ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དཔྱད་འགྲེལ།
 རྩོམ་ཡིག་ཀློག་པ།

ཡིན་པས་དང་འདུག་གས་ཞེས་པའི་ཡིག་ཐོབ་གང་ཡིན་ལ་རགས་ཙམ་དཔྱད་པ།

  རྩོམ་པ་པོ:ཤིས་ཚང་ལྗང་མྱུགཡོང་ཁུངས:འབར་ཞུན་འཕྲིན་སྟེགས་གཟིགས་གྲངས:2646ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/9/3 20:39:30ཚོགས་ཡར་སྤྲོད:admin
ཡིན་པས་དང་འདུག་གས་ཞེས་པའི་ཡིག་ཐོབ་གང་ཡིན་ལ་རགས་ཙམ་དཔྱད་པ།  
 
ཤིས་ཚང་ལྗང་མྱུག
 
བསམ་ཚུལ་ཞིག་དང་འབྲེལ་ཏེ་གླེང་སློང་བ།
 
  ཉེ་བའི་ལོ་འདི་དག་གི་རིང་བོད་མདོ་དབུས་ཁམས་གསུམ་དུ་དབྱངས་གསལ་གྱི་སྦྱོར་བར་བརྟེན་ནས་ན་གཞོན་རྩོམ་ལ་འཇུག་མཁན་ལོ་རེ་ནས་ལོ་རེར་ཇེ་མང་ཇེ་མང་དུ་འགྲོ་བཞིན་ཡོད་པ་ནི། འདས་པའི་ལོ་ཟླའི་ཁྲོད་བོད་ཡིག་ལ་སྔ་ཕྱིར་འཕྲད་མྱོང་བའི་སྐྱ་ཟད་སྔོ་རྡུགས་ཀྱི་རྣམ་པ་དེའི་ངོས་ནས་བལྟས་ན། ཅི་འདྲའི་བློ་བག་བྲོད་པོ་ཞིག་རེད་ཨང་། འོན་ཀྱང་། ཁོ་བོར་མཚོན་ན། ཞོར་དུ་རི་བོང་གནམ་རྡིབ་ལྟ་བུའི་སེམས་ཁྲལ་ཐོལ་བ་ཞིག་ཀྱང་ངང་གིས་འབྱུང་གིན་འདུག་སྟེ། འུ་ཅག་གི་སྔོན་བྱོན་དྲན་དབང་གསེར་གྱི་རི་བོ་ལྟ་བུ་དག་གིས་གནའ་ནས་ད་བར་བརྗོད་བྱ་ཅི་རིགས་ཀྱི་བསྟན་བཅོས་རི་བོའི་གཏོས་དང་མཉམ་པ་ཞིག་བརྩམས་་ཤིང་། དེ་དག་ཐམས་ཅད་ཡིག་འགྲོས་གཅིག་གི་ལམ་ནས་རྗོད་བྱེད་ཚིག་གི་ཕྲེང་བར་བསྡེབས་པའི་དགེ་མཚན་གྱིས་ད་ལྟ་ད་དུང་ཡང་ང་ཚོ་ཐུན་མོང་གིས་གོ་ཐུབ་པ་དེ་ལྟར་ཡང་། ད་སྐབས་ཀྱི་རྩོམ་འབྲི་བ་ཚོས་རང་རང་གི་ཡུལ་སྐད་བྱེ་བྲག་པ་རེ་ཡིག་ཐོབ་ལའང་མ་བལྟས་པར་གར་ཐོད་ཐོད་དུ་འབྲི་སྤྱོད་སྤེལ་གསུམ་གྱི་ལས་སུ་འཇུག་པ་འདི་ཀོ་བརྒྱ་ལ་འདི་ལྟར་དར་སོ་ཆེ་རུ་ཕྱིན་ན། སྐབས་ཤིག་རིང་མཁས་དབང་དགེ་ཆོས་ཀྱིས་གསུངས་པ་ལྟར། "དིང་སང་མཐའ་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། བླ་དྭགས་ཀྱི་ཕལ་སྐད་སོགས་སྣང་བར་གང་དྲན་གྱིས་སྐད་མཛོད་དང་གླེགས་བམ་སྡེབ་པ་འདི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྐད་སྤྱི་ཡང་དུམ་བུར་ཆད་དེ། ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་འོང་ངེས་"[1]པའི་ཐུགས་ཁྲལ་མཛད་པའང་དོན་དུ་སོང་བར་འདུག་པས། དུས་དེར་ང་ཚོ་ཐུན་མོང་ལ་ཇི་འདྲའི་གྱོང་མི་ཆེའམ།
ཁོ་བོའི་སེམས་ཁྲལ་དང་འབྲེལ་བའི་སྐད་ཆ་འདི་ནི་ད་སྐབས་ཀྱི་བོད་སྐད་ཡིག་གི་གླེང་གཞིའི་ངོས་ཀྱི་བསམ་ཚུལ་ཕྱོགས་གཅིག་ཡིན་ལ། འདི་ལ་ཤེད་དང་ཤུགས་ཀྱིས་མི་འདོད་པའི་དགག་གཞག་བྱེད་མཁན་ཡང་མང་དུ་མཆིས་ཀྱང་། ཁོ་བོས་ནི་མུ་མཐུད་དུ་འདི་ཁོ་ན་ཨ་འཐས་སུ་འཛིན་གྱིན་ཡོད། གལ་ཏེ་སྔར་ཡིག་སྲོལ་དུ་ཡོད་མེད་ལ་མ་བལྟས་པར་བོད་ཀྱི་ཡུལ་སྐད་དག་ཡིག་ཐོག་ཏུ་བྲི་དགོས་པའི་དབང་དུ་བྱས་ནའང་། ཐོག་མར་ཡུལ་སྐད་གང་ཞིག་ཏུ་འབྱམས་ཆེ་བའི་བརྡ་དེའི་འགྱུར་རིམ་ལ་གཞིགས་པའི་ཡིག་ཐོབ་གང་ཡིན་འཚོལ་རྒྱུ་དེའང་སྐད་ཡིག་ལ་ཤ་ཚ་བའི་ལས་སུ་ཆེ་ཞིང་། ཡུལ་སྐད་ཡིན་ཡང་ཁྱོད་ཀྱི་ངག་ནས་ཐོན་པའི་སྒྲ་ཇི་བཞིན་བབ་ཅོལ་དུ་འབྲི་ག་ལ་རུང་ཨང་སྙམ།
བསམ་ཚུལ་འདིས་སྣེ་དྲངས་ཏེ་ཞོལ་ནས་དབུས་པའི་ཡུལ་སྐད་དུ་རྒྱུགས་ཆེ་ཞིང་། གཞན་གྱིས་ཡིག་ཐོག་ཏུ་ཡིན་པས་དང་’འདུག་གས་ཞེས་འབྲི་བཞིན་པའི་དོན་དངོས་ཀྱི་ཡིག་ཐོབ་གང་ཡིན་ལ་རགས་ཙམ་དཔྱད་པར་བྱ།
 
