ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ངག་རིག་འདོད་འཇོ། >> ལེཊ་རྩོམ།
 རྩོམ་ཡིག་ཀློག་པ།

གྲོགས་ལ་གསལ་འདེབས་ཞུ་བའི་འཕྲིན་གཞན་གསོས་བུ་མོའི་མགྲིན་གླུ།

  རྩོམ་པ་པོ:ཚ་བ་མདའ་སྨྱུགཡོང་ཁུངས:དྲ་ཐོགགཟིགས་གྲངས:2500ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/8/13 17:59:27ཚོགས་ཡར་སྤྲོད:admin
གྲོགས་ལ་གསལ་འདེབས་ཞུ་བའི་འཕྲིན་གཞན་གསོས་བུ་མོའི་མགྲིན་གླུ།
 
                 —•ཚ་བ་མདའ་སྨྱུག
 
གང་ཞིག་ཐོས་པས་རྣ་བའི་བདུད་རྩི་དང་།།
བསྟེན་ན་སྙིང་གི་མུན་པ་དྲུངས་འབྱིན་པའི།།
དམ་ཆོས་རིན་ཆེན་གྲགས་པའི་བ་དན་ཆེ།།
བློ་གསལ་ཁྱེད་ཀྱི་གཙུག་ཏུ་མཛེས་གྱུར་ཅིག །
 
ལས་ཉོན་དུག་མཚོ་འཁྱིལ་བའི་རྦ་ཀློང་དབུས།།
ཀུན་རྟོག་འཛིན་ཁྲི་གདུག་པས་དབང་བསྒྱུར་ཡང་།།
ལྷག་བསམ་དགེ་བའི་ཟོང་གིས་ལེགས་བསྐྲུན་པའི།།
ལེགས་བཤད་ནོར་བུ་ཁོ་བོའི་ཁ་ན་མཆིས།།
 
གྲོགས་ཁྱེད་འདུ་འཛིའི་གྲོང་ལས་ཡིད་བྱུང་ནས།།
དམ་པའི་གཞུང་བཟང་སློབ་དུ་ཡོད་དུས་འདིར།།
ཆོས་མིན་ཆོས་སུ་བརྫུ་བའི་ལུགས་ངན་འགའ།།
དེང་སང་དར་བས་དེ་ལ་བག་ཟོན་མཛོད།།
 
དོན་དང་བྱ་བ་ཉུང་བའི་ཤཱཀྱའི་སྲས།།
དོན་ཆེན་ཐོས་བསམ་ལས་ལ་མི་བརྩོན་པར།།
དོན་མེད་སྨྲ་བ་ཙམ་ཡང་མི་མཛེས་ན།།
དོན་ལོག་གླུ་གར་ཆོས་དང་ག་ལ་མཐུན།།
 
ཉིན་གཅིག་བསྙེན་གནས་སྡོམ་ལ་གནས་པས་ཀྱང་།།
གར་སོགས་ཕྲེང་སོགས་སྤྱོད་པར་མ་གནང་ན།།
གཏན་ཁྲིམས་ལྕགས་ཀྱུ་རྣོན་པོས་བཏབ་པ་ལ།།
གླུ་བྲོ་དགེ་བར་འགྱུར་བ་ཅང་སྲིད་དམ།།
 
དམར་སེར་ངུར་སྨྲིག་གོས་ཀྱིས་བཀླུབས་བཞིན་དུ།།
ལྡེམ་ལྡེམ་གར་དུ་བསྒྱུར་བའི་རབ་བྱུང་རྣམས།།
ཐུབ་པའི་བསྟན་པ་འཇིག་པའི་ཕོ་ཉ་སྟེ།།
འཇིག་རྟེན་མི་བརྒྱའི་གྲལ་དུ་ཚུད་པ་མིན།།
 
བློ་མཆོག་དབང་པོ་ཞི་ཞིང་ཉེར་ཞི་བའི།།
ལྷར་བཅས་འགྲོ་བའི་ཞིང་གྱུར་དགྲ་བཅོམ་གྱི།།
དགེ་འདུན་མཐོང་ན་མི་མཐུན་མེད་པ་ཡང་།།
དུལ་བའི་སྤྱོད་ལམ་ཁོ་ནའི་མཐུ་ལས་བྱུང་།།
 
