ཐོལ་བྱུང་སེམས་ཀྱི་རླུང་བུ།
སོག་མདའ།
ཨ་རག་བཙན་པོ་ཁ་ལ་མ་རེག་དེང་སང་ཅུང་ཙམ་ལྷོད་ཁི་འདུག །
ཐ་མག་ནག་པོའི་དྲི་མ་མ་བསྣམས་དེང་སང་་ཅུང་ཙམ་འདར་ཁི་འདུག །
འགྲོགས་བཟང་བུ་མོས་རྒྱང་ནས་གཡུགས་པས་དེང་སང་ཅུང་ཙམ་སྨྲེང་གི་འདུག །
སྐད་འཕྲིན་གློག་གི་སྒོ་མོ་བརྒྱབ་པས་དེང་སང་ཅུང་ཙམ་ཁོམ་ཁི་འདུག །
ཁྱིམ་གྱི་ཆུང་མའི་ཤ་དྲོད་མ་རེག་དོ་དགོང་ཅུང་ཙམ་ལངས་ཀྱིན་འདུག།
གཅེས་པའི་བུ་ལོས་ཡིག་རྒྱུགས་མ་འཕྲོད་དེ་རིང་ཅུང་ཙམ་སྐྱོ་བཞིན་འདུག །
འགྲམ་གྱི་ཁྱིམ་མཚེས་མཁའ་ཁ་རྒོད་པས་དེ་རིང་ཅུང་ཙམ་ཁྲོ་བཞིན་འདུག །
གྲོགས་ཀྱི་དྭངས་མས་ཡང་ཡང་བསླུས་པས་དེ་རིང་ངོ་མའི་ཉོབ་ཀྱིན་འདུག །
ཡ་གའི་དཔོན་གྱི་གོ་ས་་རྙེད་པས་དེང་སང་ཀུན་གྱིས་བཀུར་གྱི་འདུག །
དགོས་འདོད་ནོར་གྱིས་འབུལ་བ་མང་པས་དེང་སང་ཕྱུགས་བདག་ཆགས་ཀྱི་འདུག །
ཟུར་བསྟེན་མཛའ་མོ་གང་དགོས་ལོན་པས་དེང་སང་གསར་རུ་འབར་གྱིན་འདུག །
རླུང་རྟ་རི་གསུམ་རྩེ་ནས་འཕུར་བས་དེང་སང་ཨ་ཕོ་སྐྱིད་ཀྱིན་འདུག །
ཨེ་ཛི་ན་ཚའི་ཀུན་ནས་གཙེས་པས་དེང་སང་ངོ་མའི་མནར་གྱིན་འདུག །
རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྕི་བས་དེང་སང་ངོ་མའི་ཕམ་གིན་འདུག །
དོན་མེད་མི་དགོས་་རྒྱུ་འབྲས་སྣོག་པས་དེང་སང་ངོ་མའི་འགྱོད་ཀྱིན་འདུག །
ནག་དོང་ཁྲིམས་ཀྱི་བཙན་བཀའི་འོག་ནས་དེང་སང་ངོ་མའི་མྱོང་གིན་འདུག །
དབྱངས་གསལ་གསེར་གྱི་ཀ་ཁ་བོར་བས་དེང་སང་མི་རིགས་འགྱུར་གིན་འདུག །
ཕ་སྐད་དངུལ་གྱི་ཕྲ་རྒྱན་འཐོར་བས་དེང་སང་སྦྲགས་སྐད་བཤད་ཀྱིན་འདུག །
རང་ཚུགས་གོར་མོ་བྲག་རི་གས་པས་དེང་སང་གཞན་མིར་ལོག་གི་འདུག །
གཞན་སེམས་སྙི་མོ་སེམས་པ་དཀྲུགས་པས་དེང་སང་སྨྱོ་ནད་བྱུང་གིན་འདུག །
ཕ་ས་སྣུམ་པོ་རྒྱང་ནས་བསྐྱུར་བས་དེང་སང་ལོ་མང་འགོར་གིན་འདུག །
སྐྲ་ལོ་ལན་བུ་དཀར་ཐིག་ལྷུང་བས་དེང་སང་ངོ་མའི་རྒས་གིན་འདུག །
རིང་ནས་གྱེས་པས་ཕ་ཡུལ་བསམ་ན་དེང་སང་ཧ་ཅང་དྲན་གྱིན་འདུག །
འདུ་བྲལ་སྒྱུ་མའི་རང་མདངས་བསམ་ན་དེང་སང་ཅུང་ཙམ་ཕན་གྱིན་འདུག །
གསེར་གྱི་ཉི་མ་གཞན་ཡུལ་བཞུགས་རུང་དེང་སང་འགྲོ་དོན་རྒྱས་ཀྱིན་འདུག །
དཔོན་པོ་བཟང་པོ་མི་ཡུལ་འཚོ་རུང་དེང་སང་འབངས་ཀྱིས་བཀུར་གིན་འདུག །
བླ་སློབ་དཔོན་འབངས་རང་སར་གྱེས་རུང་དེང་སང་དམ་ཚིག་གཙང་གིན་འདུག །
གཞིས་བྱེས་ལྷན་འཛོམས་ཉི་མ་སེར་པོ་དེང་སང་རྒྱུ་རྐྱེན་འཛོམས་ཀྱིན་འདུག །།
༢༠༡༥་༢་༡༠་ཉིན་རང་ཤག་ནས་བྲིས།།