དང་བོ། ཨེ་ཡིག་དྲི་ཚིག་ལ་འཇུག་པ་དེའི་སྒྲུབ་བྱེད་དུ་བསྟན་པ།
 
བོད་སྐད་ལ་རྒྱུས་ཡོད་པའི་བོད་མི་ཞིག་ཡིན་ཕྱིན་ཨེ་ཡིག་མིང་ཚིག་གང་ཞིག་གི་སྔ་ཕྱི་གང་རུང་དུ་སྦྱར་ཚེ་དྲི་བ་སྟོན་པའི་བརྡ་ལ་འཇུག་པ་ནི་སུ་ལའང་མྱོང་བས་གྲུབ་ལ། ད་དུང་རྒྱུན་སྤྱོད་ཀྱི་སྐད་ཆའི་ཁྲོད་དུ་དོ་སྣང་བྱས་ཚེ། ཨེ་ཡིག་ཧ་ལས་པ་དང་ངོ་མཚར་བ་སྟོན་པའི་ཚིག་གྲོགས་སུ་སྦྱར་བའང་ཡོད། དེར་བརྟེན། ཕྱིས་སུ་བསྒྲིགས་པའི་<<བོད་རྒྱ་ཚིག་མཛོད་ཆེན་མོར་>>ཡང་། ཨེ་ནི། བྱ་ཚིག་གི་སྔོན་དུ་སྦྱར་ཞིང་དྲི་བ་སྟོན་པའི་ཚིག་གྲོགས་ཤིག་”ཅེས་བཀྲལ་ཡོད་ལ། དེའི་དཔེ་བརྗོད་དུའང་། “ཨེ་ཚར། ཨེ་དྲན། ཨེ་ཡིན་”[2]སོགས་བཞག་ཡོད། དེ་བཞིན་དུ། <<དག་ཡིག་གསར་བསྒྲིགས་དག་བཅོས་མར་>>ཡང་། ཨེ་ཡིག་ལ་འགྲེལ་བཤད་གསུམ་བཀོད་པ་ལས། གཉིས་པར་”དོགས་པ་ཟ་བའམ་དྲི་བ་བྱེད་པའི་སྒྲ་སྟེ། ཨེ་ཡོད། ཨེ་ཡིན། ཨེ་ཟ། ང་ཚོ་འགྲོ་ཨེ་ལྟ་བུ།”[3]ཞེས་ཨེ་ཡིག་མིང་གི་ཐོག་མཐའ་གཉིས་སུ་སྦྱར་ནས་དྲི་བར་འཇུག་ཚུལ་དཔེ་མཚོན་གྱིས་བསྟན་ཡོད་པ་དེས་འདིར་ཐོག་མའི་རྩོམ་བྱང་དུ་བསྟན་དོན་ཏེ། དབུས་པའི་ཡུལ་སྐད་དུ་”ཡིན་པས་”དང་”འདུག་གས་”ཞེས་པ་དག་གི་ཡིག་ཐོབ་དངོས་ནི་ད་ལྟར་ཀུན་གྱིས་འབྲི་བཞིན་པའི་”པས་”དང་”གས་”ཞེས་པ་མ་ཡིན་པར་མིང་གཞི་པ་ལ་ཨེ་ཡིག་སྦྱར་བའི་”པེ་”དང་། “གེ་”ཞེས་པ་དེ་རེད་ཅེས་གླེང་བསླངས་པ་ཡིན།
འདི་ལྟར་བསྙད་ཚེ་འགའ་རེས་བོད་ལ་དབྱངས་སྲོག་ཞུགས་ཀྱི་ཐ་སྙད་མ་མཛད་པས་ཁྱོད་ཀྱིས་མིང་གཞི་པ་དང་ག་གཉིས་ལ་དབྱངས་ཨེ་ཞུགས་ཏེ་པེ་དང་གེ་ཞེས་སྦྱར་བ་ནི་མི་འཐད་པའི་ཀླན་ཀ་བྱེད་སྲིད་མོད། དེ་ནི་མི་སྐྱོན་ཏེ། མིང་གཞིའི་སྲོག་ཏུ་དབྱངས་ཡིག་ཞུགས་པ་དང་། ལེགས་སྦྱར་ལྟར་དབྱངས་སྲོག་ཞུགས་ཀྱི་ཐ་སྙད་མེད་པ་གཉིས་མཐའ་གཅིག་ཏུ་འགལ་བར་ལྟ་མི་རུང་ཞིང་། དྲན་སོས་པ་ཞིག་ལ་ད་ལྟར་ཞལ་བཞུགས་པའི་མཁས་པའི་དབང་བོ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ་མཆོག་གི་དཔེ་ཁྲིད་སྒྲ་འཇུག་ཅིག་ལས། “ཀ་ཡི་སྲོག་ཏུ་ཨ་ཡོད་ན། དབྱངས་སྲོག་ཞུགས་ཀྱི་ཐ་སྙད་ཡོད་མི་དགོས་ལ། དབྱངས་སྲོག་ཞུགས་ཀྱི་ཐ་སྙད་ཅེས་པ། དེར་ཟེར་བ་མ་ཡིན་པར། ཡིག་གཟུགས་སྟེང་དབྱངས་འདོགས་ལེན་རྒྱ་གར་ལྟར་བྲི་སྒྲུབ་མེད་པ་ལ་བཤད་”[4]ཅེས་གསུངས་པའང་ཐོས་མྱོང་།
གལ་ཏེ་བོད་ལ་དབྱངས་སྲོག་ཏུ་ཞུགས་པ་མེད་ན་དབྱངས་ཡིག་ཅན་གྱི་མིང་གཞི་གང་ཞིག་ཕྱིས་པའམ་ཕྲལ་བའི་ཤུལ་དུ་དབྱངས་ཀྱི་སྒྲ་ཡོད་མི་འོས་མོད། དེ་ཡོད་པ་ནི་དབུས་སྐད་དུ། དེ་ནས་ལ་ཨེ་ནས་དང་། དེ་འདྲ་ལ་ཨེ་འདྲ། ད་ལྟ་ལ་ཨ་ལྟ་ཟེར་བ་སོགས་ཀྱིས་ཀྱང་ངེས་པ་རྙེད་སླ་ལ། ཨ་ལག་ཤ་བསྟན་དར་ལྷ་རམས་པས། ཨ་ཡིག་ཀུན་གྱི་སྲོག་ཏུ་ཞུགས།།[5] ཞེས་གསུངས་པར་ཡང་གོ་བའི་གནད་ཆེའོ་སྙམ།
 
