བོད་ཀྱི་སློབ་གསོ་བ་གྲགས་ཅན་ཨ་ཁུ་ཉི་མ་ངོ་སྤྲོད་མདོར་བསྡུས།
ཆོས་ཀྱི་དབང་ཕྱུག་དམ་པར་གྱུར་པ། བདག་ཅག་གི་རྣམ་པར་འདྲེན་པ་ཆེན་པོ། དོན་གྱི་སླད་དུ་མཚན་ནས་སྨོས་ན༧རྗེ་བཙུན་བློ་བཟང་ཉི་མ་ཞེས་ཡོངས་སུ་གྲགས་པ་གང་དེའི་རྣམ་པར་ཐར་བ་མོད་ཙམ་ནི། ༡༩༢༦ལོར་མཛོད་དགེ་རྫོང་གི་ཨ་ནུ་ཐང་དུ་སྐུ་འཁྲུངས། སྐུ་ན་ཆུང་བའི་དུས་ནས་སྟག་ཚང་ལྷ་མོ་ཀིརྟི་དགོན་དུ་གྲྭ་སར་ཞུགས་ཤིང་རབ་ཏུ་བྱུང་། སྔ་ཕྱིར་ཁམས་སྡེ་དགེ་རྫོགས་ཆེན་དགོན་དང་། དབུས་ཀྱི་འབྲས་སྤུངས། གཙང་བཀྲ་ཤིས་ལྷུན་པོ་སོགས་གདན་ས་བྱིན་ཅན་དུ་མ་ནས་མདོ་སྔགས་རིག་གནས་དང་བཅས་པར་སྦྱང་བ་ཆེར་མཛད་ནས་དགེ་བའི་བཤེས་གཉེན་དུ་གྱུར། ༡༩༥༨ལོའི་དམངས་གཙོའི་བཅོས་བསྒྱུར་གྱི་རྗེས་སུ་མཛོད་དགེ་བཞག་ལྡོམ་ཕྱུགས་སྨན་ས་ཚུགས་ཀྱི་དབུ་ཁྲིད་མཛད་ཅིང་།༡༩༦༠ལོ་ནས་བཟུང་། འབྲོག་ལས་ཐོན་སྐྱེད་ཀྱི་དགོས་པར་དམིགས་ནས་ཕྱུགས་སྨན་ས་ཚུགས་དེར་བོད་ཀྱི་ཕྱུགས་སྨན་སྦྱོང་བརྡར་འཛིན་གྲྭ་ཐོག་མར་བཙུགས་ཏེ་འབྲོག་ལས་ཐོན་སྐྱེད་ལ་བྱ་བ་རྒྱ་ཆེར་མཛད།
༡༩༧༠ལོར་ཕྱུགས་སྨན་འཛིན་གྲྭ་དེ་བཞག་ལྡོམ་ཀུང་ཧྲེའི་ལྔ་བདུན་སློབ་གྲྭར་བསྒྱུར་ཅིང་། སློབ་གཙོ་ཨ་ཁུ་ཉི་མ་ཁོང་གི་མཛད་པའི་ཞོར་དུ།བོད་ཀྱི་གསོ་རིག་གི་གཞུང་ནས་ཉེར་མཁོའི་ཆ་ཡོངས་སུ་རྫོགས་པ་དཔྱད་པས་བླངས་ཏེ་གཞུང་ལུགས་ཁུངས་ཐུབ་ལ་རྒྱབ་རྟེན་བཅོལ་བའི་ཕྱུགས་སྨན་གྱི་ལག་ལེན་མང་བོའི་སྲོལ་ལེགས་པར་ཕྱེ་ཞིང་།ཕྱུགས་ནད་བརྟག་བཅོས་གསལ་སྟོན་དངོས་ཐོབ་ཀྱི་མྱོང་གྲུབ་རིན་པོ་ཆེའི་དོ་ཤལ་དང་། སྨན་སྦྱོར་ནུས་པ་ཕྱོགས་བསྡུས། གཏར་རྩ་ངོས་འཛིན་གྱི་ཡིག་ཆུང་། རྩ་རྒྱུད་མདོ་གནས་ཀྱི་རྡེའུ་བཀྲམ་ཚུལ་ཉུང་བསྡུས་སོགས་གསུང་གི་བདུད་རྩི་མང་དུ་བསྩལ་ནས་ཁྲིད་གཞི་བྱས་ཤིང་ཁྲིད་ལུགས་ཀུན་ཀྱང་ཚད་ལྡན་དུ་བཅོས།
མེས་པོ་གོང་མའི་གསུང་རབ་རབ་འབྱམས་བཀླགས་པ་ལས་འཁྲུངས་པའི་རིག་པའི་གནས་ཀྱི་དཔྱད་པ་དག་ཀྱང་ཕྱི་རབས་པ་ལ་འཇོག་མ་ཐུབ་ན་ཕངས་རེ་ཆེ་ཞེས་ལན་མང་བོར་ཡང་ཡང་གསུངས་ཤིང་། མི་རིགས་ཀྱི་རིག་གནས་འཛུགས་སྐྲུན་གྱི་ཐུགས་འགན་ལེགས་པར་བཞེས་ནས་སྒྲིག་རྩོམ་གསུང་གི་ལེགས་བཤད་སྐལ་ལྡན་སྐྱེ་བོའི་བོག་སྐལ་དུ་བཞག་པ་ནི། གེ་སར་གྱི་སྒྲུང་དང་རྒྱལ་བོ་ཟླ་མཛེས་ཀྱི་རྣམ་ཐར། ནོར་བཟང་གི་རྣམ་ཐར། སྲོང་བཙན་སྒམ་པོའི་རྣམ་ཐར་སོགས་འཁྲབ་གཞུང་དུ་བཅོས་པའི་གསུང་མང་བོ་དང་།སྙན་རྩོམ། ལོ་རྒྱུས། རྣམ་ཐར། བརྡ་སྤྲོད། དག་ཡིག་ཟིན་བྲིས། དགོན་པའི་བཅའ་ཡིག སློབ་གྲྭ་རིམ་པ་སོ་སོའི་སློབ་དེབ་སོགས་ཀྱིས་མཚོན་པའི་གསུང་འབུམ་པོ་ཏི་གསུམ་ལྷག་བཞུགས།
༡༩༧༥ལོར་ཁོང་གི་སྐུ་དྲིན་ལས་ཀུང་ཧྲེའི་ལྔ་བདུན་སློབ་གྲྭ་དེ་རྒྱ་བསྐྱེད་ནས་མཛོད་དགེ་རྫོང་གི་ལྔ་བདུན་བོད་ཡིག་སློབ་གྲྭ་རུ་བསྒྱུར་ཅིང་ཁོང་གིས་སློབ་གཙོའི་འགན་ཁུར་བའི་ཞོར་ལ་ཁྲིད་ཚན་གཙོ་བོ་དག་གི་ཁྲིད་འགན་ཁུར་དུ་བཞེས། ཁོང་གིས་སྐུ་ཚེགས་མང་དུ་གནང་བའི་མཐུས། ༡༩༨༡ལོའི་ཟླ་༧པའི་ཚེས་༡༠ལ། ཁུལ་སྲིད་གཞུང་གི་ཡིག་ཆའི་ནང་དོན་གཞིར་བཟུང་ནས་རྔ་བ་ཁུལ་བོད་ཡིག་སློབ་འབྲིང་མཛོད་དགེ་བཞག་ལྡོམ་དུ་གསར་འཛུགས་མཛད་ཅིང་། སྔར་གྱི་ལྔ་བདུན་བོད་ཡིག་སློབ་གྲྭ་དེ་ཉིད་མཛོད་དགེ་རྫོང་གི་ཞིང་འབྲོག་མི་དམངས་ཀྱི་རིག་གནས་ལག་རྩལ་སློབ་གྲྭ་རུ་བཅོས་ནས་སློབ་གཙོ་མཛད་པའི་ཞོར་ལ་རིག་གནས་ལག་རྩལ་སློབ་ཚན་གྱི་སློབ་དཔོན་གྱི་འགན་བཅས་ཀྱང་གཅིག་ལྕོགས་སུ་ཁུར།
སྔ་ཕྱིར་རྔ་བ་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི།སྲིད་གྲོས་ཀྱི་ཨུ་ཡོན། དེའི་རྒྱུན་ཨུ་བཅས་སུ་ལན་དུ་མར་བདམས། མི་རིགས་སློབ་གསོ་སྤྱི་དང་བོད་ཀྱི་ཕྱུགས་སྨན་གྱི་ལས་དོན་ལ་མཛད་རྗེས་བླ་ན་མ་མཆིས་པ་བཞག་པའི་སྐུ་དྲིན་ལ་གཟེངས་བསྟོད་པའི་ཆེད་དུ། སྔ་གཞུག་ཏུ་རྒྱལ་ཁབ་དང་། ཞིང་ཆེན། རྔ་བ་ཁུལ་བཅས་ནས་བྱ་དགའ་ཐེངས་༣༢གནང་ནས་གཟེངས་བསྟོད་བྱས་ཤིང་། ༡༩༧༨ལོར་རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་ལ་ཞུགས། ༡༩༧༩ལོར་རྒྱལ་ཁབ་ནས་རྒྱལ་ཡོངས་ཀྱི་ངལ་རྩོལ་བ་དཔེ་བཟང་གི་མཚན་སྙན་གནང་བས། པེ་ཅིན་དུ་དེའི་གཟེངས་བསྟོད་ཚོགས་ཆེན་དུ་ཞུགས། ཁོང་གིས་སྐུ་ཚེ་གང་བོར་མི་རིགས་ཀྱི་སློབ་གསོའི་ལས་ཀ་སྤྱི་དང་། སྒོས་བོད་ཀྱི་ཕྱུགས་སྨན་རིག་པ་དང་དེའི་ལག་ལེན་གྱི་འཕེལ་རྒྱས་ལ་མཛད་རྗེས་བླ་མེད་བཞག་པར། གཞུང་དང་མི་དམངས་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་ལན་ཅིག་མིན་པར་ཡང་ཡང་ཐོར་ཅིང་། གངས་ཅན་སྐྱེ་འགྲོ་ཀུན་གྱིས་སྐྱེས་བུ་དམ་པ་དང་། སེམས་དཔའ་ཆེན་པོ། འབྲོག་ཐང་གི་ཉི་མ་ཞེས་པའི་གཟེངས་བསྟོད་ཀྱི་ཅོད་པན་ལན་ཅིག་མིན་པར་ཕུལ་བ་བཅས་ནི་ཁོང་གི་རྣམ་ཐར་རྒྱ་མཚོ་ལས་ཆུ་ཡི་ཟེགས་མ་ཙམ་ཞིག་སྐྱེ་བོ་སྐལ་ལྡན་དག་གི་མིག་གི་དགའ་སྟོན་དུ་བསྟར་བའོ།།
༼ལོ་རྒྱུས་ཡོང་ཁུངས། ༢༠༡༢ལོའི་བོད་ཡུལ་སློབ་གསོའི་ཞིབ་འཇུག༽