ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་གླུ་ཁང >> དམངས་གཞས་དམངས་གླུ།
 རྩོམ་ཡིག་ཀློག་པ།

སྣ་འཛོམས་དམངས་གཞས།

  རྩོམ་པ་པོ:རལ་གྲི་སྒང་སྤེན་རྒྱལ་ཡོང་ཁུངས:དྲ་གཟིགས་གྲངས:2793ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/4/18 11:12:04ཚོགས་ཡར་སྤྲོད:admin

སྣ་འཛོམས་དམངས་གཞས།

 

རལ་གྲི་སྒང་སྤེན་རྒྱལ་གྱིས་བརྩམས།

1.སྒེག་ལྡན་ལང་ཚོའི་རིན་ཐང་། །
དོན་གྱི་རྡོག་རྩར་སྒྲིལ་དང་། །
རྒྱུ་འབྲས་བསླུ་བ་མེད་ན། །
འདི་ཕྱི་གཉིས་ལ་ཕན་འགྲོ །
 
2.སྙིང་སྡུག་མཛེས་ལྡན་ལྷ་མོར། །
ལྕགས་ཀྱུ་ཞགས་པ་མེད་ཀྱང་། །
ཟུར་མིག་བལྟ་ཐེངས་གཅིག་གིས། །
བུ་ངའི་སེམས་པ་འཕྲོག་སོང་། །
 
3.ང་ལ་བརྩེ་བའི་བྱམས་པ། །
ཐག་རིང་ཡུལ་དུ་ཕེབས་སོང་། །
ཉལ་བའི་གཉིད་ནི་མི་ཁུག །
ཟས་ཀྱི་དྭངས་ཁ་མི་འདུག །
 
4.སྡུག་བསྔལ་ཆུ་ཡི་གཉེར་མ། །
རྫོགས་པའི་མཐའ་ནི་མི་འདུག །
ཁོག་ནད་སེམས་པའི་གཅོང་གིས། །
ལུས་པོའི་ཤ་ཡང་སྐམ་སོང་། །
 
5.ཉིན་མོའི་ཕོ་མོ་མཐོང་དུས། །
ཁྱེད་ཀྱི་སྐུ་གཟུགས་དྲན་བྱུང་། །
མཚན་མོའི་ཟླ་བ་མཐོང་དུས།།
ཁྱེད་ཀྱི་བཞིན་རས་དྲན་བྱུང་། །
 
6.འདོད་ལྡན་གཡོ་སྒྱུའི་ཚིག་གིས། །
ང་ཡི་སེམས་པ་འཁྲུལ་སོང་།།
ལོ་མང་བཅངས་པའི་བརྩེ་སེམས།།
ཆུ་ཡི་ལྦུ་བར་གྱུར་སོང་།།
 
7.མེ་ཏོག་མིག་ལ་མཛེས་སོང་། །
རྩི་སྦྲང་སེམས་པ་འཁྲུལ་སོང་།།
བསིལ་བསིལ་རླུང་བུ་མཉམ་དུ། །
མེ་ཏོག་གར་སོང་མི་འདུག།
 
8.སྲིད་པ་འཇིག་རྟེན་ཁམས་སུ། །
སྐྱེ་བོ་ཁྲི་སྟོང་དུ་མ།།
རང་རང་བློ་ཁ་མི་གཅིག །
རྒྱན་དང་འབྱོར་པ་མི་གཅིག །
 
9.སྔོན་ཆད་ཕྲུ་གུའི་བློ་བྱས། །
ཨ་མའི་བཀའ་དྲིན་མ་ཚོར།།
ད་ཆ་ཨ་མ་མེད་དུས། །
མགོན་སྐྱབས་གནང་མཁན་མ་བྱུང་།།


10.ལོ་ཟླའི་རླུང་འཚུབ་དྲག་པོས།།
ས་གཞིར་འགྱུར་བ་བཏང་སོང་།།
འོན་ཏེ་མ་བུའི་བརྩེ་དུང་།།
མི་འགྱུར་བྲག་ལས་བརྟན་པ།།