གཉིས་པ།ཡིན་པས་དང་འདུག་གས་ཞེས་བྲིས་པའི་དཔེ་ཁུངས་སུན་འབྱིན་པ།
  འདིར་ཐོག་མར་ཡིན་པས་དང་འདུག་གས་ཞེས་ཡིག་ཐོག་ཏུ་འབྲི་མཁན་སུ་ཡིན་པའི་ཡས་ཀྱི་མཚམས་འཛིན་པ་ནི་ཁག་ཀྱང་། ཕྱི་ལོ་ ༢༠༠༣ ལོར་ཀྲུའུ་ཅི་ཝེན་དང་ཞེ་ཧོང་ཧྥང་ཞེས་པ་གཉིས་ཀྱིས་རྩོམ་སྒྲིག་བྱས་ཤིང་། མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་<<བོད་ཀྱི་ལྷ་སའི་སྐད་ཀྱི་བརྡ་སྤྲོད་>>ཅེས་པའི་དཔེ་དེབ་ཅིག་ཏུ། དྲི་བ་སྟོན་པའི་སྒྲར་སྔ་ཕྱིར་”པས་”དང་”གས་”སྦྱར་བ་མང་དུ་མཆིས་ཏེ། འདིར་དཔེ་མཚོན་འགའ་ཞིག་དྲངས་ན། ཁྱེད་རང་ཁྲོམ་ལ་ཐད་གས༷།? ཁྱེད་རང་ལ་ལྕགས་སྨྱུག་ཡོད་པས༷། ཁྱེད་རང་ཡི་གེ་འབྲི་གི་ཡོད་པས༷། [6] དཔེ་ཆ་འདི་ཡག་པོ་འདུག་གས༷།[7] ཞེས་སོགས་བོད་ཀྱི་བརྡ་སྤྲོད་ལ་ཅོ་འདྲི་བར་བྱེད་པའི་ཡིག་ཚོགས་དེས་ཕྱིས་སུ་གཞན་གྱིས་དེ་ལྟར་ཡིག་ཐོག་ཏུ་འབྲི་བར་ཡང་ཤུགས་རྐྱེན་ཐེབས་མེད་པ་ག་ལ་སྲིད།
སྤྱིར་ང་ཚོས་ངག་ནས་སྒྲ་ཅི་ཞིག་ཐོན་མིན་ལ་མ་ལྟོས་པར་དེ་ཡིག་ཐོག་ཏུ་འབྲི་སྐབས་བོད་མི་བྱིངས་ཀྱིས་གོ་ཐུབ་པའི་བརྡ་སྤྲོད་ཀྱི་འགྲོས་དང་བསྟུན་ཚེ། ཡིན་པས་དང་། འདུག་གས་ཞེས་ཨུ་ཚུགས་བྱེད་མི་དགོས་པར། གམ་ལ་སོགས་པའི་ཕྲད་བཅུ་གཅིག་པོ་དག་མིང་གང་ཞིག་གི་མཐའ་དང་མཐུན་པར་སྦྱར་ན་སྐབས་དོན་དྲི་བའི་དོན་དུ་འཇུག་ཅིང་གཞན་གྱིས་དེ་ལྟར་གོ་བར་ཡང་སོམ་ཉི་བྱེད་མི་དགོས་མོད། འོན་ཀྱང་། ཁྱོད་ཀྱིས་ད་དུང་ཡུལ་སྐད་ཀྱི་སྒྲ་ཇི་བཞིན་ཡིག་ཐོག་ཏུ་འབྲི་བའི་ཨུ་ཚུགས་དེ་ལར་ནས་གཏང་མི་འདོད་ན། དེ་ཡང་ཡིག་ཐོབ་དང་མཐུན་པར་བྲི་རྒྱུ་ནི་ཅིས་ཀྱང་གཡོལ་མི་རུང་བར་འདོད་ལ། གོང་བརྗོད་དཔེ་དེབ་དེའི་རིགས་ལ་ང་ཚོས་ནམ་དང་གཞར་ཡང་དགག་པ་ཚ་ནན་དུ་གཏོང་དགོས་ངེས་སུ་སྙམ་མོ།།
 