མ་ནོར་ལམ་མཆོག་སྟོན་པའི་དྲང་ཐིག་གཞུང་།།
འབུམ་སྡེ་འདུལ་བ་སྤྱན་གྱིས་གཟིགས་མཛོད་དང་།།
གླུ་གར་རོལ་མོ་བརྡུང་བའི་ཐར་ལམ་འདི།།
རྒྱལ་བའི་ལུགས་དང་མཐུན་མིན་དགོངས་པར་འགྱུར།།
 
ཐེག་པའི་རྩེ་མོར་ཞུ་བ་གླུས་བསྐུལ་གྱི།།
མན་ངག་གསུངས་པས་ཚུལ་འདི་འཐད་གྱུར་ན།།
དྲི་ཆེན་དྲི་ཆུ་རཀྟའི་དམ་རྫས་ཀྱང་།།
དམར་ནག་ཁྲོམ་གྱི་དབུས་སུ་སྤྱོད་པར་རིགས།།
 
དྲི་མེད་རྒྱལ་བའི་བསྟན་ལ་ཞུགས་བཞིན་དུ།།
བསྟན་པའི་རྣམ་བཞག་ཀུན་དང་མི་མཐུན་པའི།།
རང་བཟོའི་ཐར་ལམ་སྟོན་པའི་སྙིང་ཁམས་ཅན།།
བསྟན་འཛིན་དེ་དག་མཇལ་བར་མ་གྱུར་ཅིག །
 
མ་བསླབས་བསྡད་པས་ཀུན་མཁྱེན་སར་འགྲོ་བའི།།
ཐར་ལམ་ཟབ་མོ་དེང་དུས་དར་བ་ལ།།
རྟོག་དཔྱོད་སྤངས་ནས་བློ་ཡིད་རྟོན་པ་ཡི།།
དམར་སེར་ཅན་དེ་བདུད་ཀྱིས་བསླུས་པར་ངེས།།
 
གྲོགས་ཁྱེད་བླུན་པོས་སྨོད་པའི་ཚིག་མདའ་ལ།།
ཞུམ་པ་སྤངས་ཏེ་སྙིང་སྟོབས་བསྐྱེད་མཛོད་དང་།།
ཁོ་བོའི་བདེན་གཏམ་རྡོ་རྗེའི་གོ་ཆ་འདིར།།
མཁས་པའི་རིགས་མཚོན་ནམ་ཡང་ཟུག་པ་མིན།།
 
རིགས་གཟུགས་ནོར་གྱིས་འབྱོར་པའི་བསྟན་འཛིན་རྣམས།།
ལེགས་བཤད་འདི་ཉིད་མཐོང་དང་ཐོས་པའི་ཚེ།།
ཕྲག་དོག་དུག་མདས་ཁོ་བོའི་སྲོག་འཕྲོག་ཀྱང་།།
དེ་ལ་མི་བདོ་འཇིག་རྟེན་མགོན་དགྱེས་མཛོད།།
 
ཉམ་ཆུང་རིགས་པའི་སྲང་མདའ་འཛིན་པ་འགས།།
འདི་ལ་བདེན་རྫུན་ལྕི་ཡང་གཞལ་འདོད་ན།།
བརྒལ་བརྟག་རྩོད་པའི་དོ་རར་ཕེབས་མཛོད་དང་།།
བརྒལ་ལན་འབུམ་གྱིས་མཉེས་པ་བདག་གིས་བསྒྲུབ།།
 