11.ཁ་འཚེར་ནང་གི་གཏིང་གནག།
རྒྱུས་དེ་ཡག་པོ་མ་ལོན།།
ཉིན་མོ་གཅིག་སོང་གཉིས་སོང་།།
གདོན་འདྲེ་གསོན་པོར་གྱུར་ཞག།
 
12.ཁྱེད་ཀྱི་སོ་དཀར་འཛུམ་གྱིས། །
ང་སེམས་དྲ་བར་ཚུད་སོང་། །
སྐྱིད་པའི་ཞི་འཇམ་རྨི་ལམ། །
ཁྱེད་ཀྱིས་རྦད་དེ་དཀྲུགས་སོང་།།
 
13.མཚོ་དེ་ཁ་འཇམ་གཏིང་ནག།
ཉ་མོ་གནས་ཐབས་མི་འདུག།
དེ་ལས་རྒོད་པོ་ཇི་བཞིན།།
གང་འདོད་ས་ལ་ལོག་འགྲོ།
 
14.མ་མོས་ལུ་གུ་སྐྱོང་དུས།།
བྱམས་ལྡན་སྐྱེད་མ་དྲན་བྱུང་།།
སེར་བྱ་ངང་པ་སྡེབས་དུས།།
ཁྱེད་ཀྱི་བརྩེ་སེམས་དྲན་བྱུང་།།
 
15.སེམས་ངན་ཡིད་ལ་བཅངས་ནས།།
ཁ་ནས་མ་ཎི་འདྲེན་གྱིས།།
ཕལ་ཆེར་ཡ་གིའི་རྒྱལ་པོར།།
མགོ་སྐོར་གཏོང་གི་མེད་འགྲོ།
 
16.ཆོས་གོས་རྣམ་གསུམ་བཞེས་ནས།།
ཚོང་དང་ཁེ་ལ་རྔམ་འདུག།
ཕྱི་ནང་མི་མཐུན་ཆོས་པ།།
དམྱལ་བའི་གཏིང་དུའང་མི་དགོས།།
 
17.མང་ཚོགས་དོན་དུ་ཡིན་ཟེར།།
ཤ་ཆང་བདུད་རྩིར་རོལ་གྱིས།།
རང་དོན་གཞན་དོན་གང་ཡིན།།
ད་ནི་ཞུ་ཚོད་མི་ཐེབས།།
 
18.དབང་ཆ་བེད་སྤྱོད་བྱས་ནས།
གཞན་རྒྱུ་ལྐོག་ཏུ་ལེན་མཁན།
དཔོན་པོ་ཆང་རྐྱལ་དེ་ཚོར།
ཞེན་པ་གཏིང་ནས་ལོག་སོང་།
 
19.ཡོད་དུས་འཛུམ་དགོད་ཤིག་ཤིག །
མེད་དུས་ཕྱི་ཐག་རིང་རིང་།
དེ་འདྲའི་གྲོགས་པོའི་རིགས་ལ། །
ཞེན་པ་གཏིང་ནས་ལོག་སོང་།
 
20.ཁ་ནས་གཞན་ཕན་ལྷག་བསམ།།
དོན་དུ་རང་དོན་སྒྲུབ་མཁན།
ཁ་ཞེ་མི་མཐུན་མི་ལ།།
ཞེན་པ་གཏིང་ནས་ལོག་སོང་།
 
21.ཁོག་ཏུ་ཡོན་ཏན་མེད་པར།
ཕྱི་ཚུལ་ཁ་མཁས་འདྲ་ཆགས།
ནེ་ཙོ་ལྟ་བུའི་མི་ལ།
ཞེན་པ་གཏིང་ནས་ལོག་སོང་།
 
22.མཚར་མཚར་དར་མའི་ལོ་ལ།།
དགོས་པའི་ཤེས་བྱ་མ་སྦྱངས། །
འཇོན་མེད་ནུས་མེད་ཆགས་དུས།།
སྐྱོ་བའི་མཆི་མ་ལྷུང་སོང་།།
 
23.ལྕོག་རོང་བོང་བུ་སྡུག་སོང་།།
སྒལ་པར་ཁུར་པོ་ཆེ་སོང་།།
འཁང་ར་བྱས་པས་ཅི་ཕན།།
ང་རང་སྒྱིད་ལུག་ཆེ་སོང་། །
 
24.ནམ་མཁའི་བླ་མ་དཀོན་མཆོག།
མི་ཡུལ་ཕྱོགས་ལ་གཟིགས་དང་།།
རང་མགོ་ཆུ་འདྲེན་བྱེད་པའི།།
ལས་བསྐོས་འདི་ལ་གཟིགས་དང་།།
 
25.ཁྱེད་དང་ང་ཡི་བརྩེ་བ།།
སྟོན་གྱི་སྤྲིན་པ་དཀར་པོ།།
རླུང་གི་རྒྱག་ཕྱོགས་ཤིག་ལ།།
གར་འགྲོ་འདི་འགྲོ་མི་འདུག།
 
26.སྐྱིད་པོའི་སྤྲོ་གསེང་ཚལ་དུ།།
བུ་མོ་ལྷ་ལས་མཚར་བ།།
དཔོན་པོ་ཆང་རྐྱལ་མཐོང་ན།།
མིག་ཟུར་ཡང་ཡང་འཕེན་གྱིས།།


27.གཞུང་རྒྱུ་ཕངས་མེད་བཏང་ཏེ།།
རང་དོན་ཏག་སྒྲ་སྒྲུབ་མཁན།
ཉིན་མཚན་ཆང་དང་བུ་མོ།།
སྐྱིད་པོ་ཤ་ཡི་འབུ་སྲིན།།


28.སློབ་གསོའི་སྲིད་ཇུས་ལེགས་སོང་།།
འགན་བབས་སློབ་གསོ་སྤེལ་སོང་།།
ཕྱུགས་རྫི་བ་རྫི་དེ་ཚོ། །
སྔ་ལོ་ལས་ཀྱང་མང་སོང་།།
 
29.འགན་བབས་སློབ་གསོ་ཟེར་བ།།
རྣམ་པ་ཙམ་ཞིག་མིན་འགྲོ།
རྟོག་ཞིབ་ཚོགས་པ་ཕེབས་དུས།།
ཕྲུ་གུ་གཡར་རོགས་གསུངས་ཀྱིས།།
 
30.ཚེ་སྔོན་བསོད་ནམས་བསགས་པས།།
མི་ལུས་རིན་ཆེན་ཐོབ་སོང་།།
རྒྱུ་འབྲས་སེམས་ལ་བཞག་ནས།།
གཞན་ཕན་ལས་ལ་བརྩོན་ཡོད།།
 
31.ཁེའུ་ཁེའུ་(QQ)གླེང་མོ་བྱ་དུས།།
ལྷ་ལས་མཚར་བར་བསམ་བྱུང་།།
དངོས་སུ་གདོང་ཐུག་བྱ་དུས།།
བལྟ་བཟོ་འདི་བཟོ་མི་འདུག།
 
32.སྦི་རག་ཁ་ལ་སྦྱར་བས།།
སྦ་ཁུག་སྟོང་པར་གྱུར་སོང་།།
རྐུ་དང་རྫུན་ལ་ཞུགས་པས།།
སྔོ་ལོ་ལངས་ནས་ཤར་བྱུང་།།
 
33.རླུང་རྟའི་དར་ལྕོག་བཙུགས་ཡོད།།
ལྷ་གསོལ་ཀླུ་གསོལ་ཞུས་ཡོད།།
བསམ་པ་དོན་དུ་འཁྱོལ་མིན།།
ག་ཤེས་འདི་ཤེས་མི་འདུག།
 