གསུམ་པ། མིང་གཞི་ལ་ཨེ་ཡིག་ཞུགས་ཏེ་དྲི་བ་སྟོན་པའི་དཔེ་མཚོན་གཞན་བསྟན་པ།
 
སྤྱིར་བོད་ཀྱི་ཡུལ་སྐད་གཞིར་བཟུང་ན། མིང་གཞིའི་ཡི་གེ་གང་ཞིག་ལ་ཨེ་ཡིག་ཞུགས་ཏེ་དྲི་བར་འཇུག་པའི་སྣང་ཚུལ་འདི་ནི་དབུས་སྐད་ཁོ་ནར་མངའ་བ་ཞིག་ཀྱང་མ་ཡིན་ཏེ། ཨ་མདོའི་ཡུལ་སྐད་དུའང་། གོང་ལྟར་མིང་གཞི་ན་ཡིག་ལ་ཨེ་ཞུགས་ཏེ་དྲི་བ་སྟོན་པར་འཇུག་པ་ཤིན་ཏུ་འབེལ། དཔེར་ན། ཁྱོད་ད་ལྟ་རང་ཡོང་བ་ཡིན་ནམ་ཞེས་པ་ལ། ཁྱོད་ད་སོ་མར་ཡོང་བ་ཡིན་ནེ། ཟེར་བ་དང་། ཁྱོད་གང་ནས་ཡོང་ངམ་ཞེས་པར། ཁྱོད་གང་ནས་ཡོང་ནེ་ཟེར་བ། ཁྱོད་ལ་སྒོར་མོ་ཡོད་དམ་ཞེས་པར། ཁྱོད་ལ་སྒོར་མོ་ཡོད་ནེ་ཟེར་བ་སོགས་ཀྱིས་མཚོན།
ཨ་མདོའི་ཡུལ་སྐད་ཀྱི་བརྡ་འདི་ནི་ད་སྐབས་ཡིག་ཐོག་ཏུ་བྲིས་པ་ཆེར་མི་མཐོང་ཡང་། ཕྱི་ལོ་ ༡༩༩༠ ལོར་མིན་ཧྲིན་ཀྲི་ཞེས་པས་རྩོམ་སྒྲིག་བྱས་ཤིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པའི་<<ཨ་མདོའི་ཁ་སྐད་ཀྱི་རྒྱུན་བཀོལ་ཚིག་ཕྲད་>>ཅེས་པའི་དེབ་དེར། ཁྱོད་གང་ནས་ཡོང་ནིས༷། དང་། ཁྱོད་རྒྱ་སྲང་ང་འགྱོ་དགོ་ནིས༷། ཁྱོས་ཞིང་འདེབས་ཀོ་ནིས༷།[8] སོགས་མིང་མཐར་ནིས་ཞེས་བྲིས་འདུག་པ་ནི་མ་བརྟག་མ་དཔྱད་པར་རང་དགར་བྲིས་པ་ཞིག་ལས། དོན་གྱིས་གོང་དུ་བརྗོད་པའི་དབུས་སྐད་ཀྱི་ཡོད་པེ་དང་། འདུག་གེ་ཞེས་པའི་པེ་དང་གེ་དང་རིགས་འདྲ་བ་ཡིན་པས། གལ་ཏེ་ཕྱིས་སུ་བརྡ་འདི་ཡིག་ཐོག་ཏུ་འབྲི་མཁན་འབྱུང་ཚེ་”ནེ་”ཞེས་བྲི་འོས་པ་ལས་གོང་གི་དེབ་དེའི་རྗེས་སུ་ཕྱོགས་ཏེ་”ནིས་”ཞེས་བྲིས་པ་ལ་རྒྱུ་མཚན་གང་ཡང་མེད་པའང་ཞོར་དུ་ཤེས་ན་ལེགས་སོ།།
བཞི་བ། མཇུག་བསྡུ་བ།
 
