མཉམ་དུ་འཇུག་ཅིང་ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་དོན་བདག་གིར་མཛད་པའི་ངང་ཚུལ་འདིས་ཐུགས་ཡིད་ལྷག་པར་འཕྲོག་སྟེ། བཅོས་མ་མ་ཡིན་པའི་དང་བའི་ཆུ་གཏེར་སྙིང་ནས་རྡོལ་བའི་ངང་ཚུལ་རང་གི་ཚིག་འཕྲེང་གི་རྦ་རླབས། སྣ་ཚོགས་རྒྱན་གྱི་དབུ་བའི་འཛུམ་དཀར་དང་ཆབས་གཅིག་འགོག་མེད་དུ་འཕྱུར་བའི་བུདྡྷདེཝ་དང༌། ཀྱེ་མ་རབ་ཞི་དང༌། སངས་རྒྱས་འཁྲུངས་པའི་དུས་སྟོན་ཞེས་བྱ་བ་ལ་སོགས་པའི་དུམ་བུའི་སྙན་ངག་དག་ལས་ཆེར་གསལ་བར་མཚོན་ནུས་པ་དང༌། ཕྱོགས་མཚུངས་དེ་བཞིན་གཤེགས་པའི་གསུང་གསང་རྒྱ་མཚོའི་སྙིང་པོ་ཆོས་ཀྱི་སྡོམ་ཆེན་བཞིའི་གནས་ལུགས་ལ་ཡིད་ཀྱི་ཀློང་ནས་ངེས་པ་ཡང་དག་པ་རྙེད་པའི་ཚུལ་ཡང་དམ་པ་དེའི་གྲགས་ཅན་གྱི་སྙན་ངག་ཕལ་ཆེ་བའི་ནང་གཟུ་བོར་གནས་པའི་བློས་ལེགས་པར་བརྟགས་ན་ལན་གཅིག་མ་ཡིན་པར་མངོན་ཐུབ་པ་དེ་ནི་བདག་ཉིད་ཆེན་པོ་འདིའི་ཆེ་གསལ་མྱུར་ཟབ་ཀྱི་ཤེས་རབ་ཀྱི་རང་མདངས་གསལ་བར་མཚོན་པའི་བདེན་རྟགས་ཚད་མ་ཞིག་ཡིན་པར་གོར་མ་ཆག
སྐྱེས་མཆོག་འདིའི་མཛད་བཟང་གི་ཕྱག་རྗེས་བགྲང་བར་མི་བཏུབ་པ་ཞིག་ཡོད་པ་ལས། མཛད་པ་ཀུན་ལས་གསུང་གི་ནི།། མཛད་པ་མཆོག་ཡིན་་་་་་་༌།། ཞེས་ཇི་སྐད་གསུང་བའི་དགོངས་དོན་དང་རྗེས་སུ་མཐུན་པར་ངག་གི་རང་བཞིན་གྱི་མེ་ལོང་གསལ་བར་རྣམ་པ་འཕོས་པའི་ཚིག་རྒྱན་བཀོད་པ་དབང་པོའི་བཟོ་བོའི་འདུ་བྱེད་ལ་སྐྱེངས་པ་སྟེར་བའི་ངང་ཚུལ་སྲིད་པའི་མཐར་ཡང་ཉམས་པར་མི་འགྱུར་བའི་གནས་འདི་དག་ཡིན་ཏེ།
སྔོན་གྱི་རྒྱལ་པོ་གྲགས་པའི་གཟུགས།།
ངག་གི་རང་བཞིན་མེ་ལོང་ཐོབ།།
དེ་དག་ཉེ་བར་མི་གནས་ཀྱང༌།།
