སྒོ་ཤེས་རབ་རྒྱ་མཚོ།
འཇིག་རྟེན་གཡོ་སླ་ཆུ་ཡི་གཉེར་མ་དང་། །
དྲན་ཚུལ་འགྱུར་སླ་སྟོན་གྱི་སྤང་ཐང་སྟེ། །
ཁ་ནག་ཁོག་ནག་འཆང་བའི་མི་དག་ཀྱང་། །
ལན་རེར་བསམས་ན་དྲིན་གྱི་བདག་པོར་མཐོང་། །
གཅེས་ཤིང་འཛུམ་པའི་དྲོད་ཀྱི་ཁང་ཆུང་དུ། །
མི་ཡུལ་གྲང་བའི་རྩུབ་རེག་མི་ཤེས་པས། །
གནོད་ཅིང་འཚེ་བའི་མི་རྣམས་བཀའ་དྲིན་ཆེ། །
དཀའ་སྡུག་བྱིན་ཏེ་སྤོབས་པའི་རུས་རྐང་གསོ། །
ཨ་མའི་ལག་པས་རྒྱུན་དུ་སྐྱོར་བའི་ཚེ། །
ལམ་ལ་འཇིགས་ཉེན་ཅི་ཡོད་མི་ཚོར་བས། །
ས་ལ་བརྡབ་ཏུ་འཇུག་མཁན་བཀའ་དྲིན་ཆེ། །
རྐང་པས་སྲ་ཚུགས་འཛིན་ཚུལ་ཁྲིད་པ་ཡིན། །
གཞན་གྱི་བྱམས་སྐྱོང་བཟང་པོའི་ལག་མཐིལ་ནས། །
མི་ལ་ཁེར་ཚུགས་ནུས་པ་སྨིན་དཀའ་བས། །
འདོར་ཞིང་གཡུག་པའི་མི་རྣམས་བཀའ་དྲིན་ཆེ། །
གཅིག་པུར་འཚོ་བའི་ནུས་པ་འཐོབ་པར་བྱེད། །
རང་དབང་བདེ་ལྡན་སྐྱིད་པའི་ཐུ་འོག་ཏུ། །
གཞན་དབང་འཚོ་བའི་སྡུག་བསྔལ་མི་ཤེས་པས། །
བཙན་དབང་མནར་གཅོད་གཏོང་མཁན་བཀའ་དྲིན་ཆེ། །
རང་དབང་ལམ་ལ་འདུན་པའི་ཕུགས་བསམ་སྟེར། །
གཡོ་སྒྱུའི་འཕྲུལ་རྩེད་དབེན་པའི་མཐུན་ལམ་ནང་། །
བསམ་གཞིག་ནུས་སྟོབས་ཆེ་ཆེར་རྒྱས་དཀའ་བས། །
མགོ་སྐོར་གཏོང་མཁན་དག་ཀྱང་བཀའ་དྲིན་ཆེ། །
དོགས་ཅིང་དཔྱོད་པའི་བློ་རྩལ་སྨིན་པར་བྱེད། །
ཁྲིམས་སྐྱོང་འོད་དཀར་སྨིན་པའི་ཞིང་ས་རུ། །
གཉའ་གནོན་སྡུག་གི་ལྗིད་ཚད་མི་རྟོགས་པས། །
བཙན་དབང་སྒེར་གཅོད་མཁན་ཡང་བཀའ་དྲིན་ཆེ། །
དམངས་གཙོར་རེ་བའི་རྨི་ལམ་རྣལ་མ་བསྐྱེད། །
བསྙོན་འཛུགས་རྫུན་བཟོ་མེད་པའི་ཁོར་ཡུག་ཏུ། །
ཞྭ་མོས་བསྣད་པའི་བྲོ་བ་མི་ཤེས་པས། །
ཁ་ལ་གང་བྱུང་སྨྲ་རྣམས་བཀའ་དྲིན་ཆེ། །
གཏམ་ལ་འགན་འཁྲི་དགོས་པའི་ཤེས་རྟོགས་སྦྱིན། །
ཕན་ཚུན་བཀུར་བའི་སྲོལ་ལམ་བཟང་པོའི་ནང་། །
རྩིས་ཐང་རིན་ཆེན་ཡིན་པ་ཚོར་དཀའ་བས། །
བརྙས་བཅོས་གཏོང་མཁན་རྣམས་ནི་བཀའ་དྲིན་ཆེ། །
མི་ཡི་རྩིས་ཐང་འདུ་ཤེས་སད་དུ་འཇུག །
མདོར་ན་རྣལ་མའི་སེམས་སྟོབས་སྨིན་པ་ལ། །
ཁོང་ཅག་ལས་ལྷག་དྲིན་ཅན་ཡོད་མིན་ཕྱིར། །
དྲིན་ལ་དྲིན་དུ་ལྟ་བའི་བློ་གཤོག་བཅས། །
རང་ཉིད་རང་གི་རྐང་བས་སོང་ན་མཆོག །