ཁྱོད་དྲན་པའི་ངང་ཚུལ།
ཚ་བ་སྒང་། ཤ་ཆང་གི་དགྲ་བོ།
རྟ་བདུན་དབང་པོ་ནུབ་རི་ཕག་ནས་ཡལ།།
ལ་ཁའི་སྤྱང་རྒན་ངུ་ཟུག་ཀྱུ་རུ་རུ།།
རོགས་མེད་བུ་ལོ་ཚང་ཚིང་མོད་པོ་ཁྲོད།།
ཁྱེད་ཀྱི་འཛུམ་མདངས་སེམས་ཀྱི་ཀློང་ནས་རྡོལ།།
རི་ཀླུང་ཚང་མ་གོས་དཀར་རྒྱན་གྱི་ཀླུབ།།
དེ་སྟེང་བསིལ་ཟེར་འོད་མདངས་འཕྲོས་པའི་ཚེ།།
སྔ་འདྲེས་བག་ཆགས་ཡ་མ་ཟུང་ཞིག་གིས།།
ཁྱེད་དང་མཉམ་དུ་འགྲོག་པའི་ངང་ཚུལ་དྲན།།
ལྷིང་འཇགས་དབེན་པའི་རྩྭ་ཐང་ཡང་མོ་ཐོག།
རྟ་ནོར་ལུག་གསུམ་དེེད་ནས་གང་སར་དུ།།
ཕན་ཚུན་བརྩེ་འཁྱུད་བྱེད་པའི་ངང་ཚུལ་སོགས།།
མ་བཅོས་ཁོ་བོས་སེམས་སུ་འཆར་འདི་ཅི།།
བརྩེ་བའི་འོ་ཆུ་གཅིག་འདྲེས་ཁྱེད་ཉིད་ལ།།
སྐྱིད་དུས་གླུ་དབྱངས་གྱེར་བའི་ངང་ཚུལ་དྲན།།
སྡུག་དུས་སྨྲེ་ངག་བཤད་པའི་ངང་ཚུལ་དྲན།།
ཁྱེད་མེད་སྐྱིད་སྡུག་གླིང་ས་སུ་ལ་བྱེད།།
མདོ་སྨད་ཚ་བའི་གམ་མ་ལ་མོ་རྩེར།།
དགུན་གྱིས་གྲང་རླུང་ཇི་འདྲའི་གཟེར་ན་ཡང་།།
ཁྱེད་རང་འགྲོ་སའི་ལམ་འཕྲང་ཀྱ་ཀྱོག་ངོག།
ཁྱེད་ཀྱི་གཟུགས་བརྙན་སྒུག་པ་ལན་འགར་མིན།།
ཁོ་བོར་འཕུར་བའི་གཤོག་རྩལ་དབེན་ན་ཡང་།།
དགུང་སྔོན་དབྱིང་གི་ཐང་དཀར་རྒོད་པོ་ཡི།།
གཤོག་སྒྲོར་བརྟེན་ཏེ་ཁྱེད་ཀྱི་གཞུག་གནས་སུ།།
འཕུར་བསམ་སེམས་ཀྱི་ཁང་པའི་དཀྱིལ་ནས་རྡོལ།།
སྔ་འདྲེས་སེམས་ཀྱི་བག་ཆགས་ཟློག་ཐབ་བྲལ།།
དེས་རྐྱེན་དམར་ཆུང་སྙིང་ལ་རྨ་ཁ་བཟོས།།
ད་ཆར་ཡོད་ཚད་སྟོངས་བའི་སོ་ཁ་ནས།།
དྲན་པའི་ངང་ཚུལ་ཐར་ཐོར་སྨྱུག་རྩེར་ལུད།།