རང་ཉིད་ཉམས་པ་མེད་ལ་ལྟོས།། ཞེས་ཇི་སྐད་འབྱུང་བའང་དོན་ལ་གནས་པར་འཁུམས་སོ།། དེ་ལྟར་སྨྲ་བའི་ཁྱུ་མཆོག་དེའི་གསུང་གསང་དྲི་ཟའི་གླུ་དབྱངས་སྐྱེ་རྒུའི་ཡིད་དང་རྣ་བ་འཕྲོག་པའི་བདག་ཉིད་ཅན་དུ་མ་ཞིག་ཡོད་པའི་ནང་གསེས་སུའང༌། གླུ་ཐལ་སྦྱར་མའམ་གླུ་ཡི་སྙིམ་པར་གྲགས་པའི་སྙན་ཚིག་གི་དུམ་བུ་འདི་ཆེས་བླ་ན་མེད་པ་ཞིག་ཡིན་པར་མངོན་ཏེ། ཤར་ནུབ་ཀྱི་རྒྱལ་ཁབ་མང་པོའི་སྐད་དུ་དུས་ཡུན་ཐུང་ངུའི་ནང་འགྱུར་བ་དང༌། བློ་ཡི་ནུས་པ་མཆོག་དམན་བར་གསུམ་གྱི་དབང་དུ་བྱས་པའི་ཀློག་མཁན་ཧ་ཅང་མང་པོས་དགའ་སྣང་གིས་གཙིགས་སུ་བྱས་པར་བརྟེན་ཕྱི་ལོ་ ༡༩༡༣ ལོར་ནོ་བེལ་བྱ་དགའ་(Nobel Prize)ཞེས་གྲགས་པ་དེ་ཡང་སྙན་ངག་གི་དུམ་བུ་འདིར་ཐོབ་པར་གྲགས།
མཁས་མཆོག་དཔའ་བོས་སྐྱེས་པའི་རབས་ཀྱི་རྒྱུད་ཀྱི་གླེང་བསླང་བ་ན།
ཐུབ་པའི་སྐུ་ཚེ་སྔ་མའི་སྤྱོད་པ་རྨད་བྱུང་རྣམས།།
བདག་གི་སྙན་ངག་མེ་ཏོག་སྙིམ་པས་གུས་པར་མཆོད།། ཅེས་གསུངས་པའི་ངང་ཚུལ་དང་རྗེས་སུ་མཐུན་པར་གླུ་ཡི་སྙིམ་པའམ་གླུ་ཐལ་སྦྱར་མ་ཞེས་མཚན་གྱི་འདོགས་ཚུལ་ཙམ་གྱིས་ཀྱང་ལྡོག་ཏུ་མེད་པའི་དད་པ་དང༌། ཡིད་ཆེས་ཀྱི་རང་མདངས་གཏིང་ཟབ་མཚོན་ནུས་པ་ཞིག་སྣང༌། སྙན་ངག་འདིའི་ནང་ཕལ་ཆེར་རང་གི་རིགས་དང་ཆོས་དང་རྗེས་སུ་མཐུན་པར་འཇིག་རྟེན་གྱི་བྱེད་པོར་བསྟོད་བསྔགས་དང༌། གསོལ་འདེབས་ཀྱི་གདངས་སུ་མངོན་ཆེ་བར་སྣང་མོད། ཞིབ་མོར་བརྟགས་ན་གོང་སྨོས་ལྟར། མི་རྟག་པ་དང༌། འཁོར་བའི་སྡུག་བསྔལ་དང༌། ཞི་བའི་དབྱིངས་ཀྱི་ངང་ཚུལ་ཅི་རིགས་པ་ལ་སྙིང་པོར་བཟུང་བའི་ལྡེམས་པོའི་ཚིག་དགོངས་པ་ཅན་ཇིསྙེད་ཅིག་འདུག་པ།
དེ་ཡི་ཡིག་གཟུགས་ལེགས་པས་མི་དབང་དང༌།།
རྗོད་བྱེད་ཚིག་སྒྲ་སྙན་པས་ཐོས་འཛིན་ཏེ།།
བརྗོད་དོན་ཟབ་པས་སྟོང་གཟུགས་ཅི་ཏྲ་ཀ།
སྔོན་མེད་བསམ་གཏན་དགའ་བདེའི་དཔལ་ལ་སྦྱོར།། ཅེས་པའི་ངང་ཚུལ་དང་ཡོངས་སུ་མཐུན་པར་ཚིག་འཕྲེང་རྣ་བའི་འདོད་འཇོ་སྙན་འགྱུར་ཉམས་ཀྱི་ནོར་ཕྲེང་རིན་ཐང་བྲལ་བའི་རྒྱན་བཟང་གིས་རྣམ་པར་སྤུད་ཅིང༌། བརྗོད་བྱ་ཟབ་རྒྱས་ཀྱི་ལང་ཚོ་ཆེས་དར་ལ་བབ་པའི་སྟག་ཤར་དར་མའི་གཟུགས་ཅན་འདི་ནི་ཇི་སྐད་དུ། མཁས་མཆོག་དཔའ་བོས།
ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག།
ཚོགས་ཀྱི་ནང་ན་མཁས་པ་དགའ་བར་བྱེད།། ཅེས་གསུངས་པའི་དགོངས་དོན་གཟུགས་ཅན་དུ་གྲུབ་པར་སྣང་ལ། ངག་རིག་ཕུན་སུམ་ཚོགས་པ་འདི་ཉིད་སྨྲ་བརྗོད་སྐད་ཀྱི་རང་བཞིན་ཐ་དད་དུ་གནས་པའི་ཡུལ་གྲུ་གཞན་དང༌། གཞན་གྱི་སྐྱེ་རྒུའི་ཐོས་འཛིན་དོན་ཡོད་པར་བྱ་བའི་སླད་དུ་གླུ་ཐལ་སྦྱར་མ་འདི་བངྒཱལཱིའི་སྐད་དུ་གླུ་ ༡༥༧ ༤
ཡོད་པ་ནས་ ༡༠༣ དབྱིན་སྐད་དུ་སྙན་ངག་མཁན་ཉི་དབང་མགོན་པོ་རང་ཉིད་ཀྱིས་བསྒྱུར་འདུག་ཅིང༌། དེ་མཚུངས་སྐད་རིགས་དུ་མའི་ནང་སྔ་མོ་ཞིག་ནས་ཕབ་བསྒྱུར་ཟིན་འདུག་ནའང་འུ་ཅག་བོད་ཀྱི་སྐད་དུ་ད་བར་ཕབ་བསྒྱུར་བྱ་རྒྱུའི་འབད་བརྩོན་ལ་མཁས་བླུན་ཕལ་ཆེར་གྱིས་བཏང་སྙོམས་སུ་མཛད་འདུག་པ། ཕྱི་ལོ་ ༡༩༦༠ ནས་ཕྱི་ལོ་ ༡༩༦༩ དབར་རྒྱ་གར་གཞུང་གི་གསར་སྤེལ་ལས་ཁུངས་སྒང་ཏོག་ནས་འགྲེམས་སྤེལ་བྱས་པའི་འདོན་ཐེངས་འགའ་ཤས་ཀྱི་ནང་སྐྱེས་མཆོག་དེའི་གསུང་རྩོམ་ཐོར་བུ་ཁ་ཡར་བོད་སྐད་དུ་བསྒྱུར་འདུག་པ་དང༌། དེ་མཚུངས་མཁས་དབང་སུནཱིཏི་ཀུམཱར་པཱཋཀ་མཆོག་གིས་བསྒྱུར་བའི་སྙན་ངག་བསྡུས་པ་ཞེས་པའི་ནང༌། ལྷ་སངས་རྒྱས་དང༌། སངས་རྒྱས་འཁྲུངས་པའི་དུས་སྟོན་དང༌། མཆོད་པའི་དང་པོ་ཞེས་པ་ལ་སོགས་པའི་གསུང་ཐོར་བུ་མང་དག་ཅིག་བསྒྱུར་བ་དིལླཱི་སཱཧིཏ྄ཡ་ཨཀཱདམི་ཞེས་པ་ནས་ཕྱི་ལོ་ ༡༩༦༤ ལོར་དཔར་སྐྲུན་བྱས་འདུག་པ་བཅས། སྙན་ངག་མཁན་ཆེན་པོ་འདིའི་གསུང་རྩོམ་ཁག་ནས། བྷོཊའི་ལྗོངས་ཀྱི་ངག་རིག་གི་སྐལ་བར་ད་བར་འདི་ཙམ་ཁོ་ནར་བས་པར་སྣང་མོད། ད་ལམ་ཤེས་བརྩོན་གྱི་སྦྱོར་བ་མངོན་པར་མཐོ་བ་མཁས་མཆོག་ག་ཤ་བ་དངོས་གྲུབ་པས་གླུ་ཡི་སྙིམ་པའམ་གླུ་ཐལ་སྦྱར་མ་ཆ་ཚང་བོད་སྐད་དུ་བསྒྱུར་གནང་མཛད་འདུག་པ་འདི་ནི་ཡོངས་སུ་བསྔགས་པར་འོས་པའི་བྱ་བ་བཟང་པོ་ཞིག་ཏུ་གྲུབ་འདུག་ཅིང༌། ལར་ནས་རྒྱ་གར་ཁ་སྤུ་ཅན་གྱི་རིགས་འགྲོས་སྲིད་སྒྲུབ་ཉག་ཕྲན་འཕེན་པའི་སྟངས་སྟབས་དཔག་དཀའ་བ་དང༌། ཟབ་དགོངས་སྙིང་པོ་ཅན་གྱི་ངག་རིག་ལ་འགྲེལ་ཚུལ་མི་འདྲ་བ་ལུགས་བརྒྱ་ལྡན་གྱི་ཚུལ་དུ་ཡོང་བ་ནི་སྤྱི་སྲོལ་ལྟ་བུར་སྣང་བས། ད་ལམ་གྱི་འགྱུར་འདིའི་ནང་དུའང་ཁོ་བོ་ཅག་གི་བློ་གྲོས་ཀྱི་ཡོལ་གོར་ཆུད་པ་དང༌། མི་ཆུད་པ་ཅི་རིགས་ཤིག་འདུག་ནའང༌། བདག་བློ་བྱང་བསྟན་གྱི་ཕུག་པར་མ་སོང་བ་རྟ་བདུན་འོད་ཟེར་དམན་པའི་གཏན་ཚིགས་སུ་ཅི་ལ་རུང་སྙམ་པས་སྨྲ་བ་བསྐྱུངས། བསིལ་ལྗོངས་ཆོས་ཀྱི་ཞིང་སར་གནའ་བོའི་ལོ་པཎ་གྱི་དོན་མཐུན་བགྲང་བར་དཀའ་བས་འཕགས་ཡུལ་རྒྱ་མཚོའི་འཇིང་ནས་རིག་གཞུང་ནོར་བུའི་བང་མཛོད་འཛད་མེད་ཅི་དགར་འགྲེམས་པའི་སྲོལ་བཟང་ཆོས་དབྱིངས་སུ་ཐིམས་ནས་མི་ལོ་བརྒྱ་ཕྲག་མང་ཙམ་ཞིག་འདས་པའི་དུས་འདིར་སླར་ཡང་དམ་པའི་སྤྱོད་པ་དང་མཐུན་པའི་བགྱི་བ་བཟང་པོ་སོར་ཆུད་པ་ལ་གཞོལ་བ་འདི་ནི་བསྟོད་བསྔགས་གསེར་གྱི་རྣ་ལོང་རང་བཞིན་གྱི་རྒྱན་དུ་མངོན་པར་སྤ་བའི་འོས་སུ་གྱུར་པ་གདོན་མ་འཚལ་ཞིང༌། ད་དུང་མཁས་པའི་བྱ་བ་རྣམ་གསུམ་གྱིས་སྐྱེས་བཟང་རྒྱུན་མི་ཆད་པར་ཕྱི་རབས་བློ་གསལ་གཞོན་ནུའི་གསོས་སྨན་དུ་ལྷུག་པོར་འབབ་པའི་རེ་འདུན་སྙིང་གི་གའུར་ཡོངས་སུ་སྐྱོང་བཞིན་པ་ལགས། སྔོན་རབས་སུའང་ནག་མོ་ཁོལ་གྱི་སྤྲིན་གྱི་ཕོ་ཉ་ལྟ་བུ་ཐུན་མོང་བའི་ངག་རིག་རེ་ཟུང་པུར་རྒྱལ་གྱི་སྐད་