ཁྱེད་དྲན་པའི་ངང་ཚུལ།
རྩོམ་པ་པོ། ཐེའུ།
དོ་དགོང་མཚན་ལམ་འདི་ཉིད་ལ་དགུ་རིང་མོ་སྟེ། །
དྲན་པས་དེད་ཀྱིན་དེད་ཀྱིན་ངལ་བའི་ཁུར་གྱིས་ནོན། །
རྒྱབ་རི་དམར་པོའི་ཕག་གི་སྙིང་གི་ཕྱེ་མ་ལེབ། །
གསང་བའི་ལྕགས་རིའི་ཀློང་ནས་བདག་འགྲམ་ནམ་ཡོང་ཀྱེ། །
དྲན་པའི་རྣོ་སྐུད་ཕྲ་མོས་བདག་གི་སྙིང་ཁར་བཙག །
མིག་ཆུ་རྒྱ་མཚོ་བསྐྱིལ་བས་ཞལ་རས་བམ་ཞིང་རིད། །
ངུ་སྒྲའི་རྣ་བར་གཟན་པོས་ཉིན་ཆད་མཚན་ཆད་མེད། །
ཁྱེད་ཉིད་དྲན་པ་འདི་ཉིད་མེ་རུ་དམར་པོ་འོ། །
མི་ཁའི་རླུང་བུ་ནག་པོ་ངར་ངར་མ་ལྡངས་ཤིག །
ཕ་མའི་བཀའ་བཀྱོན་དབྱུག་ཚན་ཚ་བེར་མ་བཞུ་རོགས། །
ཁོ་དང་ངེད་གཉིས་བར་གྱི་བརྩེ་བའི་ཕྲེང་བ་འདི། །
མི་ཆད་སྟོང་སྐུད་དམར་པོ་དགུ་ལ་བརྒྱུས་ནས་ཡོད། །
ཟླ་བའི་མདངས་ལྡན་བཞིན་རས་ལན་ཕྱིས་དུང་ཆུང་སྟེ། །
རྨི་ལམ་དམར་པོ་གསེབ་ནས་བདག་ངོར་གཅེར་ནས་གདའ། །
ཨ་མའི་གཤིས་རྒྱུད་འཇམ་པོ་བལ་གྱི་འདབ་མ་སྟེ། །
སྣང་བའི་རྟོག་པའི་ཡན་པོ་དལ་མེད་འཚུབ་ཆ་རྒོད། །
དམ་བཅའ་འགྱུར་བ་མེད་པའི་རིས་བྲིས་རྡོ་རིང་ཞིག །
སྔར་ནས་སྙིང་ལ་བཞེངས་པར་འཛུམ་གྱི་མེ་ཏོག་བཞད། །
མ་བརྡར་མཚོན་ལས་ངར་བའི་ལས་དབང་ནག་པོ་ལགས། །
བརྩེ་བའི་སེམས་རེ་ཡོད་ན་ངོ་ནག་མ་སྟོན་རོགས། །
༢༠༡༤ ༡༢ ༢༡ ཉིན་མེ་འཁོར་གྱི་རང་གི་ཉལ་ཁྲིའི་སྟེང་ནས་ཁེར་བུར་བྲིས་སོ། །