  བོད་ཀྱི་ཡུལ་སྐད་ཐམས་ཅད་ལ་གོང་ལྟར་རྒྱུ་མཚན་དང་ལྡན་པའི་ཡིག་ཐོབ་འཚོལ་རྒྱུ་ནི་ཧ་ཅང་དཀའ་མོད། འོན་ཀྱང་། དེ་ལྟར་ཐམས་ཅད་བཏང་སྙོམས་སུ་འཇོག་པ་ནི་གཏན་ནས་་མི་འོས་པས། གོང་དུ་བརྗོད་པའི་རིགས་འདི་དག་ལ་རིགས་འདེད་ཅུང་ཙམ་བྱས་པ་ན་དེ་ཙམ་དཀའ་བའི་ལས་སུའང་མི་ཆེ་བས། བོད་ཡིག་ལ་ཞེ་བསམ་པས་ཤ་ཚ་མཁན་དག་གིས་ནོར་བ་རྒྱུན་འབྱམས་སུ་མི་འགྲོ་བའི་ཕྱིར་དུ་སླད་མར་རང་རང་གི་རྣམ་དཔྱོད་རྩལ་དུ་དཀྲུགས་ཏེ་བོད་སྤྱིའི་སྐད་ཡིག་གི་མདུན་ལམ་ལ་དུས་ནས་དུས་སུ་ལག་ལེན་དང་བསམ་གཞིག་གནད་དུ་བསྣོལ་རྒྱུ་ནི་ང་ཚོས་ངག་ནས་་སྐད་ཡིག་སྲུང་སྐྱོབ་ཅེས་ཁ་གཡང་སྟོང་ཚར་སྒྲོག་པ་ལས་ལྡབ་འགྱུར་གྱིས་ནུས་པ་ཆེ་བར་འདོད་དོ།།
ཕྱི་ལོ་ ༢༠༡༥ ཟླ་ ༠༨ ཚེས་ ༡༨ ཉིན་གྱི་ཕྱེད་ཡོལ་དུ་རྫོགས་པར་བྲིས།
_____________________
རྟེན་ཁུངས།
[1]དགེ་འདུན་ཆོས་འཕེལ་གྱིས་བརྩམས། <<བོད་ཆེན་པོའི་སྲིད་ལུགས་དང་འབྲེལ་བའི་རྒྱལ་རབས་དེབ་ཐེར་དཀར་བོ།>>ཞེས་བྱ་བ། [M]<<དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ།>>དེབ་གསུམ་པ། (ལྷ་ས།) བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༡༩༩༠ ཟླ་ ༤ བ། དཔར་ཐེངས་དང་བོ། ཤོག་ངོས་(P.272)
[2]ཀྲང་དབྱི་སུན་གྱིས་རྩོམ་སྒྲིག་བྱས། [M]<<བོད་རྒྱ་ཚིག་མཛོད་ཆེན་མོ།>>སྨད་ཆ། (པེ་ཅིང་།)མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ ༡༩༨༥ ལོ། དཔར་ཐེངས་དང་བོ། ཤོག་ངོས།(P.3140)
[3]འགྱུར་མེད་ཀྱིས་དག་བཅོས་བྱས། [M]<<དག་ཡིག་གསར་བསྒྲིགས།>>(དག་བཅོས་མ།) (ཟི་ལིང་།)མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༢༠༡༤ ལོའི་ཟླ་ ༡༢ པ། དཔར་ཐེངས་ཉི་ཤུ་བ། ཤོག་ངོས། (P.917)
[4]བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེས་ཁྲིད། [CD]<<སྙན་འགྲེལ་ཚངས་སྲས་བཞད་སྒྲའི་དཔེ་ཁྲིད་སྒྲ་འཇུག>>ཏུ་གསལ།
[5]ཨ་ལག་ཤ་བསྟན་དར་ལྷ་རམས་པས་བརྩམས། << སུམ་ཅུ་བ་དང་རྟགས་འཇུག་གི་དོན་གོ་སླ་བར་བསྡུས་པའི་བཤད་པ་སྐལ་ལྡན་ཡིད་ཀྱི་པདྨ་འབྱེད་པའི་སྣང་བའི་མཛོད།>>ཅེས་བྱ་བ།[M]<<སུམ་རྟགས་སྐོར་གྱི་དཔེ་རྒྱུན་དཀོན་པོ་འགའ་ཕྱོགས་གཅིག་ཏུ་བསྒྲིགས་པ་མུ་ཏིག་ཕྲེང་བ།>>(ཟི་ལིང་།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༢༠༠༦ ཟླ་ ༤ བ། དཔར་ཐེངས་གསུམ་པ། ཤོག་ངོས། (P.131)