དུ་བསྒྱུར་སྣང་མོད། ལོ་པཎ་བདག་ཉིད་ཆེན་པོ་ཕལ་ཆེར་གྱིས་སྒྲ་ཚད་བཟོ་གསོ་དང༌། ལྷག་པར་ནང་དོན་རིག་པ་ཉིད་གཙོར་བཟུང་གིས་རྩོམ་རིག་གི་ངག་གི་རང་བཞིན་ལ་ཤས་ཆེར་ཇི་མི་སྙམ་དུ་འཇོག་པར་མཛད་འདུག་པའི་དབང་ལས་ཚིག་རྒྱན་གྱི་བསྟན་བཅོས་ཀྱང༌། དཎྜཱིའི་མེ་ལོང་མ་འབའ་ཞིག་ལས་གཞན་མ་བསྒྱུར་བར་མ་ཟད། ཟློས་གར་གྱི་བསྟན་བཅོས་གཅིག་ཀྱང་མ་བསྒྱུར་བར་བརྟེན་ཐུན་མོང་རྩོམ་རིག་གི་རིག་གཞུང་ཡན་ལག་མ་ཚང་བ་ལྟ་བུར་འདུག་ཁར། ཁྱད་པར་འདས་ལོ་བརྒྱ་ཕྲག་བཅུ་པའི་རྗེས་སུ་རིམ་པར་དར་རྒྱས་སུ་སོང་བའི་ཚིག་རྒྱན་གྱི་རྣམ་གཞག་དང་རྩོམ་འགྲོས་གསར་པ་ཇི་སྙེད་ཅིག་བྱུང་བ་ཐམས་ཅད་བོད་སྐད་ཀྱི་བགོ་སྐལ་དུ་མ་ཐོབ་པས། འུ་ཅག་ད་དུང་ཡང་དཎྜཱིའི་བཞེད་དགོངས་འབའ་ཞིག་ཨ་འཐས་སུ་བཟུང་སྟེ་ཚིག་དོན་རྒྱན་གྱི་གོམ་སྟབས་ལོ་ངོ་སྟོང་ཕྲག་འདས་པའི་དུས་ཀྱི་ཡོལ་བའི་ཕག་ནས་བསྒྱུར་ཀྱིན་བསྡད་པའི་གནས་སྐབས་འདིར། གསར་དུས་ཀྱི་རྩོམ་འགྲོས་ཅན་གྱི་སྙན་ངག་ལ་ཉམས་སྣང་བྱེད་དགོས་པ་ཧ་ཅང་དོ་གལ་དུ་མངོན་པ་དང༌། ལྷག་པར་མཁས་དབང་ཉི་མགོན་གྱི་གསུང་རྩོམ་ལྟ་བུ། འཕགས་ཡུལ་ཚིག་རྒྱན་གྱི་ལམ་སྲོལ་ཀུན་གྱི་ཆ་ཤས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་བཟང་པོར་ཕྱི་རབས་ནུབ་ཕྱོགས་པའི་ངག་སྲོལ་རི་བོང་གི་གཟུགས་བརྙན་མངོན་པར་བཀྲ་ཡང༌། འདོད་འདུན་སྙིང་པོར་བཟུང་བའི་བསྟིང་ཚིག་ཆུ་འཛིན་གྱིས་མ་བསྒྲིབས་ཤིང༌། འུ་ཅག་གངས་རིའི་ཁྲོད་པར་ད་བར་མ་གྲགས་པའི་དད་དང་གུས་པའི་ཉམས་འགྱུར་བསིལ་ཟེར་སྟོང་གིས་ཡོངས་སུ་ཕྱུག་པའི་སྙན་ཚིག་མཚན་མོའི་མགོན་པོ་འདི་གངས་ལྗོངས་བློ་གསལ་ཀུན་དའི་གཉེན་དུ་འབོད་པ་ནི་ངག་རིག་ལ་སྲེད་པ་ཐམས་ཅད་ཀྱི་སྙིང་ག་བསིལ་བའི་ཆོ་གར་མངོན་པར་རྫོགས།
