ཁྱེད་ཉིད་དྲན་པའི་ངང་ཚུལ།
གོས་དཀར་ཅན་ནས།
ཀྭ་ཡེ་སྙིང་སྡུག་མ་ཁྱེད་ད་ལྟ་གང་དུ་ཡོད་དམ།།
ཁ་སང་གོ་བདེ་བྱས་ན་གུས་པ་བདེ་བར་གནས་ཡོད།།
ག་བུར་སྨན་མཆོག་ཇི་བཞིན་ཁྱེད་ཀྱི་དྲི་བཟང་དེ་ནི།།
ང་ཡི་ཡ་ཆུང་སེམས་ནང་ཡུན་དུ་བརྗེད་པ་མི་འདུག།།
ཅ་ཅོ་འུར་ཟིང་ཆེ་བའི་ཕ་ཡུལ་གྲོང་གསེབ་འདི་ན།།
ཆ་ལུགས་འདྲ་མིན་ཅན་གྱི་བུ་མོ་འདྲ་མིན་འདུག་སྟེ།།
ཇ་འོ་ཇི་བཞིན་འདྲེས་པའི་རང་གཉིས་བརྩེ་དུང་དེ་ལ།།
ཉ་མོ་དེ་ཚོའི་མི་དགོས་སུས་ཀྱང་བསླུ་ཐབས་མི་འདུག།།
ཏ་ལའི་སྡོང་བཞིན་གནས་པའི་ཁྱེད་ཀྱི་སྐུ་ལུས་དེ་ནི།།
ཐ་མའི་ཇ་ཡུན་ཙམ་ཡང་མཇལ་བསྐལ་མེད་པས་སྐྱོ་བ།།
ད་སྐབས་ཕ་ཡུལ་ཕྱོགས་ནས་ལོ་གསར་སྟ་གོན་བྱེད་དུས།།
ན་ནིང་ལོ་གསར་དུས་ལ་མཉམ་འདུག་བྱས་པ་དྲན་སོང་།།
པ་ཕ་ཨ་མའི་གམ་དུ་སྐྱིད་པོ་བདེ་མོ་འདུག་སྟེ།།
ཕ་རོལ་བུ་དང་བུ་མོ་ལྷན་འཛོམ་ཡོད་པ་མཐོང་དུས།།
བ་གམ་ཐོག་བརྩིག་ནང་དུ་སྙིང་བྲལ་བའི་བུ་ང།།
མ་བུ་བྲལ་བའི་བུ་བཞིན་སེམས་ནང་སྡུག་གི་ཁེང་བྱུང་།།
ཙ་རི་སྨྱུག་གཞོན་འདྲ་བའི་སྙིང་སྡུག་ཁྱེད་ཀྱི་སྐུ་ལ།།
ཚ་གྲང་དམྱལ་བའི་སྡུག་བསྔལ་མིང་ཙམ་མེད་པའི་སྨོན་ལམ།།
ཛ་ཡའི་གསུང་རབ་བཀླགས་པའི་བྱིན་རླབས་རྒྱུད་ལ་སྨིན་སྟེ།།
ཝ་ལེར་བདེ་ཆེན་ཞིང་ལ་སྐྱེ་བའི་སྨོན་ལམ་བདེབ་ཡོད།།
ཞྭ་ལྷམ་རྒྱན་གོས་ཡོད་ཀྱང་གྱོན་བསམ་མེད་པའི་ང་རང་།།
ཟ་གྲོགས་ཁྱེད་རང་དྲན་ནས་ཟས་ལ་ཡི་ག་མི་འདུག།།
འ་ཅག་བརྩེ་དུང་འདི་ལ་དེ་འདྲའི་སྟོབ་ཤུགས་ཅན་ཞིག།།
ཡ་མེད་གཤེན་རྗེ་དེ་ཡིས་གནང་བ་མིན་ཅི་ཡིན།།
ར་གན་གསེར་བརྫུས་ཅན་གྱིས་འཆལ་གཏམ་རྗོད་ལི་མིན་ཏེ།།
ལ་ཆེན་བུ་ངའི་སྡུག་བསྔལ་ཁྱེད་ཀྱི་མཁྱེན་པ་ཡོད་ནམ།།
ཤ་མཆོག་སྙིང་དང་འདྲ་བའི་ང་ཡི་སྙིང་སྡུག་ཁྱེད་ལ།།
ས་མོས་ང་རང་ལུས་སེམས་ཡོད་ཚད་ཁྱེད་ལ་ཕུལ་ཡོད།།
ཧ་ཅང་ཡོད་སེམས་མཐུན་པའི་ང་ཡི་སྙིང་གི་ནོར་བུ།།
ཨ་གསར་མེད་པའི་ངང་ནས་ཡུན་དུ་བརྗེད་པར་མི་སྲིད།།