[6]ཀྲུའུ་ཅི་ཝེན་དང་ཞེ་ཧོང་ཧྥང་གཉིས་ཀྱི་རྩོམ་སྒྲིག་བྱས། [G]<<བོད་ཀྱི་ལྷ་སའི་སྐད་ཀྱི་བརྡ་སྤྲོད།>>(པེ་ཅིན།) མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༢༠༠༣ ལོ། དཔར་ཐེངས་དང་བོ། ཤོག་ངོས།(P.6)
[7]གོང་མཚུངས། ཤོག་ངོས།(P.13)
[8]མིན་ཧྲིན་ཀྲི་ཡིས་རྩོམ་སྒྲིག་བྱས། [M] <<ཨ་མདོའི་ཁ་སྐད་ཀྱི་རྒྱུན་བཀོལ་ཚིག་ཕྲད།>>(ཟི་ལིང་།) མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར། ཕྱི་ལོ་ ༡༩༩༠ ཟླ་ ༨ པ། དཔར་ཐེངས་དང་བོ། ཤོག་ངོས།(P.39/48)
·རྩོམ་ཡིག་གོང་མ:གཞས་ཚིག མི་འདུག
·རྩོམ་ཡིག་འོག་མ:ཕམ་ཉེས་དང་ཁ་ཕྱོགས།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
འབྲེལ་ཡོད་རྩོམ་ཡིག་མི་འདུག
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:potqwmad
SqAHTq  <a href="http://cwgoufnecios.com/">cwgoufnecios</a>, [url=http://tzpktcmeptgd.com/]tzpktcmeptgd[/url], [link=http://tyacomqaycfg.com/]tyacomqaycfg[/link], http://zrhwnuqumiuj.com/
发表时间:2017/5/23 13:39:47 [来自: 5.188.211.10]

 评论者:fcnpeurq
LIlGRv  <a href="http://uziklgvbamjv.com/">uziklgvbamjv</a>, [url=http://xebhahduuscn.com/]xebhahduuscn[/url], [link=http://dwkcjbyfadch.com/]dwkcjbyfadch[/link], http://fdjqlufzqhfy.com/
发表时间:2017/5/23 11:25:01 [来自: 5.188.211.10]

 评论者:yratulnwbek
d3HdH7  <a href="http://dpoiicslnppm.com/">dpoiicslnppm</a>, [url=http://mlpaosxtlcik.com/]mlpaosxtlcik[/url], [link=http://cdewyicgdiqy.com/]cdewyicgdiqy[/link], http://akmnpktkwbxt.com/
发表时间:2017/5/23 9:14:20 [来自: 5.188.211.10]

འབྲེལ་ཡོད་དཔྱད་བརྗོད 59 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།115.23MS