དེ་ལྟའི་ཆེ་བའི་ཡོན་ཏན་དུ་མས་བརྒྱན་པའི་སྙན་ངག་བོད་སྐད་དུ་བསྒྱུར་བ་འདི་བཞིན་དིལླཱི་བོད་ཀྱི་ཁང་པ་ནས་དཔར་སྐྲུན་བྱས་པ་རིག་གཞུང་ལོ་ཏོག་བསྐྱེད་པའི་དུས་ཀྱི་སྦྲང་ཆར་ཉིད་དུ་འགྱུར་འདུག་པ་ལེགས་གསོལ་མན་དཱ་ར་བའི་འཕྲེང་བ་སྤེལ་བ་ལ་བདག་ནི་ཡོངས་སུ་མི་ངལ་བར་གནས་ཤིང་འདིས་ཀྱང་བློ་གསལ་ཡོངས་ལ་གཅིག་ཏུ་སྨན་པར་སྨོན།།
གླུ་ཐལ་སྦྱར་མ་ལ་དཔྱད་པ་འདི་ནི་དིལླིའ་བོད་ཁང་ནས་དཔར་བསྐྲུན་བྱས་པའི་གླུ་ཐལ་སྦྱར་མའི་གླེང་བསླང་དུ་ ༡༩༨༣ ཕྱི་ཟླ་ ༦ ཚེས་ ༡༨ ཉིན་ཟམ་གདོང་པས་བྲིས།
·རྩོམ་ཡིག་གོང་མ:གཞས་ཚིག མཚོ་བྱང་བུ་མོ།
·རྩོམ་ཡིག་འོག་མ:གཏམ་རྒྱུད་གསེར་གྱི་ཐང་མའི་གླེང་བསླང་བའི་ཚུལ་ཅུང་ཟད་བརྗོད་པ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·བོད་ཀྱི་ཚད་མ་རིག་པའི་སྐོར་ཐོག་མར་གླེང་བ། 2011/10/18 22:37:26
·ཧྥུ་ལུའོ་དབྱི་ཏེའི་སྒྱུ་རྩལ་གྱི་ལྟ་བ་རགས་བརྗོད། 2011/10/13 9:41:48
·སྐད་ཡིག་དང་རིག་གནས་ཀྱི་འབྲེལ་བ། 2011/10/5 20:19:34
·བོད་ཀྱི་གླུ་གཞས་སྒྲ་སྦྱོང་སྐོར་གྱི་དབྱངས་ཀྱི་རྣམ་གཞག 2011/2/13 23:21:34
·བོད་ཀྱི་སྒྱུ་རྩལ་ཁྲོད་ཀྱི་ཉམས་ལ་དཔྱད་པ། 2011/1/23 14:08:33
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:hxmmqlaqdvo
bWSmz8  <a href="http://jwxxaockopqd.com/">jwxxaockopqd</a>, [url=http://qyxyzuajzpck.com/]qyxyzuajzpck[/url], [link=http://zqsewjcwhfek.com/]zqsewjcwhfek[/link], http://kditeirnfmhb.com/
发表时间:2015/12/6 4:17:25 [来自: 146.185.234.48]

འབྲེལ་ཡོད་དཔྱད་བརྗོད 1 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS