ཁྱེད་ཀྱི་གནས་ཡུལ: ཚངས་དབྱངས་དྲ་ཚིགས >> རྩོམ་ཡིག་ལྟེ་གནས། >> ཚངས་དབྱངས་འདུ་ར། >> དུས་གཏམ་མྱོང་གླེང་།
 རྩོམ་ཡིག་ཀློག་པ།

རྩ་བ་དང་ཡལ་གའི་བཤད་པ། །

  རྩོམ་པ་པོ:དགེན་དཔལ་ལྡན་ལེགས་བཤད།ཡོང་ཁུངས:ངེད་དྲ་བ།གཟིགས་གྲངས:18602ཡིག་གཟུགས:ཡིག་གཟུགས་ཀྱི་མདོག
 ཀློག་དབང་།:འགྲུལ་པའི་ཐོབ་ཐང་།ཚོགས་མའི་གྲོན་དངུལ:0ཞུགས་དུས:2015/3/10 19:02:10ཚོགས་ཡར་སྤྲོད:admin
༄༅། །རྩ་བ་དང་ཡལ་གའི་བཤད་པ། །
 
དགེན་དཔལ་ལྡན་ལེགས་བཤད།
 
   དངོས་རྫས་ཤིག་གམ་བྱ་གཞག་ཅིག ཡང་ན་ཤིང་སྡོང་ཞིག་ལས་འཕྲོས་ཀྱང་རུང་སྟེ། འདིར་རྩ་བ་དང་ཡལ་གའི་བཤད་པ་ཅུང་ཟད་བྱའོ། །
   དང་པོ་དངོས་རྫས་ཤིག་གིས་མཚོན་ཏེ་བརྗོད་ན། ལྗོན་ཤིང་ལྟ་བུ་ས་འོག་ཏུ་ཟུག་ཅིང་ཆུ་འཐེན་ནས་དེའི་ཕྱི་ལོགས་སུ་བྱུང་བའི་སྡོང་པོ་སོགས་སྐྱེད་ཅིང་འཚོ་བར་བྱེད་པའི་ཆ་ལ་རྩ་བ་ཞེས་དང༌། དེར་བརྟེན་ནས་བྱུང་བའི་ཆ་གཞན་པ་ཀུན་ལ་ཡལ་ག་ཞེས་བརྗོད་ན་ཆོག དེ་གཉིས་ཀྱི་བར་ལ་དེ་ལས་དེ་བྱུང་གི་འབྲེལ་བ་ཞིག་ཡོད་པས་འབྱུང་གཞིའམ་གནད་ལྟ་བུར་གྱུར་པའི་རྩ་བ་དེ་ལེགས་པོར་གནས་ན་ཡལ་ག་ཚང་མའང་འཚོ་ཐུབ་བོ། །
  གཉིས་པ་བྱ་གཞག་ཅིག་གིས་མཚོན་ཏེ་བརྗོད་ན། དཔལ་འབྱོར་འཛུགས་སྐྲུན་ལྟ་བུའི་རྟེན་གཞིར་གྱུར་པའི་སློབ་གསོ་ནི་རྩ་བ་ཡིན་ལ། དེ་ལ་བརྟེན་ནས་ཐོན་པའི་འཚོ་བའི་མཁོ་ཆས་སོགས་ནི་ཡལ་ག་ཡིན། དེ་གཉིས་ཀྱི་བར་ལ་དེ་ལ་དེ་བརྟེན་གྱི་འབྲེལ་བ་ཞིག་ཡོད་པས་རྟེན་གཞི་དེ་ལེགས་པོ་ཞིག་དགོས། གོང་གི་དཔེར་བརྗོད་དེ་རིགས་ཀྱིས་བློ་སྒོ་ཡངས་པོར་ཕྱེ་སྟེ་སློབ་གྲྭ་ཞིག་གི་རྩ་བ་དང་ཡལ་གའི་སྐོར་བཤད་ན། སྤྱི་དང་བྱེ་བྲག་གཉིས་ལས།
  དང་པོ་བྱེ་བྲག་གི་སྐོར་ལ། ཉོག་ལ་མང་བའི་ཕྱི་འབྲེལ་ནི་ཡལ་ག་དང༌། གནད་འདུས་ཉུང་བའི་ནང་གི་དོ་དམ་ནི་རྩ་བའོ། །དགེ་རྒན་གྱི་རིག་གནས་སོགས་ཀྱི་ཆུ་ཚད་དང་སློབ་མའི་ཡིག་རྩ། སློབ་གཞིར་བཟུང་བའི་སློབ་དེབ་རྣམས་ནི་རྩ་བ་དང༌། ཕྱི་ཡི་གླེང་བརྗོད་དང་འཚོ་བའི་མཐུན་རྐྱེན། དུས་ཀྱི་འགྱུར་ལྡོག་ནི་ཡལ་གའོ། །སྲོལ་རྒྱུན་རིག་གནས་ཀྱི་ཞན་ཆ་འཚོལ་བ་ནི་ཡལ་ག་དང༌། དེ་རྒྱུན་འཛིན་གོང་སྤེལ་བྱེད་པའི་ལས་ལ་རེམ་པ་ནི་རྩ་བའོ། །ཕྱི་ཡི་མཛེས་ཆོས་ནི་ཡལ་ག་དང༌། ནང་གི་གད་དར་ནི་རྩ་བའོ། །ཁ་ཕོ་ཆེ་བའི་གཏམ་བཤད་མང་དྲགས་པ་ནི་ཡལ་ག་དང༌། དོན་ལ་འཁྱོལ་བའི་ལག་ལེན་ཡོད་པ་ནི་རྩ་བའོ། །དགེ་སློབ་ལས་བཟོ་བར་གྱི་ཉེ་འབྲེལ་བྱེད་པ་ནི་ཡལ་ག་དང༌། ཕན་ཚུན་ལ་བཅོས་མིན་གྱི་སྐྱོང་བཀུར་བྱེད་པའི་འབྲེལ་བ་ཞིག་ཆགས་པ་ནི་རྩ་བའོ། །སྲོལ་རྒྱུན་རིག་གནས་དང་གསར་དར་རིག་གནས་བར་གྱི་འགལ་ཟླ་དམིགས་འཛུགས་ནི་ཡལ་ག་དང༌། དེ་གཉིས་བར་གྱི་མཐུན་སྦྱོར་རྒྱུན་བསྲིང་ནི་རྩ་བའོ། །རྣམ་གཡེང་ཆེ་བའི་རྩེད་འཇོ་ལ་རོལ་པ་ནི་ཡལ་ག་དང༌། རང་འཁྲིའི་ལས་ལ་བློ་ཕུགས་བཅོལ་བ་ནི་རྩ་བའོ། །གཞན་རིགས་ལ་སྡང་བའི་གཏམ་སྤྱོད་ནི་ཡལ་ག་དང༌། རང་རིགས་ལ་གཅེས་པའི་ཞེན་སེམས་ནི་རྩ་བའོ། །
བློ་ལྡན་དུ་རློམ་པའི་མདོ་མེད་ནི་ཡལ་ག་དང༌། ཉམ་ཆུང་དུ་གནས་པའི་ཚུགས་ཐུབ་ནི་རྩ་བའོ། །དེ་སོགས་རྩ་བ་དང་ཡལ་གའི་སྐོར་མང་དུ་ཡོད་ཀྱང་གོང་སྨོས་ལྟར། སློབ་གྲྭ་ནང་གི་དོ་དམ་དང་སློབ་མ་གསོ་སྐྱོང༌། དགེ་རྒན་དང་སློབ་མ་སློབ་དེབ་བཅས་ཀྱི་སྤུས་ཀ  སྲོལ་རྒྱུན་རིག་གནས་རྣམས་རྒྱུན་འཛིན་གོང་སྤེལ། ནང་སེམས་ཀྱི་གཙང་སྦྲ། དོན་ལ་འཁྱོལ་བའི་ལག་ལེན། དགེ་སློབ་ལས་བཟོ་བར་གྱི་བཅོས་མིན་སྐྱོང་བཀུར། དུས་ཀྱིས་ཕྱེ་བའི་རིག་གནས་ཁག་གཉིས་ཀྱི་མཐུན་སྦྱོར། རང་འཁྲིའི་ལས་ལ་བློ་ཕུགས་བཅོལ་བ། རང་རིགས་ལ་གཅེས་ཞེན། རང་ཚུགས་ཐུབ་པ་བཅས་རྩ་བར་གྱུར་པའི་ལས་ལ་སློབ་གྲྭའི་དབུ་ཁྲིད་དང༌། བར་གྱི་དགེ་རྒན་ལས་བཟོ། འོག་གི་སློབ་མ་སུ་ཞིག་ཡིན་རུང་རང་འགན་འགྲུབ་ཕྱིར་རང་ནུས་ཕྱུང་དགོས་ལ། དེའི་འཕྲོ་ནས་འཇོན་ཐང་དང་ཁོམ་ལོང་ལྡན་པ་རྣམས་ཀྱིས་ཡལ་གའི་ལས་ལ་འབད་པར་བྱའོ། །
  གཉིས་པ་སྤྱི་ཁྱོན་ཆེ་ས་ནས་བཤད་ན། དབུ་ཁྲིད་རྣམ་པས་རང་འགན་ལྟར་ཕྱི་འབྲེལ་ལམ་ནང་གི་དོ་དམ་ལ་འབད་དགོས་ཤིང༌། དགེ་རྒན་གྱིས་ཀུན་སློང་བཟང་པོས་ཐོག་དྲངས་ཏེ་རང་ཉིད་མཁས་པར་བྱེད་ཅིང་སློབ་མ་གསོ་སྐྱོང་གི་བྱ་བར་ཅི་ནས་ཀྱང་བརྩོན་རྒྱུ་གལ་ཆེ་ལ། སློབ་མས་ཕུགས་ལམ་རྨ་མེད་པ་ཞིག་ཆགས་པར་བྱས་ནས་རང་ཉིད་ཕྱོགས་ཡོངས་ནས་ཡར་ཐོན་ཡོང་བའི་ཆེད་དུ་སློབ་སྦྱོང་ལ་བརྟུན་པ་སྐྱེད་དགོས་པ་ནི་རྩ་བའོ། །དེ་རྣམས་ཀྱི་ཞར་བྱུང་གི་ལས་རྣམས་ནི་ཡལ་གའོ།
  དེ་ལྟར་རྩ་བ་དང་ཡལ་གའི་ལས་ཀ་ཁག་སོ་སོར་ཕྱེད་ཅིང་རྩ་བ་མི་འཆོར་བར་བསྒྲུབས་ན་སློབ་གྲྭའི་རྩ་བ་བརྟན་ལ་ཞར་བྱུང་གི་བྱ་བ་ཇི་སྙེད་རང་བཞིན་གྱིས་འགྲུབ་ནས་ཡལ་ག་རྒྱས་པར་འགྱུར་བར་གོར་མ་ཆག
  མཐར་ཀུན་གྱིས་རྩ་བ་དང་ཡལ་གའི་དོན་ལ་མཁས་པར་གྱུར་ཅིག་ཅེས་པའི་སྨོན་པར་བཅས་དཔལ་ལེགས་ནས་ཕུལ། །
 