དྲང་གཏམ་ཚིག་འགའ་སྙན་དུ་གསོལ་བ་འདིས།།
བླ་ཆེན་མཐོན་པོའི་ཞལ་ངོ་མི་བསྟོད་ཅིང་།།
རྙེད་བཀུར་ཟང་ཟིང་འགུག་པར་མི་འགྱུར་ཡང་།།
གཟུར་གནས་བློ་ཆུང་འགའ་ལ་ཕན་སྙམ་སྦྱར།།
ཞེས་པའང་བཀའ་ཕྱག་ཆུ་བོ་གཅིག་འདྲེས་ཀྱི་བསྟན་པའི་གྲལ་མཐར་སྐྱེས་པ་སྐྱེས་ཐོབ་ཀྱི་བློ་རིག་རྣོ་བའི་ཁམས་ནང་ཆེན་ཡུལ་གྱི་གཞོན་ཆུང་རིགས་པ་སྨྲ་བ་ཞིག་ནས་དེང་སྐབས་ཁོང་གི་ཕ་ཡུལ་དུ་ཆོས་བྲོ་ཞེས་པ་རྐང་བྲོ་ལན་རེ་བརྡུང་ན་ངན་སོང་དུ་མི་འགྲོ་བར་མདོ་སྨད་ཀྱི་ཆོས་རྗེ་ག་གེ་མོའི་ཞལ་གྱིས་བཞེས་པར་གྲགས་པ་ཞིག་དར་ནས་གྲྭ་བཙུན་ཕོ་མོ་ཐམས་ཅད་ཀྱིས་ཟས་བཅུད་ཉལ་གཉིད་དང་བྲལ་བའི་ཚོད་དུ་འཁྲབ་བཞིན་ཡོད་པས་འདི་ཉིད་གལ་ཏེ་བཟང་པོར་ངེས་ཚེ་དེ་ལ་མཁོ་བའི་གླུ་ཚིག་འགའ་ཞིག་འབྲི་དགོས་ཞེས་བསྐུལ་མ་བྱུང་བར་རང་ངོས་ནས་བསྟན་ལ་ཞབས་འདེགས་འགྲུབ་པའི་སྐལ་བ་མ་མཆིས་ཀྱང་། བསྟན་པ་ཕུང་ལ་སྦྱོར་བའི་སྨྱོ་ཧམ་འདི་རིགས་ལ་མཚན་རྨི་ལམ་དུའང་སྤྲོ་བ་མེད་པས་བྲོ་ཚིག་གི་གླུ་ཡང་རྩོམ་འདུན་མ་ཤར་བར་ཁོང་ལ་རྒྱུ་མཚན་སྙན་བསྐུལ་གྱི་ཚུལ་དུ་ལྷོ་ངོས་ཚ་བ་སྒང་དུ་སྐྱེས་པའི་རིགས་པ་སྨྲ་བ་བློ་གྲོས་དཔལ་བས་བྲིས་པ་དགེ། །།
·རྩོམ་ཡིག་གོང་མ:ཐེ་ཀོར་གྱི་རྟོགས་བརྗོད།
·རྩོམ་ཡིག་འོག་མ:བོད་ཀྱི་སློབ་གསོ་བ་གྲགས་ཅན་ཨ་ཁུ་ཉི་མ་ངོ་སྤྲོད་མདོར་བསྡུས།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·འགོ་ཁྲིད་དང་དཔོན་པོ་མ་ནོར་ཅིག 2016/9/30 16:16:26
·ཀུན་མཁྱེན་ཇོ་ནང་པ་ཆེན་པོའི་བསྟན་པ་རྒྱས་པའི་སྨོན་ལམ། 2016/9/30 16:11:32
·སྐད་ཡིག་དང་ནང་ཆོས་གཅིག་ཏུ་འཁྲུལ་མི་ཉན། 2016/3/7 18:08:42
·རླབས་ཆེན་གྱི་བཞུད་ལམ། 2016/3/7 18:03:51
·སྙིང་གཏམ་བཅོ་ལྔ་པ། 2016/3/7 17:51:57
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:rulsxvf
wYvSv8  <a href="http://hdcwslxpnzon.com/">hdcwslxpnzon</a>, [url=http://yuyuczlahktv.com/]yuyuczlahktv[/url], [link=http://fxdmxjgwlayp.com/]fxdmxjgwlayp[/link], http://ojhhemsgwwuy.com/
发表时间:2015/11/22 9:41:27 [来自: 146.185.234.48]

འབྲེལ་ཡོད་དཔྱད་བརྗོད 1 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།31.25MS