ཁྱོད་དྲན་པའི་ངང་ཚུལ།
རིགས་འཚོབ་པས།
མག་མོག་གི་ལོ་ཟླའི་འཁོར་ལོ་དེ། མྱ་ངན་དང་སྨྲེ་སྔགས་ཀྱི་ཀློང་ལ་འཁོར་གྱིན། ཁྱོད་ཉིད་ཀྱི་དགྱེས་འཛུམ་དེ། ཁོ་བོའི་ཡིད་ངོས་སུ་ཝ་ལེར་འཆར་གྱིན། སྙན་ངག་གི་ལམ་ནས། གདངས་དབྱངས་ཀྱི་ཚུལ་དུ། སྡུག་སྐད་ལྷང་ལྷང་དུ་འདོན་པ་འདི། ཁྱོད་ཉིད་དྲན་པའི་གདུང་བ་ཡོད་ཚད་ཡིག་འབྲུ་གྱི་ལམ་དུ་བསྟར་འདོད། ངས་ཅི་ཕྱིར་འདི་ལྟར་འབྲི་ཞེ་ན། ཁྱོད་དང་འུ་གཉིས་ཀྱི་གཏམ་རྒྱུད་རིང་མོ་དེ་ཁོ་བོའི་སེམས་ལ་གཏན་དུ་གནས་ཡོད། དུས་རྟག་ཏུ་དྲན་གྱིན་ཡོད། མི་ལོ་བཅུ་ཕྲག་སྔོན་གྱི་གཏམ་རྒྱུད་ཅིག དུས་ད་ལྟའང་སེམས་ཐོག་ལ་གསར་པ་གསར་རྐྱང་དུ་གནས་ཡོད། དེ་རིང་ཁྱོད་དྲན་པའི་ངང་ཚུལ་ཐ་ཐོར་ཞིག་གླེང་ན་འདོད། དེ་ནི་ཁོ་བོ་ལ་བརྩེ་དུང་གིས་བསྟབས་པའི་ན་ཟུག་ཅིག་རེད། ཁྱོད་ཀྱི་ཁོ་བོ་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་དང་། མངོན་ལྐོག་མེད་པའི་དུང་བ། འབྲལ་མི་ཕོད་པའི་ཕྱི་ཐག་དང་། སྲན་མི་ཚུགས་པའི་འཁྲེང་སེམས། བརྗེད་པར་དཀའ་བའི་བྱམས་བརྩེ་སོགས་ཁོ་བོའི་ཡ་ཆུང་སེམས་ཀྱི་སྦུབས་སུ་རུམ་ནས་ཡོད་ལ། དམར་ཆུང་སྙིང་གི་དཀྱིལ་དུ་བསྟིམས་ནས་ཡོད། ཁྱོད་མེད་པའི་ཉི་མ་འདི་ཅི་འདྲ་རིང་བ་ཞིག་རེད་ལ། ཁྱོད་མེད་པའི་ཁུ་སིམ་གྱི་འཚོ་བ་འདིའང་ཇི་འདྲའི་ཡིད་དུ་མི་འོང་བ་ཞིག་རེད་ཨང་། ཁྱོད་དྲན་པའི་ལོ་དང་ཟླ་བ། ཞག་དང་ཟ་མ། མིག་ཆུ་ཡི་ཕྲེང་ཐག་བསྟར་ཞིང་། ངུ་ངག་གི་སྐྱོ་དབྱངས་འཐེན་ཞོར། སྙན་ངག་གི་དབྱངས་རྟ་རེ་རེ་གྲུབ་ཀྱིན་ཡོད། ཁོ་བོ་ལ་མྱ་ངན་གྱི་ཟུག་རྔུ་འདི་འདྲ་ཞིག རྒྱུན་ཆད་མེད་པའི་ངུ་ངག་འདི་ནི་བརྩེ་དུང་གིས་ང་ལ་གནང་བའི་ལག་འབབ་དེ་རེད་ལ། སྨན་དཔྱད་ཀྱིས་བཅོས་སུ་མེད་པའི་སེམས་གཅོང་འདིའང་བརྩེ་བས་གནང་བའི་ལག་རྟགས་དེ་རེད། ཉིན་མོ་ལ་ཟས་ཀྱང་མི་འགྲོ་ཞིང་། མཚན་མོ་ལ་གཉིད་ཀྱང་མེད་པའི་མི་ཚེ་འདི་ཇི་འདྲའི་ཡིད་ལ་གཟན་འོང་བ་ཞིག་རེད་ཨང་། ཁྱོད་མེད་པའི་མི་ཚེ་འདི་སྙིང་པོ་མེད་པ་ཆུ་བུར་རེད་ལ། ཁྱོད་མེད་པའི་འཚོ་བ་འདི་དྲོ་བ་དབེན་པའི་རྟུག་པ་རང་རེད་བཞག ཁྱོད་རང་རིང་དུ་གྱེས་པའི་ཉིན་དེ་ནས་བཟུང་སྟེ། ཁོ་བོ་ལ་དགའ་བའི་བགོད་སྒྲ་སྒྲོག་པའི་དུས་ཤིག་ཚེས་མ་མྱོང་ལ། སྐྱིད་ནས་འཛུམ་དམུལ་སྟོན་པའི་དུས་ཤིག་ཀྱང་ཤར་མ་མྱོང་། མི་ལོ་བཅུ་ཕྲག་སྔོན་གི་གཏམ་རྒྱུད་དེ་ཁོ་བོའི་སེམས་ཀྱི་མེ་ལོང་ངོགས་སུ། གསལ་ལམ་མེར་གནས་ཡོད་ལ། དྲན་ལྷང་ལྷང་དུ་འཚོ་ཡོད། ཁྱོད་ནི་ཁོ་བོའི་སེམས་ལ་ནམ་ཡང་གཞོམ་དུ་མེད་པའི་ལོ་རྒྱུས་ཀྱི་རྡོ་རིང་ཞིག་རེད་ལ། དུས་ནམ་ཡང་སྙིང་ཐོག་ལ་འཚེར་བའི་འོད་སྣང་ཞིག་ཀྱང་རེད། ཇི་སྲིད་ལ་ཡོལ་དུ་མེད་པའི་སྡུག་བསྔལ་འབའ་ཞིག་ཀྱང་རེད་ཨང་། སྤྱི་ལོ་༢༡༥ལོའི་ཟླ་བ་༢པའི་ཚེས་༡༠ཉིན་རིགས་འཚོབ་པས་ཉིན་གུང་ལས་ཀའི་བར་གསེང་དུ་བྲིས་པའོ།།
|
|