34.གཞན་དང་འགྲན་རྩོད་བྱས་ཏེ།།
ཁང་པ་གསར་པ་བརྒྱབ་ཡོད།།
སྡུག་བསྔལ་ཕོ་བྲང་ཞེས་པའི།།
མིང་ཆད་ངན་པ་བཏགས་བྱུང་།།
 
35.མི་ཚོའི་ཟླ་བ་སྒྲོལ་མ།།
ཁྱིམ་སྐྱོང་ལས་ལ་འཇོན་པ།།
ང་ཡི་པད་མ་སྒྲོལ་མ།།
ཁྱི་མོ་ལས་ཀྱང་ངར་བ།།


36.ཚུར་གཅིག་ཚུར་ལ་གསོན་དང་། །
སྐྱེ་གཟུགས་མཚར་བའི་བུ་མོ། །
མེ་ཏོག་མིག་ལ་མཛེས་ཀྱང་། །
སྐྱི་བསེར་རླུང་གིས་དེད་འགྲོ །
 
37.དགའ་སྐྱོ་འདྲེས་མའི་འཁོར་བར། །
རང་མགོ་རང་གིས་བསྐོར་ན། །
ནམ་ཞིག་འགྱོད་པའི་གླིང་ལ། །
སྐྱེལ་བར་ཐེ་ཚོམ་ཨེ་ཡོད།།
 
38.དགོས་པའི་ཤེས་བྱ་མེད་པར། །
མི་དགོས་བྱེད་བཟོ་དོད་པ། །
ཆང་དང་མཱ་ཅང་གཉིས་ཀྱིས། །
མི་ཚེ་ཆུད་ཟོས་བཏང་ཡོང་། །
 
39.བསིལ་ཟེར་ཟླ་བའི་པང་དུ། །
རི་བོང་དགའ་བདེར་གནས་འདུག །
ལས་ལ་བསྐོས་པའི་བྱམས་པ། །
ང་ཡི་པང་དུ་ཕེབས་དང་། །
 
40.དྭངས་གཙང་ཆུ་མོའི་ངོས་ཀྱི། །
སེར་བྱ་ངང་པ་མཐོང་དུས། །
སྙིང་སྡུག་བུ་མོའི་ཞལ་རས། །
ཡིད་ལ་འཁོར་འཁོར་བྱས་བྱུང་། །
 
41.དྲིན་ཆེན་ཕ་མ་གཉིས་པོའི།།
བཀའ་དྲིན་སྙིང་ལ་བཅངས་ནས།།
ཚོགས་དང་བསོད་ནམས་གསོག་པའི།།
དམ་བཅའ་བརྟན་པོར་བརྐོས་ཡོད།།
 
·རྩོམ་ཡིག་གོང་མ:སྟོན་པ་ཐུགས་རྗེ་ཅན་ལ་བསྟོད་པ་བྱིན་རླབས་ཉེར་འཇུག་བཞུགས་
·རྩོམ་ཡིག་འོག་མ:རྐང་འཁོར་དེ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·མཛའ་གླུ། 2013/4/17 16:10:17
·ཁ་བས་སྐུལ་བའི་གཞས་ཆུང་། 2012/4/11 21:13:47
·སེམས་གཞས་དམར་པོ། 2011/12/7 22:36:41
·ཁྲི་ཆེན་དགའ་ལྡན་ཁྲི་པ། 2011/9/22 19:23:18
·དམངས་གཞས། ལྷ་སའི་བར་སྐོར་གླིང་ནས། 2011/9/7 15:39:20
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:oikluajycf
VQlzyR  <a href="http://sfqcvlnqszgf.com/">sfqcvlnqszgf</a>, [url=http://vymjvsmxhdsw.com/]vymjvsmxhdsw[/url], [link=http://xzbfzlmftajs.com/]xzbfzlmftajs[/link], http://rsnhecjtehrj.com/
发表时间:2016/2/22 3:49:37 [来自: 146.185.234.48]

འབྲེལ་ཡོད་དཔྱད་བརྗོད 1 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།39.06MS