·རྩོམ་ཡིག་གོང་མ:ཐོལ་བྱུང་སེམས་ཀྱི་རླུང་བུ།
·རྩོམ་ཡིག་འོག་མ:སྡེ་དགེའི་མདུན་བྲོ།
འདྲ་ཕབ། 】 【 པར་འདེབས།
 འབྲེལ་ཡོད་རྩོམ་ཡིག
·སྐུ་དྲག་ཁང་གི་གཏམ་བཤད། 2014/8/18 11:59:07
·རྣམ་པ་རིང་ལུགས་ལ་དགའ་བའི་ང་ཚོ། 2014/4/28 18:52:31
·དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ།༢ 2013/10/5 19:55:37
·དགེ་བཅུའི་སྲོལ་ལ་རྒོལ་བའི་ལན་གཟུར་གནས་དགའ་བའི་གཏམ། 2013/10/5 19:54:13
·ཅོལ་ཆུང་ཁ་ཅིག་ལ། 2013/5/15 23:53:34
གསལ་བསྒྲགས།:དོ་དམ་པའི་དགོངས་འཁྲོལ་མེད་ཚེ། གང་འདོད་ལྟར་བསྐྱར་བཤུ་རྒྱག་པའམ་བརྒྱུད་འགོད་སོགས་བྱེད་མི་རུང་། གལ་སྲིད་དྲ་ངོས་སུ་ནོར་སྐྱོན་ཡོད་ན་སྐུ་ཉིད་ཀྱིས་འབྲེལ་གཏུགས་གནང་རོགས། ང་ཚོས་མྱུར་དུ་བཟོ་བཅོས་རྒྱག་ངེས།
 འབྲེལ་ཡོད་དཔྱད་བརྗོད།
 评论者:lbwnbrpdswn
ffi2zN  <a href="http://bdcpjooiovdd.com/">bdcpjooiovdd</a>, [url=http://bupjfcafyqyp.com/]bupjfcafyqyp[/url], [link=http://uvfwdromjpxu.com/]uvfwdromjpxu[/link], http://fbapgsnbmhjf.com/
发表时间:2016/6/21 18:34:51 [来自: 46.161.9.32]

འབྲེལ་ཡོད་དཔྱད་བརྗོད 1 འདུག,མིག་སྔར་རྩོམ་ཡིག་གསར་པ 3 འདུག    [དཔྱད་བརྗོད་མང་པོར་བལྟ་བ།] [དཔྱད་བརྗོད་སྤེལ་བ།]  
འབྲེལ་གཏུག་བྱ་ཡུལ། | ཐོ་འགོད་གསལ་བཤད། | མཛའ་འབྲེལ། | འགྲུལ་པའི་ཆེམས།
པར་དབང་། Copyright © 2007-2008 ཚངས་དབྱངས་དྲ་ཚིགས All Rights Reserved.
བོདICPཨང་།    ལག་བསྟར་དུས་ཚོད།58.59MS